中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > སློབ་གསོའི་མི་སྣ། >
༄༅།། དགེ་རྒན་ཆེན་མོ་དགེ་འདུན་རྒྱ་མཚོ།
དུས་ཚོད།2016-10-14 16:15:31     རྩོམ་གྱི་ཡོང་ཁུངས།མདོ་ལྷོ་དྲ་བ། རྩོམ་པ་པོ། སྐལ་བཟང་འཚོ།    ཆུང་། | འབྲིང་། | ཆེ།
    དེ་ཡང་སློབ་གསོའི་ལས་དོན་ལ་ཤ་ཞེན་དང་ལྷག་བསམ་མཆོག་ཏུ་དཀར་བའི་གཙོས་མི་རིགས་དགེ་ཐོན་ཆེད་གཉེར་སློབ་གྲྭའི་བོད་ཡིག་སློབ་སྐོར་གྱི་དགེ་རྒན་ཆེན་མོ་གཞོན་པ་དགེ་འདུན་རྒྱ་མཚོ་ནི1948ལོར་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་ཁ་གྱ་སྟོད་ཤང་ཁམས་སངས་སྡེ་བའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་འཚར་ལོངས་བྱུང་། ཆུང་དུས་ནས་རིག་པ་རྣོ་ཞིང་གསལ་བ་དང་སློབ་གཉེར་ལ་བརྩོན་པ་ཆེ་སྟབས1975ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་རྒྱུགས་འཕྲོད་དེ་སློབ་སྦྱོང་ལ་ཞུགས། དེ་ནས་ཁོས་རྙེད་པར་དཀའ་བའི་སློབ་སྦྱོང་གི་གོ་སྐབས་བཟང་བོ་དམ་འཛིན་བྱས་ཏེ་བློ་རིག་པ་ནང་དུ་བཀུག་ཅིང་། དགོང་འཕྱི་ཉལ་དང་ནངས་སྔ་ལངས་ཀྱིས་རང་འཁྲིའི་སློབ་སྦྱོང་ལ་བརྩོན་པ་དགུ་འགྱུར་བསྐྱེད། ཁྱད་པར་དུ་ཕྱིས་སུ་བཀའ་དྲིན་གཞལ་མཐའ་བྲལ་བའི༧བསེ་ཚང་བློ་བཟང་དཔལ་ལྡན་མཆོག་དང་། དགེ་བའི་བཤེས་གཉེན་ཆེན་མོ༧དམུ་དགེ་བསམ་གཏན་མཆོག  བླ་བྲང་དྲུང་ཡིག་ཆེན་མོ་སྨོན་ལམ་རྒྱ་མཚོ་མཆོག དུས་འཁོར་བ་ཤེས་རབ་ཆོས་འཕེལ་མཆོག ཐེ་བོ་དཀོན་མཆོག་འཕྲིན་ལས་སོགས་ཀྱི་ཞབས་རྡུལ་སྤྱི་བོར་བསྟེན་པའི་མཐུ་ལས་བོད་ཀྱི་ཐུན་མོང་གི་རིག་གནས་སྤྱི་དང་། ཁྱད་པར་དུ་སྒྲ་དང་སྙན་ངག   བརྡ་སྤྲོད། བསྡུས་གྲྭ་སོགས་ཐོས་པའི་སྐལ་བ་ཅུང་ཟད་རྙེད། 
    1978ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་རྗེས་སྔ་གཞུག་ཏུ་ཀན་ལྷོ་བོད་ཀྱི་འབྲིང་རིམ་སྣ་འཛོམས་ཆེད་གཉེར་སློབ་གྲྭ་དང་ཀན་ལྷོའི་དགེ་འོས་སློབ་གྲྭ  གཙོས་མི་རིགས་དགེ་ཐོན་ཆེད་གཉེར་སློབ་གྲྭ་བཅས་སུ་དགེ་རྒན་གྱི་འགན་བཞེས་པ་དང་། སློབ་མ་སྟོང་ཕྲག་མང་བོར་བོད་ཀྱི་ལོ་རྒྱུས་གཙོ་བྱས་པའི་སྒྲ་རིག་པ་དང་བསྡུས་གྲྭ། སྙན་ངག