中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > སློབ་གསོའི་མི་སྣ། >
༄༅།། སྙན་ངག་པ་རྟ་མགྲིན་མགོན་པོ།
དུས་ཚོད།2016-08-18 16:10:01     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ། རྩོམ་པ་པོ། རིག་འཛིན་ཚེ་རིང་།    ཆུང་། | འབྲིང་། | ཆེ།
    རྟ་མགྲིན་མགོན་པོ་ནི༡༩༣༤ལོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་གཏོགས་པའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འགྲམ་དཔོན་ཚང་ནང་ཞེས་པའི་སྡེ་བར་སྐྱེས། ཁོང་ཉིད་ན་ཚོད་ཆུང་བའི་དུས་ནས་འཆར་སྒོ་གསལ་ཞིང་རིག་པ་རྣོ་བས་ཕ་རྒན་གྱིས་ཆེད་དུ་ལོ་བདུན་གྱི་སྟེང་ནས་སློབ་ཆུང་དུ་བསྐྱལ། དེ་ནས་སློབ་ཆུང་དང་སློབ་འབྲིང་། དམའ་རིམ་དགེ་ཐོན་སློབ་གྲྭ་རུ་བོད་རྒྱ་སྐད་ཡིག་སོགས་ལ་རང་ནུས་ཡོད་དགུས་འབད་འབུངས་བྱས་ཏེ་སྦྱངས་འབྲས་ཉམས་དགའ་བ་ཞིག་བླངས་ནས་སློབ་མཐར་ཕྱིན། ༡༩༤༩ལོའི་ཟླ༡༠བར་གླུ་གར་ཚོགས་པའི་ནང་དུ་ཞུགས་ནས་གྲོང་ཁྱེར་ལན་གྲུ་རུ་འཁྲབ་སྟོན་བྱས་ནས་ཅང་མ་འགོར་བར། ཁོང་ཉིད་ཡེ་ཀྲན་ཅུན་ཆབ་སྲིད་པུའུ་ཡིས་དམིགས་སུ་བཙུགས་པའི་སློབ་གྲྭ་སྟེ་བོད་དམངས་སློབ་གྲྭ་རུ་མངགས་ནས་སློབ་སྦྱོང་བྱེད་དུ་བཅུག ལོ་ངོ་གཅིག་གི་རིང་ལ་སློབ་གྲྭ་དེ་གར་ཆབ་སྲིད་རིག་པའི་རྒྱུན་ཤེས་དང་བོད་རྒྱ་སྐད་ཡིག་སོགས་ལ་སློབ་སྦྱོང་བྱས་རྗེས། སྐབས་དེའི་བྱ་བའི་དགོས་མཁོའི་དབང་གིས་ཁོང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ནང་དུ་བསྐོ་བཞག་བྱས་ནས་སློབ་ཁྲིད་དང་ཡིག་སྒྱུར་བྱ་བའི་འགན་བསྐྱོན། ༡༩༥༣ལོར《ཀན་སུའུ་རིག་རྩལ》ཞེས་པའི་དུས་དེབ་གསར་དུ་བཏོན་པ་དང་། དེའི་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་ཞིག་གིས་ཁོང་ཉིད་ལ་བོད་ཀྱི་དམངས་གླུ་འགའ་རྒྱ་ཡིག་ཏུ་བསྒྱུར་རྒྱུའི་སྐུལ་མ་བཏང་བར་བརྟེན། ཉིད་ཀྱིས་ཀྱང་ཁས་བླངས་ནས་