中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > སློབ་གསོའི་མི་སྣ། >
༄༅།། མི་རིགས་ཀྱི་སློབ་གསོ་བ་དགེ་རྒན་ཚུལ་ཁྲིམས་རྒྱ་མཚོ།
དུས་ཚོད།2016-09-07 10:20:52     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ། རྩོམ་པ་པོ། མྱིག་གཅོད།    ཆུང་། | འབྲིང་། | ཆེ།
   རྨ་ཆུའི་ཚུལ་ཁྲིམས་རྒྱ་མཚོ་མཆོག་ནི1942ལོར་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་མཛོད་དགེ་ཉིན་མའི་མཚམས་རིང་རྙིང་བ་རུ་སྐུ་འཁྲུངས། 1952ལོར་རབ་ཏུ་བྱུང་སྟེ་བླ་བྲང་བཀྲ་ཤིས་འཁྱིལ་ནས་ཚོགས་ཞུགས་གནང་། བསྡུས་གྲྭའི་ཁ་དོག་དཀར་དམར་ནས་དབུ་ཚུགས་ཏེ་རིག་པའི་གནས་མཐའ་དག་སྦྱང་འགོ་བརྩམས། ཁོ་རང་ཚོགས་ཞུགས་བྱེད་སྐབས་ནི་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཆོས་འཆད་ཉན་ཤིན་ཏུ་དར་ཞིང་རྒྱས་པའི་སྐབས་ཡིན་པས་ཁོང་གིས་ཕྱོགས་གཅིག་ནས་ཆོས་གྲྭ་ཆག་མེད་དུ་འགྲིམ་པ་དང་། ཕྱོགས་གཅིག་ནས་གཞུང་ཆེན་མོ་དང་སུམ་རྟགས་དག་གསུམ་སོགས་ལ་སྦྱོང་བ་ཧུར་ཐག་མཛད། ལྷག་པར་ཁོ་རང་ཉིད་ཀྱི་ཆོས་གྲོགས་རེབ་གོང་སེང་གེ་གཤོང་གི་བསྟན་པའི་རྒྱལ་མཚན(ཕྱིས་སུ་སེང་གེ་གཤོང་གི་བཤེས་ཚང་ཟེར)གྱི་མདུན་ནས《བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས》ཆ་ཚང་འབུངས། བཤེས་གཉེན་ཆེན་པོ་མགོ་ལོག་བློ་བཟང་གི་མདུན་ནས་སུམ་རྟགས་དང་སྙན་ངག་སྦྱངས། 1958ལོར་དགོན་པ་སྒོ་བརྒྱབ་རྗེས་ཕྱིར་ཕ་ཡུལ་དུ་ཕེབས་ནས་ཐུན་མོང་གཞུང་གི་ཟོག་རྫི་དང་ཉིན་མ་ཀུང་ཧྲེ་ཡི་རྟ་རྫི་བྱས། 
   1979ལོར་གོང་རིམ་གྱི་གདན་ཞུས་ལྟར་ཉིན་མ་སློབ་ཆུང་དུ་དམངས་སྒྲུབ་དགེ་རྒན་བྱས་ཤིང1980ལོར་གཞུང་སྒྲུབ་དགེ་རྒན་དུ་ལས་བསྒྱུར་བྱས། 1981ལོ་ནས་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་ཕེབས་ནས2002ལོའི་བར་བོད་ཡིག་དགེ་རྒན་བྱས་ནས་ལོ་ངོ་སུམ་ཅུ་ལ་ཉེ་བའི་རིང་སློབ་ཁྲིད་བྱས། ཁོང་གི་སློབ་ཁྲིད་ལ་ཁྱད་ཆོས་མང་བོ་འདུག་སྟེ། ཁོང་གིས་སློབ་མ་རྣམས་ལ་སློབ་སྦྱོང་བྱེད་ན་ཐོག་མར་དམིགས་ཡུལ་ཡོད་པ་དང་། ཡིད་ཆེས་ཡོད་པ། བརྩོན་འགྲུས་ཆེ་བ། སློབ་སྦྱོང་བྱེད་པར་སྤྲོ་བ་ལྡན་པ་བཅས་དགོས་ཞེས་བསླབ་བྱ་གནང་གི་ཡོད་ལ། ཁོང་གིས་སློབ་མར་དཔེ་ཁྲིད་བྱེད་སྐབས་གོ་བདེ་བའི་དཔེ་དང་ཡིད་ཆེས་པའི་གཏམ་རྒྱུད། སློབ་མས་བསླབས་པའི་ཤེས་ཡོན་དེ་མི་ཤེས་པ་ནས་ཤེས་པ་དང་། རགས་པ་ནས་ཟབ་པའི་བར་ཁྲིད་ཀྱི་ཡོད་པས་ན། རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་མའི་བོད་ཡིག་ཆུ་ཚད་དང་། བཀོལ་སྤྱོད་ཀྱི་ནུས་པ་ལ་མཐོར་འདེགས་ཆེན་པོ་བྱུང་།
   བཤེས་གཉེན་ཚུལ་ཁྲིམས་ལགས་ཀྱིས་སློབ་ཁྲིད་བྱེད་པའི་ཞོར་ལ་སློབ་ཁྲིད་ཞིབ་འཇུག་གི་ལས་ཀའང་མང་བོ་བསྒྲུབས་ཡོད་པ་དང་། ཁྲིད་དེབ་ལ་མནོ་བསམ་གཏོང་བ་ལས་གཞན་དཔེ་ཆ་དང་དུས་དེབ་སྣ་ཚོགས་ལ་གཟིགས་རྒྱ་ཆེ། ཁོང་གིས་བརྩམས་པའི་རྩོམ་ཡིག་རྣམས་བརྗོད་པ་གསལ་ཞིང་གོ་བདེ་བ་བཅས་ཀྱི་ཁྱད་ཆོས་ཡོད། དབྱར་གནང་དང་དགུན་གནང་གི་སྐབས་སུ་དགེ་རྒན་དང་གྲྭ་བ་བཅས་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་ལ་དཔེ་ཁྲིད་གནང་བ་བཅས་མི་ཚེ་ཧྲིལ་བོར་དཔེ་ཁྲིད་ཀྱི་ལས་ཀ་དོན་དུ་གཉེར། བཤེས་གཉེན་ཚུལ་ཁྲིམས་ལགས་ཀྱིས་ལས་འཁྱུར་ངལ་གསོ་མ་བྱས་གོང་ཀན་ལྷོ་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་དང་། རྨ་ཆུ་རྫོང་དམངས་ཆེན་གྱི་རྒྱུན་ལས་ཨུ་ཡོན་བཅས་ཀྱི་འགན་ཡང་བཞེས་མྱོང་ཡོད། 2003ལོ་ནས་ལས་འཁྱུར་ངལ་གསོ་བྱས་ནས་བཞུགས་མུས། ། 
རྩོམ་སྒྲིག་པ། ཡུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།