中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > སློབ་གསོའི་མི་སྣ། >
༄༅།། རིག་གནས་སློབ་གསོ་བ་ཡོན་ཏན་ལྷུན་གྲུབ།
དུས་ཚོད།2016-11-02 16:15:07     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ། རྩོམ་པ་པོ། དཀོན་མཆོག་སྒྲ་དབྱངས་རྒྱ་མཚོ།    ཆུང་། | འབྲིང་། | ཆེ།
   ཡོན་ཏན་ལྷུན་གྲུབ་ནི1952ལོར་ཀླུ་ཆུ་སྔོན་མོ་དལ་གྱིས་འབབ་པའི་ཉེ་འགྲམ་དུ་སྐྱེས་ཤིང་། ལོ་ན་ཆུང་བའི་དུས་ནས་བཟུང་རྣམ་རིག་ཤིན་ཏུ་རྒོད་ཅིང་ཤེས་བྱ་ཡོན་ཏན་སྦྱངས་པའི་མོས་པ་འགྱུར་རྒྱུ་མེད་པར་བརྟེན། སྔ་གཞུག་ཏུ་ལོ་ཡི་བགྲང་བྱ་དུ་མའི་རིང་ལ་ཁོང་ཉིད་གནམ་འཕང་བསྟོད་པའི་རྒོད་པོ་ཇི་བཞིན་ཤེས་བྱ་རིག་པའི་མཁའ་དབྱིངས་སུ་ཅི་དགར་རྩེན་པས་ན། ཁོང་ཉིད་ཀྱི་བྱིས་བློའི་འཛིན་མའི་སྣོད་དུ་བོད་རྒྱ་ཟུང་གི་ཡོན་ཏན་གྱི་མཚོ་ཆུང་ཞིག་བསྐྱིལ་འགོ་བརྩམས་པ་དང་ལྷན་དུ། བསླབས་པའི་སྦྱང་ཚན་ཁག་ལ་ཕུལ་བྱུང་གི་འབྲས་བུ་ལེགས་པོ་བླངས་ནས་བདེ་བླག་ངང་ཁུལ་དགེ་ཐོན་སློབ་གྲྭ་རུ་སོང་། སློབ་གྲྭ་དེ་ག་ནས་ཁོང་གིས་དཀའ་ངལ་སྣ་ཚོགས་ལ་མགོ་མ་སྨད་པར་ལྕགས་དབྱུག་ཁབ་ཏུ་བརྡར་བའི་དཔེ་བཞིན། སུན་སྣང་མེད་པར་བསླབ་བྱ་དག་ལ་བརྩོན་པ་ལྷོད་མེད་བྱས་པའི་མུར། ནམ་ཡང་བསམ་པ་རྒྱ་ཡན་དུ་མ་བཏང་བར་དཀའ་གནད་ཀྱི་སྐོར་དགེ་རྒན་རྣམས་ལ་དྲིས་ཏེ། བློ་ཡིས་ཞིབ་པར་སྦྱངས་པའི་ལས་ལ་རྩེ་གཅིག་ཡིད་ཀྱིས་གཞོལ་བར་བྱས་ནས་སྔར་ལས་ཟབ་པའི་ཡོན་ཏན་གྱིས་ཁོང་གི་བློ་ངོར་ལེགས་པར་བརྒྱན། 1968ལོའི་མཐར་ཕྱིན་ཁར་ཁོང་ཉིད་ཀྱིས་བསླབས་ཟིན་པའི་ཡོན་ཏན་དང་ཤེས་བྱ་མཐའ་དག་མ་ལུས་པར་ཕ་ཡུལ་གྱི་སློབ་གསོར་འབུལ་རྒྱུའི་དམ་བཅའི་རི་མོ་གསལ་བོར་བཀོད།
