中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > སློབ་གསོའི་མི་སྣ། >
༄༅།། གསོ་རིག་སློབ་གསོ་བ་ཤེས་རབ་རྒྱ་མཚོ།
དུས་ཚོད།2016-08-31 15:36:13     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ། རྩོམ་པ་པོ། ཨ་པཎ།    ཆུང་། | འབྲིང་། | ཆེ།
   རང་ཁུལ་དེང་རབས་ཀྱི་གསོ་རིག་སློབ་གསོའི་སྲོལ་འབྱེད་མཁན་ནམ་གསོ་རིག་སློབ་གསོའི་ཕྱག་སྲོལ་བཟང་བོའི་རྒྱུན་སྐྱོང་མཁན་དགེ་རྒན་ཆེན་མོ་ཤེས་རབ་རྒྱ་མཚོ་མཆོག་ནི་སྤྱི་ལོ1938ལོར་ཀན་ལྷོ་ཁུལ་ཅོ་ནེ་རྫོང་ཁོངས་ཀྱི་ཉིན་པ་སྡེ་བར་སྐྱེས།  སྤྱི་ལོ1952ལོར་ལྷ་རམས་པ་བློ་བཟང་རྒྱ་མཚོ་ལས་རབ་བྱུང་གི་སྡོམ་པ་བཞེས་ཤིང་། ཆོས་དཔལ་ཞིང་བཀྲ་ཤིས་ཆོས་འཁོར་གླིང་གི་སྨན་པ་གྲྭ་ཚང་དུ་ཆོས་སྒོར་ཞུགས་ནས་ཆོ་ག་ཆོས་སྤྱོད་དང་རྒྱུད་རྩིས་གཞག་སོགས་ཁོང་དུ་ཆུད་པར་བྱས་ཤིང་། རྩ་རྒྱུད་གཙོར་བྱས་རྒྱུད་ཆུང་གསུམ་བྱང་ཆུབ་པར་བསླབ་པའི་རྨང་གཞིའི་སྟེང་མན་ངག་རྒྱུད་ལ་ལེགས་པར་འཇུག་ཅིང་། བཤེས་གཉེན་ཉི་ཟླ་ལྟ་བུའི་མདུན་ནས་བོད་ཀྱི་གསོ་རིག་གི་དབང་ལུང་རྒྱུད་པ་དང་བཅས་པ་ཡོངས་སུ་ཐོབ། ཁོ་བོས་ནམ་ཡང་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་བུང་བའི་གསོ་རིག་མན་ངག་གསེར་གྱི་ཐིགས་པ་ལྟ་བུ་དག་དངོས་ཐོག་ལག་ལེན་དང་བུར་ནས་འགྲོ་བ་མང་བོ་ནད་ཀྱི་སྡུག་བསྔལ་ལས་གྲོལ་བ་དང་། ལོ་རྒྱུས་དང་སྤྱི་ཚོགས་ཇི་ལྟར་འགྱུར་ཡང་ནམ་ཡང་ཟོལ་མེད་གཞུང་དྲང་དང་གཞན་ཕན་སྙིང་རྗེའི་ལྷག་བསམ་དཀར་བོའི་རང་མདངས་ལ་ཡལ་བར་མེད་པར་འགྲོ་བའི་ལུས་ཀྱི་སྡུག་བསྔལ་སེལ་བར་རང་ནུས་ཅི་ལྕོགས་ཀྱིས་འབད་བཞིན་མཆིས།