བརྡ་སྤྲོད་སོགས་སློབ་ཁྲིད་མཛད་པ་མ་ཟད། བགྲང་བྱ་སུམ་ཅུ་ལྷག་གི་རིང་ལ་མི་རིགས་སློབ་གསོའི་བྱ་བ་བསྒྲུབས་ནས་རང་གི་མི་ཚེ་གང་བོ་མི་རིགས་སློབ་གསོའི་ཆེད་དུ་ཕུལ་བ་དང་། མི་རིགས་རང་གི་ཁྱད་འཕགས་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་ལ་བྱས་རྗེས་ཆེན་པོ་བཞག་པ་མ་ཟད། གཞོན་སྐྱེས་ན་ཆུང་དག་ལ་བུམ་པ་གང་བྱོའི་ཚུལ་གྱིས་རིག་གཞུང་བདུད་རྩིའི་ཐིགས་པ་ཆད་མེད་དལ་འགྲོའི་རྒྱུན་ལྟར་བསྩལ་ཏེ། དེང་རབས་ཀྱི་སྤྱི་ཚོགས་སུ་དགོས་གལ་ཆེ་བའི་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་སྐྱེད་སྲིང་གནང་བས། དགེ་སློབ་ཀུན་དང་འགོ་ཁྲིད། རྒྱ་ཆེའི་མང་ཚོགས་བཅས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བཞིན་མཆིས།
    སློབ་ཁྲིད་བྱེད་པའི་ཞོར་དུ་དགེ་རྒན་གཞན་དང་བསྡེབས་ནས་འབྲིང་རིམ་ཆེད་གཉེར་སློབ་གྲྭའི《བོད་ཡིག་བསླབ་དེབ(མཐོ་དམན་གཉིས་ཅན)》གྱི་དེབ་བཅུ་དྲུག་ཅན་ཞིག་རྩོམ་སྒྲིག་བྱས་པ་དང་། 1992ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཏེ་བཀྲམ་ཞིང་། དེ་ལ་ཀན་སུའུ་སྤྱི་ཚོགས་ཚན་རིག་གི་ཆེས་མཐོའི་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་།
    1990ལོར་ཁུལ་རིམ་པའི"དགེ་རྒན་དཔེ་བཟང་ཅན"གྱི་བྱ་དགའ་ཐོབ། 1991ལོར་ཁུལ་རིམ་པའི"ལག་རྩལ་མི་སྣ་ཕུལ་བྱུང་ཅན"ལ་བདམས། 1998ལོར་ཁུལ་བོད་ཀྱི་སློབ་གསོའི་ཐེབས་རྩ་ཚོགས་པའི"དགེ་རྒན་ཕུལ་བྱུང་ཅན"གྱི་བྱ་དགའ་ཐོབ་པ་དང་། 1996ལོར་འབྲིང་རིམ་ཆེད་གཉེར་སློབ་གྲྭའི་མཐོ་རིམ་འཆད་ཁྲིད་པ་ཞེས་པའི་གོ་མིང་ཐོབ། 1995ལོ་ནས1997ལོའི་བར་དགེ་རྒན་གཞན་དང་བསྡེབས་ཏེ་ཞིང་ལྗོངས་ལྔའི་དགེ་འབྲིང་གི་བོད་སྐད་ཡིག་སློབ་གཞི《ལྟ་ཀློག་དང་རྩོམ་སྟངས》དེབ་བརྒྱད་ཅན་དང་།  བརྡ་སྤྲོད་དེབ་གཅིག་མ་དང་། སྙན་ངག་དེབ་གཅིག་མ་བཅས་དེབ་བཅུ་ཅན་ཞིག་རྩོམ་སྒྲིག་བྱས་ཤིང་། རྒྱལ་ཡོངས་སློབ་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་བྱས་ནས། 1999ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཏེ་རྒྱལ་ཡོངས་སུ་བཀྲམ་ལ། 2000ལོར་དེ་ལ་རྒྱལ་ཁབ་སློབ་གསོ་པུའུ་ཡི་བྱ་དགའ་ཨང་གཉིས་པ་ཐོབ། 2000ལོར་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་རྐང་འཛིན་པར་བདམས། 