ལས་གཞི་འདི་སྤེལ་འགོ་བརྩམས། ཐོག་མར་དམངས་གླུ་ཚན་པ་གཉིས་བསྒྱུར་ནས《ཀན་སུའུ་རིག་རྩལ》གྱི་སྟེང་དུ་བཀོད། དེ་ནས་བཟུང་ཁོང་གི་རེ་ཞེན་ཇེ་ཆེ་དང་རྩོམ་པའི་གཞུང་ལ་འཇུག་པའི་བློ་སྟོབས་མཐོ་རུ་བསྐྱེད་དེ། དམངས་ཁྲོད་ཀྱི་རྩོམ་སྟངས་གཞི་བྱས་ནས་ལེགས་བཅོས་གསར་རྩོམ་མཛད་པའི་དོན་བརྗོད་སྙན་ངག་རིང་གྲས《ལྷ་ཡུལ་དང་ཀླུ་མོ་འཚོ》ཞེས་པ་དེ《ཀན་སུའུ་རིག་རྩལ》གྱི་སྟེང་བསྟུད་མར་བཀོད་ནས་རྒྱ་བོད་སོག་གསུམ་གྱི་ཀློག་པ་པོ་གང་མང་གི་མིག་གི་དགའ་སྟོན་དུ་ཕུལ། དེ་ནས་ཀྲུང་གོའི་ན་གཞོན་དཔེ་སྐྲུན་ཁང་གིས་དཔར་དུ་བཏབ་པའི《ན་གཞོན་གསར་རྩོམ་གཅེས་བསྡུས》ཞེས་པའི་ནང་དུ་བདམས་རྗེས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་སྙན་ངག་སྨྲ་བ་གང་མང་གི་བསྔགས་བརྗོད་དང་མཐོང་ཆེན་བྱ་ཡུལ་དུ་གྱུར། སྙན་རྩོམ་དེ་ནི་བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་ཅིག་གི་བརྗོད་བྱ་གཞིར་བཟུང་བའི་རྨང་གཞིའི་སྟེང་སྒྱུ་རྩལ་གྱི་མཚོན་ཐབས་གསར་བ་སྤྱད་དེ། སྲོལ་རྒྱུན་གྱི་འདུ་ཤེས་དང་གོམས་སྲོལ་རྙིང་བའི་འཆིང་རྒྱ་ལས་ཐར་ཞིང་བདེ་སྐྱིད་ཀྱི་འཚོ་བ་དང་མ་འོངས་པར་རེ་སྨོན་གྱིས་ཕྱུག་པའི་ང་ཚོའི་མི་རིགས་འདིའི་གཞོན་ནུ་ཁྲི་སྟོང་མང་བོའི་ཚབ་བྱེད་མི་སྣ་སྟེ། ལྷ་ཡུལ་དང་ཀླུ་མོ་འཚོའི་བརྩེ་དུང་གི་མེ་ཏོག་བཅོམ་པར་སྙིང་རྗེའི་མིག་ཆུ་བཏོན་ཞིང་རྒོལ་ཡོད་པས་ངར་སྐད་བསྒྲགས་པ་དང་། ཕོ་མོ་གཞོན་ནུ་མང་བོས་རང་དབང་གི་གཉེན་སྒྲིག་བརྩོན་ལེན་བྱེད་པའི་བཅོས་མིན་གྱི་བརྩེ་དུང་ལ་བསྟོད་གླུ་བླངས་ཡོད་པས། སྙན་རྩོམ་དེ་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་དུས་རབས་ཀྱི་དོན་སྙིང་མཆིས་པ་དང་། གོ་སླ་ཞིང་དབྱངས་ཀྱི་འགྱུར་ཁུག་གསལ་བའི་དགེ་མཚན་ལྡན་པས་ཁོང་གི་ཚབ་བྱེད་བརྩམས་ཆོས་སུ་བརྩི།
    ༡༩༥༦ལོར་ཁོང་ཉིད་རྒྱལ་ས་པེ་ཅིང་དུ་བསྡུས་པའི་རྒྱལ་ཡོངས་ཀྱི་ན་གཞོན་རྩོམ་རིག་གསར་རྩོམ་གྱི་ཚོགས་ཆེན་ལ་ཞུགས། ཁོང་གིས་དུས་ནམ་ཡང་གོ་སྐབས་ཕྲན་ཙམ་ཡང་ཆུད་ཟོས་སུ་མི་གཏོང་བར་སེམས་ཤུགས་ཡོད་དགུ་རྩོམ་རིག་གསར་རྩོམ་གྱི་སྟེང་དུ་ཕུལ། ལོ་དེར་ཁོང་ཉིད་ཀྱིས་བརྩམས་པའི《ངོ་མཚར་བའི་ཁྲིམས་ལུགས》 《ཡན་པེན་ལ་གུས་འདུད་ཞུ》 ཞེས་པའི་སྙན་རྩོམ་དེ་དག་རིམ་པ་བཞིན་དུ《ཀན་སུའུ་རིག་རྩལ》དང《ཡན་ཧོ》《ཡན་པེན་ཉིན་རེའི་གསར་འགྱུར》སོགས་ཀྱི་སྟེང་དུ་བཀོད་དེ། རིས་མེད་ཀྱི་ཀློག་པ་པོ་གང་མང་དྲི་ལྡན་མེ་ཏོག་རྒྱང་རིང་ཡང་།  བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་ཅེས་པ་ལྟར་རིང་ནས་བཀུགས།
    ༡༩༥༧ལོ་ནས༡༩༥༩ལོར་ཁོང་ཉིད་ཀྱིས་དཔེ་ཁྲིད་དང་ཡིག་བསྒྱུར་གྱི་བྱ་བའི་ཞོར་དུ《རྫི་བོའི་གཏམ་ལན》དང་ལོ་རྒྱུས་མཚོན་པའི་སྙན་ངག་དང་སྤྲོ་བའི་ལེ་ཚན་སོགས་གསར་རྩོམ་མཛད་དེ《ཀན་སུའུ་རིག་རྩལ》དང《ཡན་ཧོ》 《མི་རིགས་མཐུན་སྒྲིལ།》《བཟོ་ཞིང་རིག་རྩལ》སོགས་ཀྱི་དུས་དེབ་སྟེང་བཀོད་པ་མ་ཟད། ད་དུང་ཁོང་ཉིད་པེ་ཅིན་དུ་བསྡུས་པའི་རྒྱལ་ཡོངས་དམངས་ཁྲོད་རྩོམ་རིག་གྲོས་ཚོགས་སུ་ཞུགས་པ་དང་། ལོ་དེར་ཁོང་ཉིད་ཀྲུང་གོའི་དམངས་ཁྲོད་རིག་རྩལ་ཞིབ་འཇུག་ཚོགས་པའི་ཚོགས་མིའི་ནང་དུ་བདམས། དེའི་ཕྱིར་ཁོང་གིས་མི་རིགས་ཀྱི་རྩོམ་རིག་ལ་བཅངས་པའི་སྤྲོ་སེམས་སྔར་ལས་ཇེ་ཆེར་གྱུར་ལ་གཡུར་དུ་ཟ་བའི་འབྲས་བུའང་སྨིན། སྔ་གཞུག་ཏུ《རྫི་བོའི་གླིང་སྒྲ་རྒྱང་དུ་གྲགས་པ》དང《རྒྱ་མཚོའི་བག་ཆགས》སོགས་གསར་རྩོམ་མཛད་ནས《ཀན་སུའུ་རིག་རྩལ》གྱི་སྟེང་དུ་བཀོད་པ་དེ་རིགས་ལ་བརྗོད་བྱ་དང་རྗོད་བྱེད། སྒྱུ་རྩལ་གྱི་རྣམ་པ་བཅས་གང་ཅིའི་ཆ་ནས་ཕུན་སུམ་ཚོགས་པས་ཞིང་ཆེན་ཕྱི་ནང་གི་རྒྱ་བོད་ཀློག་པ་པོ་རྣམས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་མཁའ་ལ་གཏོར། ཁོང་ཉིད་སྨག་མུན་འཇོམ་པའི་སྒྲོན་མེ་ཞིག་དང་འདྲ་བར་སྐབས་དེའི་གངས་ཅན་མཐོ་སྒང་གི་ཡུལ་གྲུ་འདིར་ཁོས་ཐོག་དང་བོར་རེ་བའི་འོད་སྣང་བསྩལ་བ་མ་ཟད། ཁོང་ནི་ལོ་རབས་ལྔ་བཅུ་བའི་ནང་དུ་དེང་རབས་བོད་ཀྱི་རྩོམ་རིག་གི་ལམ་སྣ་འདྲེན་པའི་དེད་དཔོན་ལྟ་བུར་ཡང་གྱུར།