   དེ་ནས་ཕ་ཡུལ་དུ་ལོ་ཡི་བགྲང་བྱ་ལྔའི་རིང་ལ་འབྲོག་ཁུལ་གྱི་སློབ་མ་ཚོར་ཤེས་བྱའི་སྦྲང་རྩི་ཆད་མེད་དུ་བཏུང་བར་འཇུག་ཆེད་སློབ་ཁྲིད་ཀྱི་ཐད་བརྩོན་པའི་སེམས་ཤུགས་ནམ་ཡང་ལྷོད་མ་མྱོང་བ་དང་། ཁོང་གིས་དུས་རྣམ་ཀུན་ཏུ་ཡིད་ལ་དགེ་རྒན་ནི་སློབ་གསོའི་བྱ་བ་གཉེར་མཁན་ཡིན་པས། དཔེ་ཁྲིད་ལེགས་པོ་བྱེད་པ་དང་སྤུས་ཚད་མཐོར་འདེགས་སུ་གཏོང་རྒྱུ་ནི་གལ་བོ་ཆེ་ཞིག་ཡིན་པར་སྙམ་སྟེ། ཁོམ་ལོང་ཕྲ་མོ་ཙམ་ཡང་ཆུད་ཟོས་སུ་མ་བཏང་བར་སེམས་ཤུགས་ཡོད་ཚད་དཔེ་ཁྲིད་ཀྱི་སྟེང་དུ་བཏོན་ནས་སྐབས་བབ་ཀྱི་བྱ་བར་འབྲས་བུ་ལེགས་པོ་བླངས་པར་བརྟེན། གོང་རིམ་རྩ་འཛུགས་ཀྱིས་ཁོང་ཉིད་ཀྱི་འཇོན་ཐང་ལ་གཞིགས་ཏེ། 1974ལོར་ཀན་ལྷོའི་མི་རིགས་སློབ་གྲྭར་ལས་གནས་སྤོར་ནས་དགེ་རྒན་གྱི་འགན་བསྐྱོན། ཁོང་གིས་ཀྱང་སློབ་གྲྭ་དེ་གར་གཉིད་ཆག་ཟས་བརྗེད་ཀྱི་བརྩོན་པ་བསྐྱེད་ནས་དཔེ་ཁྲིད་ཀྱི་ཐད་དུ་རང་དཔེ་གཞན་སྟོན་དང་སྣེ་ཁྲིད་ཀྱི་མིག་དཔེའི་ནུས་པ་བཏོན་པས། སློབ་གྲྭ་དེ་གས་ཁོང་ཉིད་གུང་གཞོན་ཚོགས་པའི་ཧྲུའུ་ཅི་ལ་བསྐོ་བཞག་བྱས་ཏེ་སློབ་མའི་བསམ་བློའི་སློབ་གསོ་དང་སྤུས་ཚད་འཛིན་པའི་ལས་དོན་སྒྲུབ་ཏུ་བཅུག  དེ་དང་མཉམ་དུ་ཁོང་གིས་ཀྱང་མུ་མཐུད་དུ་འགན་བབ་ཀྱི་བྱ་བ་སྒྲུབ་པའི་ཞོར་དུ་སློབ་མའི་ཚུལ་ལྡན་གྱི་སྤྱོད་ལམ་དམ་པོར་བཟུང་སྟེ་གྲུབ་འབྲས་ངེས་ཅན་ཞིག་བླངས། 1977ལོར་ཁོང་གིས་རྒྱུགས་འབྲས་ཕུལ་དུ་བྱུང་བ་བླངས་ཏེ་ཀུན་གྱི་ཡིད་སྨོན་འཆོར་སའི་ཀྲུང་དབྱང་མི་རིགས་སློབ་གླིང་གི་རྒྱའི་སྐད་ཡིག་སློབ་སྐོར་དུ་ཕྱིན་ཏེ། སློབ་གླིང་དེ་གའི་དགེ་རྒན་རྣམས་ལ་བསྟེན་ནས་བརྒྱུད་རིམ་ལྡན་པའི་ངང་རྒྱའི་ཤེས་བྱ་ལ་འབད་པ་ཞིབ་མོས་སྦྱངས་པས། བསླབས་པའི་སྦྱོང་ཚན་ཁག་ལ་ཉམས་དགའ་བའི་འབྲས་བུ་ལེགས་པོ་བླངས་ནས་མཐར་ཕྱིན་ཁར་ཁོང་ཉིད་སློབ་གླིང་དེ་གའི་དགེ་རྒན་ནམ་རྒྱལ་ཁབ་ལས་ཁུངས་སུ་འཇོག་རྩིས་བྱས་རུང་། ཁོང་གིས་དེ་གའི་འགོ་ཁྲིད་དང་དགེ་རྒན་རྣམས་ལ་ཕྱིར་ཕ་ཡུལ་དུ་ལོག་རྒྱུའི་ཆོད་སེམས་བསྟན།