  1958ལོར་སྲིད་གཞུང་གི་མངགས་བཀོད་ལྟར་ཅོ་ནེ་རྫོང་དུ་གྲོང་སྡེའི་སྨན་པ་བསླབ་ཏུ་སོང་། དང་ཐོག་ཁོང་ཉིད་ཀྱིས་རྒྱ་ཡིག་དང་རྒྱ་སྐད་སོགས་མི་མཁྱེན་པས་དཀའ་ངལ་མཛད་མཐའ་བྲལ་བར་འཕྲད་མོད། མི་ལ་བརྩོན་འགྲུས་ལྡན་གྱུར་ན།། ལྕགས་དབྱུག་བརྡར་ནས་ཁབ་ཏུ་འགྱུར། ཞེས་པའི་དཔེ་ལྟར་ཁོང་གིས་མི་ཕྱེད་བརྩོན་འགྲུས་ཀྱི་གོ་ཆ་བརྟན་པོས་ཟླ་ངོ་བཞི་ཙམ་གྱི་རིང་ལ་ཕྱི་ལུགས་ཀྱི་སྨན་དཔྱད་ཀྱི་ལས་ལ་ཐོས་བསམ་བླ་མེད་མཛད་པས་གྲུབ་འབྲས་བློ་ཡིད་ལས་འགོངས་པ་ཐོབ། ལོ་ངོ་བཞི་ཙམ་གྱི་རིང་ལ་ཕྱི་ལུགས་དང་བོད་སྨན་ཟུང་འབྲེལ་གྱིས་སྨན་དཔྱད་ཀྱི་ཆས་རྣམས་བཟུང་སྟེ་སྨན་བཅོས་བྱས་པས་ནད་པ་མང་བོ་མནར་གཅོད་ཀྱི་སྡུག་བསྔལ་ལས་གྲོལ་བར་མཛད། སྤྱི་ལོ1963ལོར་ཁོང་ཉིད་སླར་ཡང་ཕྱིར་ཉིན་པ་སྡེ་བར་ཕེབས་ནས་ཤང་གི་གྲོང་སྡེའི་སྨན་པ་བྱས། ཁོང་གིས་སླར་ཡང་བཀྲ་ཤིས་ཆོས་འཁོར་གླིང་གི་ཆོས་རྒྱ་མཚོ་མཆོག་ལས་གསོ་རིག་རྒྱུད་བཞི་དང་བཻ་སྔོན་སྒྲིག་པའི་ཁྲིད་རྒྱུན་དང་ལག་ལེན་ཞིབ་པར་མནོས། དེ་ནས་བཟུང་ཁོང་གིས་བོད་སྨན་གཙོ་བོར་ཕྱག་བཞེས་གནང་སྟེ་སེམས་ཅན་གྱི་དོན་མཛད། ལོར་དེར་ཉིན་པ་ཤང་གི་ཉིན་པ་སྡེ་བ་རུ་མཉམ་ལས་སྨན་བཅོས་ཁང་ཕྱག་འདེབས་མཛད། སྡེ་བའི་རུ་ཁག་རེ་ནས་སྨན་པ་རེ་བསྡུས་ནས་སྔོ་སྨན་བཏུས། དེ་ལས་རང་ལ་འདང་ངེས་ཤིག་བླངས་ནས་སྐུ་དངོས་ཀྱིས་བོད་སྨན་སྡེབ་སྦྱོར་བྱེད་པ་དང་། དེ་ལས་ལྕུམ་རྩ་དང་སྤྲུ་དཀར་བ། ཨ་བི་ཧ་སོགས་རྒྱལ་ཁབ་ཀྱི་སྨན་རྫས་རྒྱུ་ཆ་ཉོ་འཚོང་ཀུང་སི་ལ་བཙོང་བས་དེའི་ཡོང་འབབ་སྒོར་སྟོང་ཕྲག་ཁ་ཤས་ཀྱིས་འབྲུ་སྨན་ཉོ་བ་དང་སྨན་སྡེབ་སྦྱོར་མཛད་ནས་ལོ་ངོ་མང་བོར་སྨན་ཡོན་མི་ལེན་པར་སྨན་སྦྱིན་དཔག་མེད་བཏང་བས། ཁོའི་མཚན་སྙན་དབྱར་གྱི་རྔ་གསེང་ལྡིར་བ་ལྟར་ག་ས་གང་དུ་ཁྱབ་པར་གྱུར།
   སྤྱི་ལོ1979ལོར་རྒྱལ་ཁབ་ཀྱིས་རྐང་རྗེན་སྨན་པའི་ཁྲོད་དུ་ཤེས་ཡོན་གྱི་ཚད་མཐོ་ཤོས་སྐོར་ཞིག་རྒྱུགས་སྤྲོད་པའི་ཐབས་ལམ་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ལས་བྱེད་པ་རུ་བསྡུ་ལེན་བྱ་རྒྱུའི་སྐོར་གྱི་བརྡ་ཁྱབ་སྤེལ་བ་དང་བསྟུན། ཁོང་གིས་རྒྱལ་བཀོད་རྒྱུགས་སྤྲོད་དུ་རྒྱུགས་འབུལ་གནང་བས་ཁུལ་ཡོངས་ཀྱི་ཨང་དང་པོ་འཐོབ། ཁོང་གིས་གཞན་ལས་ཁྱད་དུ་འཕགས་པའི་རྒྱུགས་འབྲས་ངོ་མཚར་བ་བླངས་པས་དངོས་སུ་རྒྱལ་ཁབ་ཀྱི་ཕོགས་ཐོབ་ལོན་པའི་ལས་བྱེད་པ་རུ་གྱུར་པ་དང་། ཁུལ་འཕྲོད་བསྟེན་ཅུས་ཀྱི་བཀོད་སྒྲིག་ལྟར་ཀན་ལྷོ་ཁུལ་འཕྲོད་བསྟེན་སློབ་གྲྭའི་དགེ་རྒན་གྱི་ལས་ཁུར་ཕྲག་ཏུ་བཞེས། སྐབས་དེར་ཏང་གི་མི་རིགས་སྲིད་ཇུས་ཀྱི་ཉིན་བྱེད་མཁའ་ནས་འཛུམ་ཞིང་རིགས་སོ་སོའི་མི་དམངས་རྣམས་ཀྱིས་རང་མི་རིགས་ཀྱི་འོད་སྟོང་འབར་བའི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་ཐུགས་རྩེ་གཅིག་ཏུ་གཞོལ་བཞིན་མཆིས། ཁོང་ཉིད་ཀྱང་དེ་ལས་མ་འདས་པར་སྤྱི་ལོ1980ལོར་ཀན་ལྷོ་ཁུལ་འཕྲོད་བསྟེན་སློབ་གྲྭ་རུ་ཕེབས་ཤིང་སློབ་གྲྭས་ཁོང་ལ་ཐོག་མར་བོད་སྨན་ཚོད་ལྟའི་འཛིན་གྲྭ་ཞིག་སྒྲུབ་ཏུ་བཅུག ཁོང་གིས་ཐུགས་གཞིགས་ནན་མོ་བཏང་མཐར་འཛིན་གྲྭ་འདི་ཉིད་ལེགས་ལམ་དུ་འགྲོ་མིན་དེ་མཐར་གཏུགས་ན་བོད་ལུགས་གསོ་རིག་སློབ་གསོ་དེ་ཀན་ལྷོའི་མཐོ་སྒང་དུ་གཞི་ཚུགས་ཐུབ་མིན་གྱི་འགག་རྩ་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་མཁྱེན་ནས་གཉིད་བཅག་ཟས་བརྗེད་ངང་གསོ་རིག་སློབ་གསོའི་ལས་དོན་ལ་གཞོལ་བ་དང་། སྐབས་དེར་སློབ་གྲྭའི་ཆ་རྐྱེན་ཞན་པས་བསླབ་གཞི་དཀོན་པོ་ཡིན་པའི་གནས་ཚུལ་འོག་ཁོང་གིས་རང་གི་ལོ་ངོ་མང་བོའི་ཉམས་མྱོང་དང་སྦྲགས་ཏེ་གསོ་རིག་རྒྱུད་བཞིའི་ཁྲོད་ནས་རྩ་གནད་རྣམས་བཤུ་འབྲི་བྱས་ནས་བསླབ་དེབ་སྒྲིག་པ་དང་། དུས་ཚོད་ཁོམ་ལོང་ཕྲན་ཙམ་ཡང་ཆུད་སོས་སུ་མ་བཏང་བར་སློབ་མ་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་སློབ་ཁྲིད་གནང་བ་དང་དབྱར་བཙད་པ་དང་དགུན་བཙག་རླུང་ཁྲོད་ནས་ནམ་ཡང་དཀའ་སྡུག་ལ་མགོ་མི་སྒུར་བར་འབད་པ་མཐའ་འཁྱོལ་བྱས་མཐར