༡༩༦༣ལོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་འཁོར་བཅུ་ལོན་པའི་བཀྲ་ཤིས་པའི་དགའ་སྟོན་གྱི་ཉིན་མོར། ཁོང་གིས་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་་ཞུ་ཆེད《ཕ་ཡུལ་ལ་ཕུལ་བའི་མེ་ཏོག་ཆུན་པོ》ཞེས་པའི་སྙན་རྩོམ་རིང་མོ་ཞིག་གསར་རྩོམ་མཛད་ནས《ཀན་སུའུ་ཉིན་རེའི་གསར་འགྱུར》གྱི་སྟེང་དུ་བཀོད། རྗེས་སུ་ཀན་སུའུ་མི་དམངས་དཔེ་སྐྲུན་ཁང་གིས་ཀྱང་ཀན་ལྷོའི་འཁྲུངས་སྐར་ལ་ཆེད་དུ《གསེར་མདོག་ལྡན་པའི་རྟ་མཆོག》ཅེས་པའི་སྙན་རྩོམ་ཕྱོགས་བསྡུས་ཤིག་དཔར་དུ་བཏབ་ནས་རྟེན་འབྲེལ་ཞུས་པར། ཁོང་གི་སྙན་རྩོམ་མང་ཆེ་བ་བདམས་ནས་བཀོད་ཡོད།
    ཡིན་ནའང་བྱས་རྗེས་ཀྱི་མདུན་དུ་ཁོང་ལ་ང་རྒྱལ་སྤུ་ཙམ་ཡང་མེད་པར་སྙིང་སྟོབས་ཆེར་བསྐྱེད་ཀྱིས་དེང་རབས་བོད་ཀྱི་རྩོམ་རིག་གོང་དུ་སྤེལ་བར་སེམས་ཤུགས་ཡོད་དགུ་བཏོན། ༡༩༧༠ལོར་གཡོན་ལྷུང་བསམ་བློའི་རླབས་རྒྱུན་གྱི་དུག་རླངས་ཀྱིས་མི་རིགས་སློབ་གྲྭ་ཆེན་མོ་མང་ཆེ་བ་སྔ་གཞུག་ཏུ་མེད་པར་བཏང་བ་དང་ཆབས་ཅིག ནུབ་བྱང་ས་ཁུལ་དུ་བཙུགས་སྔ་ལ་རྒྱ་ཁྱོན་ཆེ་བའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའང་རེ་ཞིག་སློབ་མཚམས་བཞག་པར་བརྟེན། ཉིད་ཀྱིས་ཀྱང་སྐབས་དེར་ལས་གནས་སྤོར་ནས་རང་གི་ཕ་ཡུལ་ཀན་ལྷོ་རུ་ལོག་ཡོང་། ༡༩༧༥ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་ཁོང་ལ་རེ་སྐུལ་གནང་སྟེ། 