   1982ལོར་གོང་རིམ་རྩ་འཛུགས་ཀྱིས་ཁོང་ཉིད་དང་ཐོག་ཁུལ་ཨུའི་དྲུང་ཡིག་ཁྲུའུ་རུ་ལས་བགོས་མཛད་དེ། ལོ་ཡི་བགྲང་བྱ་གཉིས་ཀྱི་རིང་ལ་སྲིད་དོན་བགྱི་བ་ཕྲག་ཏུ་བླངས་ཏེ། བྱ་གཞག་གསར་གཏོད་ཀྱི་ལམ་དུ་འགྲོ་བར་འབད་འབུངས་བྱས། 1983ལོར་རྩ་འཛུགས་ཀྱིས་ཁོང་ཉིད་ཁུལ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པར་བསྐོ་བཞག་བྱས་རྗེས། ཁོང་གིས་སྔ་གཞུག་ཏུ་ཁུལ་ཡོངས་ཀྱི་སློབ་གསོའི་བྱ་བ་མཐའ་དག་མ་འཆོལ་བར་དམིགས་པའི་འབེན་ལྟར་ལྷོད་གཡེང་མེད་པར་བརྩོན་པ་བྱས། 1986ལོར་གོང་རིམ་གྱིས་ཁོང་ཉིད་ཀླུ་ཆུ་རྫོང་ཨུའི་ཧྲུའུ་ཅི་གཞོན་པར་བསྐོས་ཏེ། སྲིད་དོན་གྱི་གར་སྟེགས་སྟེང་དུ་རང་གི་ཤེས་བྱའི་འཇོན་ཐང་ངོམ་དུ་བཅུག  1989ལོར་མིང་གྲགས་ཆེ་བའི་ཀན་ལྷོའི་མི་རིགས་སློབ་གྲྭའམ་ད་ལྟར་ཁུལ་བོད་རིགས་འབྲིང་རིམ་ཆེད་གཉེར་སློབ་གྲྭ་རུ་འབོད་པར་ཤ་ཚ་ཞིང་བློ་དཀར་བ། སྙིང་རུས་ཅན་གྱི་སློབ་གཙོ་ཞིག་མཁོ་བར་གོང་རིམ་རྩ་འཛུགས་ཀྱིས་ཁོང་ཉིད་བདམས་ཏེ། སློབ་གྲྭ་དེ་གའི་སློབ་གཙོའམ་ཏང་ཀྲི་པུའུ་ཧྲུའུ་ཅི་ལ་བསྐོ་བཞག་བྱས། ཁོང་གིས་ཀྱང་ལོ་ངོ་དུ་མའི་སློབ་གསོའི་ཉམས་མྱོང་ལ་བསྟུན་ནས་སློབ་ཁྲིད་ཀྱི་སྤུས་ཚད་ཇེ་མཐོ་དང་སློབ་གྲྭ་དོ་དམ་གྱི་ལས་ལ་དོན་གཉེར་བྱས་ཤིང་། དུས་མཚུངས་སུ་ཁོང་གིས་ནམ་རྒྱུན་དུ་སེམས་ལ་སློབ་གྲྭ་འདི་སྒྲུབ་པར་ཕྱིའི་ཁོར་ཡུག་གི་འཛུགས་སྐྲུན་ཙམ་གྱིས་མི་ཆོག་པར། ནང་གི་སྒྲིག་གཞིའི་འཛུགས་སྐྲུན་ནི་ཤིན་ཏུ་གལ་ཆེ་བར་སྙམ་སྟེ། བློ་ཐག་རྦད་ཆོད་དང་ཐབས་བརྒྱ་ཇུས་སྟོང་གིས་ནང་གི་སྒྲིག་གཞི་འཐུས་ཚང་དུ་བཏང་བའི་ཐོག  སློབ་གྲྭའི་སྒྲིག་ལམ་དམ་འཛིན་བྱས་ནས་བཟང་བོར་བྱ་དགའ་དང་ངན་པར་ཆད་པ་སོགས་ཀྱི་ལམ་ལུགས་བཙུགས་ཏེ། ཐབས་མཁས་ཀྱི་བྱ་བས་སློབ་གྲྭའི་རྣམ་པ་ཡོངས་སུ་ཇེ་ལེགས་སུ་བཏང་བས་སྤྱི་ཚོགས་ཀྱི་སྟེང་དང་ཡང་ན་སློབ་གྲྭའི་དགེ་རྒན་ཚོས་གཟེངས་བསྟོད་ཀྱི་མཐེ་བོང་མི་སྒྲེང་མཁན་གཅིག་ཀྱང་མེད། སྒོས་སུ་ཁོང་གིས་དགེ་རྒན་ཚོའི་སྣེ་ཁྲིད་ནས་སྔར་ཡོད་ཀྱི་བསླབ་བྱའི་ཁྲིད་གཞི་མཐའ་དག་ལེགས་བཅོས་དང་ཁ་སྣོན། གསར་བདམས་བཅས་བྱས་པ་མ་ཟད། ལོ་བཞིའི་ལུགས་ཀྱི་འབྲིང་རིམ་བོད་ཀྱི་དགེ་འོས་སློབ་གྲྭའི་བོད་སྐད་ཡིག་གི་སློབ་ཁྲིད་རྩ་འཛིན་འབྲི་བའི་འགན་ཁུར་ཏེ། ཞིང་ལྗོངས་ལྔའི་མཉམ་སྒྲིག་བོད་ཡིག་སློབ་གཞི་མ་དེབ་དང་བོ་ནས་བཅུ་བའི་བར་ལེགས་སྒྲིག་བྱས་པར་བརྟེན། ཞིང་ལྗོངས་ལྔའི་འབྲིང་རིམ་དགེ་ཐོན་སློབ་མའི་བསླབ་གཞིར་བདམས་པའི་ཁར། རྒྱལ་ཁབ་སློབ་གསོ་པུའུ་ཡིས་རྒྱལ་ཡོངས་མཐོ་རིམ་ཆེད་གཉེར་སློབ་གྲྭའི་ཕུལ་བྱུང་བསླབ་གཞིའི་བྱ་དགའ་ཨང་གཉིས་པ་གནང་བ་ནི་རང་ཁུལ་ལ་མཚོན་ན་གཟི་བརྗིད་ལྡན་པའི་བྱ་བ་ཞིག་ཡིན་པ་མ་ཟད། ཁོང་ཉིད་གཙོ་བྱས་ནས་དགེ་རྒན་རྣམས་ཀྱི་ལོ་ཡི་བགྲང་བྱ་མང་བོར་འབད་པ་བྱས་པའི་གྲུབ་འབྲས་ཤིག་ཀྱང་ཡིན།
   1998ལོར་ཁོང་ཉིད་ཁུལ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་ལ་བསྐོས་པ་ན། ཁོང་གི་བསམ་པར་རྩ་འཛུགས་ཀྱིས་རང་ལ་སྤྲད་པའི་བྱ་བ་འདི་ཕུན་སུམ་ཚོགས་པ་ཞིག་བསྒྲུབ་དགོས་པར་སྙམ་སྟེ། ཁུལ་ཡོངས་ཀྱི་སློབ་གསོའི་ལས་དོན་མཐོ་རུ་འདེགས་པར་རང་དཔེ་གཞན་སྟོན་གྱི་ཚུལ་དུ་མི་འགྱུར་ཀ་བ་ལྟར་ལངས་ནས། སློབ་གསོའི་བྱ་བ་སྤྱི་དང་སྒོས་སུ་མི་རིགས་སློབ་གསོར་ཐུགས་ཁུར་ཚད་མེད་གནང་སྟེ། དར་རྒྱས་གོང་འཕེལ་དུ་གཏོང་བའི་སེམས་ཤུགས་དེ་ཉིན་གཅིག་ལ་ཡང་ཡིད་ནས་བོར་མ་མྱོང་།  ཐེངས་གསུམ་ལ་ཁུལ་སློབ་གསོ་ཅུས་སུ་སོང་སྟེ་ལོ་ཡི་བགྲང་བྱ་དུ་མའི་རིང་ལ་སློབ་གསོའི་སྲིད་འཛིན་དོ་དམ་གྱི་བགྱི་བ་ཕྲག་ཏུ་བླངས་ཏེ། རང་ཁུལ་གྱི་ཡུལ་གྲུ་ཀུན་ཏུ་མ་སོང་བའི་ས་དང་མ་བརྒྱུད་པའི་ལམ་མེད་པར་དུས་རབས་ཀྱི་གོམ་འགྲོས་དང་བསྟུན་ནས་རང་ནུས་གང་ཡོད་ཀྱིས་མི་རིགས་ཀྱི་འབྱུང་འགྱུར་ལ་ཕན་པའི་བྱ་བ་འབོར་ཆེན་ཞིག་སྒྲུབ་པའི་དུས་མཚུངས་སུ། ཀན་ལྷོའི་མི་རིགས་སློབ་གསོ་གོང་དུ་སྤེལ་བའི་ཁྱད་ཆོས་ལ་གཞིགས་ཏེ། "སློབ་སྒྲུབ་ཀྱི་ལམ་བུ་ལྔ"བདམས་ནས་དེའི་ཁྲོད་ཀྱི་དུས་རིམ་གསར་བའི་སློབ་གསོ་དང་མཐུན་པའི་ཉམས་མྱོང་གསུམ་བླངས་ནས་དར་སྤེལ་བྱས། དེའི་ཐད་ནས་ཁོང་གི་མནོ་བསམ་གྱི་ནུས་པ་ཤིན་ཏུ་ཆེ་ཞིང་རྣམ་དཔྱོད་ཀྱི་མཐུ་རྩལ་ཡོངས་སུ་རྫོགས་པ་ཞིག་ཡིན་པ་གཞི་ནས་རྟོགས་ཐུབ།
   གཞན་ཡང་ཁོང་གིས་ཁུལ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གི་འགན་ཁུར་བའི་དུས་ནི་ཀན་ལྷོའི་རྨང་གཞིའི་སློབ་གསོ་གོང་དུ་སྤེལ་བ་ཆེས་བཟང་ཞིང་མགྱོགས་པའི་ལོ་ལྔ་ཡིན་ལ། ཁུལ་ཡོངས་སུ་དམའ་རིམ་འོས་འགན་སློབ་གསོ་ཁྱབ་གདལ་དུ་གཏོང་བ་མངོན་འགྱུར་བྱུང་། སྐབས་དེར་སློབ་གསོའི་སྲིད་ཇུས་དང་དེའི་ཐད་ཀྱི་ཁྲིམས་སྲོལ་བཏོན་པ་མང་ཞིང་སློབ་གསོ་བཅོས་བསྒྱུར་གྱི་གནས་ཚུལ་ཆེས་ལེགས་ཤིང་སློབ་གསོའི་གྲོན་དངུལ་གཏོང་བ་ཆེས་མང་བས། རང་ཁུལ་གྱི་སློབ་གསོའི་སྤྱིའི་ཆ་ནས་སྔ་ན་མེད་པའི་འཕེལ་རྒྱས་བྱུང་ནས། ཁོང་ལ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀན་སུའུ་ཞིང་ཆེན་གྱི་ཕུལ་བྱུང་ཆེད་མཁས་པའི་གོ་མིང་གནང་བ་མ་ཟད། 2001ལོར་རྒྱལ་ཡོངས་ཀྱི་ཕལ་ཆེར་གཉིས་ཀྱི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ། 2003ལོར་བྱ་བའི་དགོས་མཁོ་ལྟར་གོང་རིམ་གྱིས་ཁོང་ཉིད་ཁུལ་རིག་གནས་པར་སྐྲུན་ཅུས་ཀྱི་ཅུས་ཀྲང་ལ་བསྐོས་ཤིང་། ཁོང་གིས་ཀྱང་གོང་རིམ་གྱི་བཀའ་མངགས་དང་ལེན་བྱས་ནས་རིག་གནས་སྡེ་ཁག་ཏུ་སོང་བ་ན། མིག་མདུན་དུ་མངོན་པ་ནི་གཞུང་སྒྲུབ་ཁང་བ་རྙིང་ཧྲུལ་ཡིན་པ་དང་སྒྲིག་གཞི་ཐབས་ཆག་ཡིན་པས། ཁོང་གི་ཡིད་ལ་རིག་གནས་ཐོག་ཁང་ཆེན་པོ་ཞིག་འཛུགས་སྐྲུན་བྱ་རྒྱུའི་ཆོད་སེམས་བཅངས་ཏེ། ཉིན་ཞག་གི་ཕྲེང་བ་རེ་རེ་དང་ལོ་ཟླ་ཡི་འཁོར་མོ་རེ་རེར་མ་དངུལ་བརྩོན་ལེན་བྱས་པའི་གཞུ་རྒྱུད་ནམ་ཡང་ལྷོད་མ་མྱོང་བར་བརྟེན། 