་སྔར་གྱི་ཚོད་ལྟའི་འཛིན་གྲྭ་དངོས་སུ་བོད་སྨན་འཛིན་གྲྭ་དང་བོ་རུ་བསྒྱུར་བར་གོང་རིམ་གྱི་ཆོག་མཆན་འཐོབ། ཁོང་གིས་རང་གི་གྲྭ་སྲོལ་ལྟར་རྩ་རྒྱུད་དང་བཤད་རྒྱུད། ཕྱི་མ་རྒྱུད་གསུམ་གྱི་སྐྱོར་སྦྱངས་དང་བློར་འཛིན་བྱེད་པར་ཆགས་མེད་ཀྱི་དོ་དམ་དང་། བཻ་སྔོན་དང་སྦྲགས་པའི་འཆད་ཁྲིད་གང་འཚམ་སྤེལ། སློབ་གྲྭ་ཚུགས་པ་ནས་སྔ་གཞུག་ཏུ་འཛིན་གྲྭ་བདུན་དང་བསྡོམས་པས་སློབ་མ་ཉིས་བརྒྱ་ལྔ་བཅུ་ལྷག་ལ་རང་ལུགས་ཀྱི་སྲོལ་རྒྱུན་དེ་ཉམས་པ་མེད་པར་སྤེལ།
   ནང་སྒོས་སུ་ཁོང་གིས་རང་གི་ཐུན་མོང་མ་ཡིན་པའི་མན་ངག་བདུད་རྩི་ཟིལ་མ་དེ་ཉམས་པ་མེད་པར་བརྒྱུད་ཆེད་རང་ལུས་ངལ་བའི་སྡུག་བསྔལ་ལ་འཛེམ་བག་མེད་པར་རྒན་གྱའི་དར་རྒྱལ་ཀླད་དང་། ཀླུ་ཆུའི་ཀླུའི་ཆབ་བྲག ལྷ་མོའི་རྒྱབ་རི། ཧོར་གཙང་ཁོག ཟུང་ཆུའི་ཤར་དུང་རི་བཅས་ལ་སློབ་མ་ཁྲིད་དེ་སྨན་ངོ་མཛུབ་སྟོན་མཛད། གཞན་ཡང་སློབ་མའི་དཔུང་སྡེ་ཇེ་མང་ལ་སོང་བ་དང་བསྟུན་ནས་དཔེ་དེབ་དཀོན་པའི་དཀའ་ངལ་དང་འཕྲད་པས་སློབ་མ་ཡོངས་ལ་བསྡོམས་པས་དཔེ་དེབ་སུམ་ཅུ་ལྷག་བདེ་བླག་ངང་པར་དུ་བསྐྲུན། ཁོང་གིས་རང་གི་དྲི་མ་མེད་པའི་རྒྱུད་པ་དེ་ཉམས་པ་མེད་པར་གཅིག་ལས་གཉིས་མཆེད་ཀྱིས་གདུལ་བྱ་རླབས་པོ་ཆེའི་རྒྱུན་ལས་སྐྱེ་དགུ་ཡོངས་ཀྱི་དུག་གསུམ་རྒྱུ་འབྲས་ཀྱིས་གདུང་བའི་གཉེན་པོ་བརྒྱད་ལྡན་འདི་སྤེལ་བས་ཀན་ལྷོ་ཡུལ་གྲུ་ཀུན་ཏུ་མཛད་རྗེས་ཀྱི་གཟི་འོད་ཉམས་མེད་རྟག་ཏུ་འབར་བཞིན་མཆིས།
   སྤྱི་ལོ1984ལོར་སྲིད་གཞུང་གི་མངགས་བཀོད་ལྟར་ལྷ་སའི་སྨན་རྩིས་ཁང་དུ་ཟབ་སྦྱོང་ལ་ཕྱིན། དེ་རུ་གསོ་རིག་མཁས་དབང་ཉིན་བྱེད་མཁའ་ལ་ཤར་བ་ལྟ་བུའི་མདུན་ནས་གསོ་རིག་གཞུང་ལུགས་དང་ལག་ལེན་གཉིས་ཀར་མི་ཕྱེད་སྙིང་སྟོབས་བརྟན་པོས་སློབ་གཉེར་ལ་བརྩོན་འགྲུས་བསྐྱེད་པ་སྟེ། གསོ་རིག་མཁས་དབང་བྱམས་པ་འཕྲིན་ལས་ཀྱི་ཞལ་ནས་གསོ་རིག་རྒྱུད་བཞིའི་སྡོང་འགྲེམ། སྨན་པའི་ལེའུ་སློབ་མས་བཤེས་གཉེན་བསྟེན་ཚུལ་བློ་གསལ་འཇུག་ངོགས་སོགས་གསན་པ་དང་། མཁས་དབང་ཁྲོ་རུ་ཚེ་རྣམ་ཚང་གི་ཞལ་ནས་གཡུ་ཐོག་སྙིང་ཐིག་གི་དབང་དང་། དངུལ་ཆུ་བཙོ་བཀྲུ་ཆེན་མོ། ལྕགས་ཁམས་ཐལ་བཟོ། རིན་ཆེན་རིལ་བུའི་སྦྱོར་ཐབས་སོགས་ཀྱི་ལུང་། གཞན་ཡང་དགེ་རྒན་ཆེན་མོ་དཔལ་ལྡན་ཐུབ་བསྟན་རིན་པོ་ཆེ་དང་རྒན་ཐུབ་བསྟན་ཚེ་རིང་རིན་པོ་ཆེ་ལས་རྒྱུད་བཞི་དང་། མན་ངག་ལྷན་ཐབས། གཡུ་ཐོག་སྙིང་ཐིག་གི་ལུང་སོགས་མནོས།
སྤྱི་ལོ1989ལོར་བོད་སྨན་ཆེད་སྦྱོང་འཛིན་གྲྭ་ཐེངས་དང་བོ་བསྡུས་པ་ནས་ཁོང་གིས་འཛིན་གྲྭ་དེའི་གཙོ་བདག་དགེ་རྒན་གྱི་འགན་བཞེས་པ་མ་ཟད་དཔེ་ཁྲིད་གནང་བཞིན་པ་སོགས་གསོ་བཅོས་ཀྱི་ལྗོན་པ་གསོ་སྐྱོང་མཛད་པར་རང་ལུས་ངལ་དུབ་དང་དཀའ་ཚེགས་བཅས་ལ་མ་འཛེམ་པར་ཁོང་གིས《གྲུབ་པ་ལུས》དང《ངོས་བཟུང་རྟགས》《གསོ་བྱེད་ཐབས》《ཆ་བྱད་དཔྱད》《དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་མྱོང་བསྡུས》《སྨན་པའི་རྒྱུད་དྲུག་ཅེས་པ་རགས་ཙམ་གླེང་བ》སོགས་སློབ་དེབ་དང་ཟུར་ལྟའི་དཔྱད་གཞི་མང་བོ་རྩོམ་སྒྲིག་གནང་ངོ་།
   ཀན་ལྷོའི་གསོ་རིག་སློབ་གྲྭ་ནས་དགེ་རྒན་གྱི་ལས་ཁུར་ཕྲག་ཏུ་བཞེས་པ་ནས་བཟུང་རང་གི་ནུས་ཚོད་ཀྱིས་བོད་ལུགས་གསོ་རིག་རྒྱུན་འཛིན་དར་སྤེལ་གཏོང་བ་དང་། སློབ་ཁྲིད་ཀྱི་སྒྲིག་ཆས་ཞན་པ་དང་བསླབ་གཞི་མེད་པའི་གནས་ཚུལ་སྐྱོ་བོའི་འོག་ནས་སློབ་དེབ་བཤུ་འབྲི་དང་སྨན་ངོ་མཛུབ་སྟོན་གྱི་ལས་ཀ་མང་དུ་བྱས། དུས་ཚོད་ཅུང་ཟད་ཙམ་ཡང་ཆུད་ཟོས་སུ་མི་གཏོང་བར་ཉིན་ཧྲིལ་བོར་ཁྲིད་གཞི་བཀོད་སྒྲིག་བྱས་ནས་སློབ་ཁྲིད་ཀྱིས་དུས་འདའ་བར་བྱས། 1980ལོ་ནས1989ལོའི་བར་བོད་སྨན་འཛིན་གྲྭ་དང་བོ་དང་གཉིས་པ། གསུམ་པ། བཞི་བ། ལྔ་བ། དྲུག་པ། བདུན་པ་སོགས་བསྡོམས་པས་འབྲིང་རིམ་འཛིན་གྲྭ་བདུན་ལ་རྩ་བའི་རྒྱུད་དང་བྱ་བྱེད་སྨན་པ། ཆ་བྱད་དཔྱད་དང་། ཁོང་ནད་གསོ་བ་དང་བྱིས་ནད་གསོ་བ། ཕྱི་ནད་གསོ་བ་སོགས་རིག་ཚན་མང་བོ་སློབ་ཁྲིད་གནང་བའི་ཞོར་དུ་སློབ་མ་རྣམས་ལ་སྨན་གྱི་སྦྱོར་སྡེབ་མཛུབ་སྟོན་གྱིས་གསོ་རིག་གཞུང་དང་ལག་ལེན་གཉིས་ཀར་མཁས་པའི་སློབ་མ་སྐྱེད་བསྲིངས་བྱེད་པར་རང་ནུས་ཡོད་དགུས་འབད་བརྩོན་བྱས་པ་རེད། ཕྱིས་སུ་བོད་སྨན་ཆེད་སྦྱོང་འཛིན་གྲྭ་དང་དངོས་གཞིའི་འཛིན་གྲྭ་སོགས་ལ་བོད་ལུགས་གསོ་རིག་གི་རིག་ཚན་མང་བོ་སློབ་ཁྲིད་གནང་བ་དང་རྩྭ་སྨན་ངོ་སྟོན་དང་སྨན་གྱི་སྡེབ་སྦྱོར་སོགས་གཞུང་དང་ལག་ལེན་གཉིས་ཀའི་ཆ་ནས་མཛུབ་སྟོན་བླ་མེད་གནང་ནས་བོད་ཀྱི་གསོ་བ་རིག་པའི་རྒྱུད་འཛིན་སློབ་མ་བགྲང་ལས་འདས་པ་སྐྱེད་བསྲིངས་བྱས། ད་ལྟ་ཁོང་གི་སློབ་མ་རྣམས་ཀན་ལྷོའི་མཐོ་སྒང་གི་ཡུལ་གྲུ་སོ་སོར་བོད་ཀྱི་གསོ་རིག་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་གྱི་གདུང་འདེགས་ཀ་བ་ལྟ་བུར་གྱུར་ཅིང་། བོད་ཀྱི་གསོ་བ་རིག་པའི་སྲོལ་རྒྱུན་གྱི་ཕྱག་སྲོལ་བཟང་བོ་རྒྱུད་འཛིན་གྱིས་འགྲོ་བ་མང་བོ་ནད་ཀྱི་སྡུག་བསྔལ་ལས་གྲོལ་བཞིན་མཆིས། ཁོང་གིས་མི་ཚེའི་ལང་ཚོ་ཡོད་ཚད་ཀན་ལྷོའི་བོད་ཀྱི་གསོ་རིག་སློབ་གསོའི་ཐད་ཕུལ་ཅིང་། ལོ་ངོ་སུམ་ཅུ་ལྷག་གི་དགེ་རྒན་གྱི་འཚོ་བའི་ཁྲོད་ནམ་ཡང་རང་གིས་རང་ལ་རེ་བ་ནན་མོ་འཛིན་བཞིན་སློབ་མ་རྣམས་ལ་ཐུགས་བརྩེ་བའི་སྒོ་ནས་སློབ་ཁྲིད་གནང་བ་དང་། ཀན་ལྷོའི་བོད་ཀྱི་སྲོལ་རྒྱུན་གསོ་རིག་སློབ་གསོའི་སློབ་གཉེར་ཐབས་ལམ་དེ་དེང་རབས་སློབ་གསོའི་མ་ལག་ཁྲོད་ནང་འདྲེན་བྱེད་པའི་སྲོལ་གསར་ཡང་གཏོད་པ་རེད། 
   ཁོང་གིས་གདུལ་བྱ་ལ་མངོན་པར་ཕྱོགས་པའི་འབྲས་བུ་གཡུར་དུ་ཟ་བ་སྨིན་པས། གོང་རིམ་འགོ་ཁྲིད་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་སྣས་གདེང་འཇོག་ཚད་མེད་གནང་སྟེ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་གྱིན་མཆིས། དེ་ཡང1986ལོར་ཁུལ་ཡོངས་ཀྱི་སློབ་གསོ་མ་ལག་གི་སྔོན་ཐོན་མི་སྣར་བདམས་པ་དང་། 