《གསེར་འོད་ཀྱི་ལམ་ཆེན》ཞེས་པའི་སྒྲུང་གཏམ་རིང་མོ་ཞིག་བོད་ཡིག་ཏུ་བསྒྱུར་རྒྱུའི་འགན་བཅོལ་ཚེ། ཁོང་གིས་ཐུགས་བརྩེ་བས་ཁས་བླངས་ཏེ་ལས་ལ་བརྩོན་པའི་དགོངས་པ་བཅངས་ནས་ལོ་ངོ་གཉིས་ཀྱི་རིང་ལ་བསྒྱུར་ཏེ་ཕལ་ཆེར་འགྲུབ་ལ་ཉེ་དུས་སྒྲུང་གཏམ་དེ་ཆབ་སྲིད་འགྱུར་ལྡོག་གི་རྐྱེན་གྱིས་སྒྱུར་མཚམས་མི་འཇོག་ག་མེད་བྱུང་། ཡིན་ནའང་སྒྲུང་གཏམ་རིང་བོ་དེ་བསྒྱུར་བ་ནས་བཟུང་ཁོང་ཉིད་ཀྱི་བོད་ཡིག་གི་ཆུ་ཚད་སྔར་ལས་ཇེ་མཐོར་སོང་ནས་ཡིག་བསྒྱུར་གྱི་ནུས་པའང་སྔོན་ལས་ལྡབ་འགྱུར་གྱིས་གོང་དུ་འཕར། ༡༩༧༨ལོ་ནས་གོང་རིམ་རྩ་འཛུགས་ཀྱིས་ཁོང་ལ་རིག་གནས་སྡེ་ཁག་གི་སྲིད་འཛིན་འགོ་ཁྲིད་པའི་འགན་སྤྲད་ནས་རིག་གནས་ཀྱི་བྱ་བ་བསྒྲུབ་ཏུ་བཅུག ཁོང་གིས་ཀྱང་མུ་མཐུད་དུ་བརྩོན་འགྲུས་ཀྱི་རྟ་མཆོག་ལ་ལྕག་གིས་སྐུལ་ནས་ཁུལ་གྱི་རིག་གནས་སྒྱུ་རྩལ་གྱི་ཕྱོགས་ལ་ཕྱག་རྗེས་ཆེན་པོ་བཞག་ལ། སྒོས་སུ་ཡུལ་དེ་གའི་མང་ཚོགས་ཀྱི་རིག་གནས་བྱ་བར་དེ་བས་ཀྱང་ཐུགས་ཁུར་ཆེན་པོ་མཛད་མྱོང་། དེ་ནས་ཁོང་གིས་ཀན་ལྷོ་ཁུལ་དམངས་ཆེན་གྱི་ཀྲུའུ་རེན་གཞོན་པའི་འགན་བཞེས་ནས་རང་ཉིད་ཀྱི་ཤེས་རབ་དང་ཡོན་ཏན་ཐམས་ཅད་རྒྱལ་ཁབ་དང་མི་རིགས་ཀྱི་རྗེས་རབས་པ་རྣམས་ལ་ཕུལ།
     དགེ་རྒན་རྟ་མགྲིན་མགོན་པོ་ནི་ངེས་པ་དོན་གྱི་སྙན་ངག་པ་ཆེན་པོ་ཞིག་ཡིན་ལ་བོད་རྒྱ་སྐད་རིགས་གཉིས་ལ་མཁྱེན་རྒྱ་ཡངས་པའི་མཁས་པ་ཆེན་པོ་ཞིག་ཀྱང་ཡིན་པས། ཁོང་གིས་སྔ་གཞུག་ཏུ་ཀན་ལྷོ་རིག་གནས་སྒྱུ་རྩལ་རྩ་འཛུགས་ཀྱི་འགོ་ཁྲིད་པའི་གཙོ་འགན་བཞེས་མྱོང་ལ། ཀན་ལྷོ་ཁུལ་རིག་གནས་བདག་དམ་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་པའི་འགན་ཡང་བཞེས་མྱོང་བ་མ་ཟད། རྒྱལ་ཡོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཀན་ལྷོ་ཁུལ་ན་གཞོན་སྙན་ངག་སློབ་ཚོགས་ཀྱི་སྤྱི་ཁྱབ་བློ་འདོན་པ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་སྟེ། རིག་གནས་སྒྱུ་རྩལ་ལས་དོན་ལ་སྔ་ན་མེད་པའི་ཕྱག་རྗེས་བཞག་པ་མིག་མཐོང་ལག་ཟིན་དུ་གྱུར་ཡོད་པས་སུས་ཀྱང་བསྙོན་དུ་མེད། ཁོང་གིས་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་གི་སྙིང་བཅུད་དང་ལེགས་ཆ་བསྡུ་ལེན་བྱས་ཏེ་རང་ཉིད་ཀྱི་གསར་རྩོམ་ལ་ཟུར་བརྒྱན་ཏེ། ཉམས་འགྱུར་སྟོང་གི་གཟི་བྱིན་འབར་བའི་ཕྱག་རྩོམ་རབ་དང་རིམ་པ་ཞིག་གངས་ལྗོངས་སྐྱེ་འགྲོ་ཡོངས་དང་ཀློག་པ་པོ་ཁྲི་ཕྲག་དུ་མའི་འདྲེན་བྱེད་དབང་བོའི་སྤྱོད་ཡུལ་དུ་བསྟར།
    སྐུ་ཚེའི་སྨད་དུ་ཁོང་ལ་བསྙུང་གཞི་ཕོག་སྟེ་ཡིད་སྐྱོ་བའི་གནས་སུ་ལྷུང་ནའང་། དགེ་རྒན་རྟ་མགྲིན་མགོན་པོས་སྔར་བཞིན་གཞུང་ཞབས་ཀྱི་ལས་དོན་དང་མི་རིགས་ཀྱི་བདེ་སྡུག་ཉིན་གཅིག་ལའང་ཡིད་ནས་མ་དོར་བར། གསར་རྩོམ་དང་རིག་གཞུང་ཞིབ་འཇུག་ལ་མི་ལྡོག་པའི་བརྩོན་པ་བསྲིངས་ཏེ་འབད་སྦྱངས་བྱས་པར་བརྟེན། མིའི་རིགས་ཐུན་མོང་གི་རིག་གནས་ཀྱི་འཁྱེར་སོ་ལས་མཆེད་དེ་འོངས་པའི་སྙན་ངག་གཅེས་བཏུས་ཏེ《གཙོད་ཁྲོམ་སྲང》དང《ཆུ་ཕྲན་གྱི་འབབ་རྒྱུན་གཅེས་བཏུས》སོགས་ཕྱི་རབས་ཀློག་པ་པོ་དག་གི་ལ་རྒྱ་དང་སེམས་ཀྱི་རྒྱགས་བྱེ་རུ་གནང་བྱུང་བ་ནི་ང་ཚོའི་བསོད་ནམས་ཀྱི་བགོ་སྐལ་འབའ་ཞིག་ཏུ་གྱུར་ཡོད། ༡༩༩༤ལོར་དགེ་རྒན་རྟ་མགྲིན་མགོན་པོ་ལགས་ཀྱི་སྙན་ངག་གསར་རྩོམ་དཔྱད་གླེང་གྲོས་ཚོགས་གཙོས་མི་རིགས་དགེ་ཐོན་ཆེད་སྦྱོང་སློབ་གླིང་དུ་གཟབ་རྒྱས་ངང་ཚོགས་ཏེ། ཀན་ལྷོ་ཁུལ་དང་ཞིང་ཆེན་ཕྱི་ནང་གི་རྒྱ་བོད་མཁས་པ་མང་བོས་མགྲིན་གཅིག་ཏུ་དགེ་རྒན་ཁོང་གི་ཕྱག་རྩོམ་ནི་མི་རིགས་ཀྱི་རང་གཤིས་དང་ཁྱད་ཆོས་འབུར་དུ་ཐོན་པ་མ་ཟད། དུས་རབས་གསར་བའི་གསུང་གི་མཛད་པ་ཀུན་གྱི་ཡང་སྙིང་དང་ད་དུང་རིན་ཐང་གཞལ་དུ་མེད་པའི་ནོར་བུ་ཞིག་ཡིན་ཞེས་གདེང་འཇོག་ཚད་མཐོན་པོ་གནང་། ཁོང་ནི་བོད་གངས་ཅན་གྱི་སད་སྔ་བའི་གླུ་བ་ཐོག་མ་ཡིན་ལ། ཀྲུང་ཧྭ་མ་མའི་ངག་རིག་མཁན་པོ་དག་གི་གྲས་ཀྱི་གཅིག་ཀྱང་ཡིན། །
( ༢༠༡༠ལོའི་ཟླ༡༢ཚེས༣༡ཉིན་གྱི《ཀན་ལྷོའི་གསར་འགྱུར》ལས་བཏུས། བཟོ་བཅོས་ཕྲན་ཙམ་བརྒྱབ་ཡོད།)
རྩོམ་སྒྲིག་པ། ཡུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།