2001ལོ་ནས་ད་ལྟའི་བར་གཙོས་མི་རིགས་དགེ་ཐོན་ཆེད་གཉེར་སློབ་གྲྭའི་བོད་ཡིག་སློབ་སྐོར་གྱི་དགེ་རྒན་གྱི་འགན་བཞེས། སློབ་གྲྭའི་བཀོད་སྒྲིག་ལྟར་བོད་ཡིག་སློབ་སྐོར་གྱི་བསླབ་གཞི་ལ《བོད་ཀྱི་ལོ་རྒྱུས་སྤྱི་དོན་བློ་གསལ་འཇུག་ངོགས》ཞེས་པ་བརྩམས་པ་དང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཏེ་བཀྲམ་ཞིང་། སློབ་ཚན་འདི་སློབ་གྲྭ་རིམ་པའི་དཔེ་བཟང་སློབ་ཚན་དུ་བདམས། སློབ་གྲྭ་འདི་རུ་སྔ་གཞུག་ཏུ"དགེ་རྒན་ཕུལ་བྱུང་ཅན"དང"དཔེ་ཁྲིད་ཕུལ་བྱུང་ཅན""དགེ་བཟོ་ཡ་རབས་ཅན"སོགས་ཀྱི་མཚན་སྙན་མང་བོ་ཐོབ་ཅིང་། 2004ལོར་སློབ་དཔོན་ཆེན་མོ་གཞོན་པའི་གོ་མིང་ཐོབ།
    གཞན་ད་དུང1985ལོ་ནས་ད་ལྟའི་བར་རྒྱལ་ཡོངས་བོད་ཡིག་བསླབ་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གྲས་སུ་ཞུགས་ཤིང་། སྔ་ཕྱིར་ཞིང་ལྗོངས་ལྔའི་སློབ་གྲྭ་ཆུང་འབྲིང་གི་རྩིས་རིག་དང་དངོས་ལུགས། རྫས་འགྱུར་གསུམ་གྱི་བོད་ཡིག་བསླབ་དེབ་ཞིབ་བཤེར་བྱ་བར་ཞུགས་པ་དང་། རྩིས་རིག་དང་དངོས་ལུགས།  རྫས་འགྱུར། སྐྱེ་དངོས་བཅས་ཀྱི་མིང་མཛོད་རྒྱ་བོད་དབྱིན་གསུམ་ཤན་སྦྱར་གྱི་སྒྲིག་སྒྱུར་བྱ་བར་ཞུགས་ནས་པར་དུ་བསྐྲུན་དང་སྐྲུན་བཞིན་ཡོད་ལ། ཀྲུང་གོ་བོད་རིག་པའི་ལྟེ་གནས་གཙོ་བྱས་པའི་ཞིང་ལྗོངས་ལྔའི་མི་སྣ་དང་བསྡེབས་ནས་རྒྱ་བོད་དབྱིན་གསུམ་གྱི་རྩིས་འཁོར་མིང་མཛོད་སྒྲིག་སྒྱུར་བྱས་ཤིང་པར་དུ་བསྐྲུན་ནས་རྒྱལ་ཡོངས་ལ་བཀྲམ། གཞན་ཡང་སྔ་གཞུག་ཏུ《བོད་ལྗོངས་ཞིབ་འཇུག》དང《ཟླ་ཟེར》《གཙོས་མི་རིགས་དགེ་ཐོན་ཆེད་གཉེར་སློབ་གྲྭའི་རིག་གཞུང་དུས་དེབ》སོགས་སུ《སྐད་གཉིས་སློབ་ཁྲིད་སྐོར་གླེང་བ》དང《བོད་སྐད་ཡིག་སློབ་ཁྲིད་དུ་བརྡ་སྤྲོད་དང་སྙན་ངག་གཉིས་གལ་ཆེ་བའི་སྐོར་རགས་ཙམ་གླེང་བ》《བོད་ཀྱི་ལོ་རྒྱུས་དུས་རིམ་དབྱེ་སྟངས་སྐོར་ལ་དཔྱད་པ》《སྟོད་ཀྱི་སྟེང་གཉིས་དང་དེའི་སྐབས་ཀྱི་སྤྱི་ཚོགས་ངོ་བོ་ལ་རགས་ཙམ་དཔྱད་པ》སོགས་དཔྱད་རྩོམ་དུ་མ་ཕུལ་ཡོད། གང་ལྟར་དགེ་རྒན་ཆེན་མོ་དགེ་འདུན་རྒྱ་མཚོས་དུས་དང་རྣམ་པ་ཀུན་ཏུ་མི་རིགས་རང་གི་སྐད་ཡིག་གམ་མི་རིགས་སློབ་གསོའི་འཕེལ་རྒྱས་ལ་ལྷག་བསམ་རྣམ་དག་དང་ནུས་པ་ཡོད་དགུ་རྩལ་དུ་སྤྲུགས་ནས་བརྩོན་པར་བརྟེན། རྒྱལ་ཁབ་དང་མི་རིགས་ལ་སྲི་ཞུའི་ནུས་པ་ཐོན་པའི་དེང་རབས་ཀྱི་ཤེས་རིག་གི་བློ་རྒྱ་ཡངས་ཤིང་། རྣམ་དཔྱོད་ཀྱི་རྩལ་དྲུག་ལྡན་པའི་སློབ་བུ་མང་བོ་བསྐྱེད་བསྲིངས་བྱས་དང་བྱེད་མུས་སུ་ཡོད།།
རྩོམ་སྒྲིག་པ། ཡུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།