1989ལོར་མཐོ་རིམ་བོད་ཀྱི་གསོ་རིག་འཆད་ཁྲིད་པའི་གོ་མིང་ཐོབ་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྒྱལ་ཁབ་སློབ་གསོ་པུའུ་ཡིས་རྒྱལ་ཁབ་རིམ་པའི་རྒྱལ་ཡོངས་དགེ་རྒན་ཕུལ་བྱུང་གི་གཟི་བརྗིད་མཚན་སྙན་གནང་བ་དང་། 1992ལོར་ཁུལ་ཡོངས་ཀྱི་བོད་ལུགས་གསོ་རིག་ཕྱོགས་ཀྱི་སྔོན་ཐོན་དོན་གཉེར་བར་བདམས་པ། ཐེངས་མང་བོར་ཀན་སུའུ་ཀྲུང་དབྱི་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དང་ཀན་ལྷོའི་འཕྲོད་བསྟེན་སློབ་གྲྭའི་ཕུལ་བྱུང་དགེ་རྒན་དུ་བདམས། 1999ལོར་ཀན་ལྷོ་ཁུལ་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། 2005ལོར་རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་བོད་ལུགས་གསོ་རིག་ཆེད་ལས་སློབ་དེབ་རྩོམ་ཞུས་ཨུ་ཡོན་ལྷན་ཚོགས་ཀྱི་རིག་གཞུང་ཆེད་མཁས་ཚོགས་པའི་ཚོགས་མི་བཅས་ཡིན་ནོ།
   ད་ལྟ་ཁོ་བོ་ན་ཚོད་ལོ་ཡིས་ཐུབ་ཅིང་དབུ་སྐྲ་དུང་ལྟར་དཀར་བའི་ལྷ་རྗེ་བགྲེས་པོ་ཞིག་ཏུ་གྱུར་ཡོད་ནའང་། ཁོང་གིས་ད་དུང་ཐུགས་ངལ་ལ་མ་འཛེམས་པར་སི་ཁྲོན་མཛོད་དགེ་དང་རྔ་བ། ཀན་ལྷོའི་ས་ཁུལ་སོ་སོ་ནས་འོངས་པའི་ནད་པ་དག་ལ་སྔར་མུས་བཞིན་སྨན་བཅོས་བྱེད་ཅིང་། འབྱོར་འཁོས་ཞན་ཞིང་འཚོ་བའི་ཆ་རྐྱེན་སྡུག་པོ་རྣམས་ལ་སྨན་སྦྱིན་གཏོང་བའི་བླ་མེད་སྤྱོད་པ་སྐྱོང་བཞིན་ཕལ་བའི་མི་ཚེ་ཞིག་གི་ལོ་རྒྱུས་སྟེང་ཆེས་སྤྱིར་བཏང་མ་ཡིན་པའི་ཞབས་རྗེས་གསལ་ལེར་བཀོད་པས། དུས་རབས་ཤིག་དང་མི་རིགས་ཤིག་གི་ལོ་རྒྱུས་འཕེལ་འགྱུར་གྱི་ཁྲོད་ནས་ང་ཚོས་ནམ་ཡང་ཁོང་དང་ཁོང་ལྟ་བུའི་མི་བུ་སྙིང་རུས་ཅན་ལ་རྗེས་སུ་ཡི་རངས་བྱེད་ངེས་སོ།།
རྩོམ་སྒྲིག་པ། ཡུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།