2007ལོར་རིག་གནས་སྡེ་ཁག་གི་ཐོག་ཁང་གི་བ་གམ་མངོན་པར་མཐོ་བ་ཞིག་ལེགས་པར་བསྐྲུན་ཏེ་ལས་ཁོང་གི་རིག་པའི་རྣམ་དཔྱོད་མཚོན་ཡོད། དེ་ལྟར་རིག་གནས་ལས་ཁུངས་ཀྱི་ཆ་རྐྱེན་ཇེ་ལེགས་སུ་བཏང་བའི་དུས་མཚུངས་སུ། ཀན་ལྷོ་བོད་ཀྱི་ཟློས་གར་ཚོགས་པ་དང་ཀན་ལྷོ་བོད་ཀྱི་གླུ་གར་ཚོགས་པ་གཉིས་ལྷན་དུ་སྦྱར་ཏེ། ལོགས་སུ་ཀན་ལྷོ་བོད་ཀྱི་གླུ་བྲོའི་ཟློས་གར་གླིང་བཙུགས་པའི་ཐོག  རང་ནུས་གང་ཡོད་བཏོན་ནས་ཀན་སུའུ་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པའི་སྒོ་བྱང་ཡང་དེ་གར་བཀལ་བས། རིག་གནས་སྡེ་ཁག་གི་ཧུར་བརྩོན་རང་བཞིན་ཇེ་མཐོར་བཏང་།
   ཡོན་ཏན་ལྷུན་གྲུབ་ཀྱིས་ལོ་ཡི་བགྲང་བྱ་མང་པོའི་རིང་ལ་ཉིན་རྒྱུན་གྱི་བྱ་བའི་ཞོར་དུ་སེམས་ཞིབ་མོས་ཆེད་རྩོམ་དང་བསྒྱུར་རྩོམ་མང་དུ་བྲིས། འབྲིང་རིམ་ཆེད་གཉེར་སློབ་གྲྭའི་བསླབ་དེབ《བོད་རྒྱའི་ལོ་ཙཱ》(སྟོད་ཆ)དང《ཀན་ལྷོ་ཁུལ་བོད་རིགས་འབྲིང་རིམ་ཆེད་གཉེར་སློབ་གྲྭའི་གནས་ཚུལ་མདོར་གསལ》སོགས་བྲིས་ཤིང་། སྔ་གཞུག་ཏུ《མི་རིགས་སློབ་གསོ་ཞིབ་འཇུག》དང《ཀྲུང་གོའི་མི་རིགས་སློབ་གསོ》《ཀན་སུའུ་སློབ་གསོ》《ཀན་སུའུ་མི་རིགས་ཞིབ་འཇུག》《ཀན་སུའུ་རིག་གནས》《ཀན་ལྷོའི་སློབ་གསོ》སོགས་དུས་དེབ་ཏུ་ཆེད་རྩོམ་བཅུ་ལྷག་སྤེལ་བ་དང་། དེའི་ཁྲོད་ཀྱི་ཆེད་རྩོམ་འགའ《ཀྲུང་གོའི་ས་ཁུལ་འགོ་ཁྲིད་པའི་གཏམ་ལས་བཅོས་བསྒྱུར་གླེང་བ》དང་། 《གསར་གཏོད་པའི་ཆེད་རྩོམ་གཅེས་བསྡུས》《ཀྲུང་གོའི་རྨང་གཞི་སློབ་གསོའི་ཆེད་རྩོམ་དཔེ་ཚོགས་ཆེན་མོ》《དེང་རབས་ཀྲུང་གོའི་རིག་གཞུང་ཞིབ་འཇུག་གྲུབ་འབྲས་ཀྱི་སྙིང་བཅུད》སོགས་རྒྱལ་ཁབ་རིམ་པའི་དཔེ་ཚོགས་སུ་བདམས།
   གཞན་ཡང་ཞིབ་འཇུག་གི་ཆེད་རྩོམ་འགའ་ཡོད་དེ། དེའི་ཁྲོད་ཀྱི《བོད་ཀྱི་ཡིག་བསྒྱུར་གྱི་འཕེལ་རྒྱས་དང་དེས་བོད་ཀྱི་རིག་གནས་ལ་ཤུགས་རྐྱེན་ཐེབས་པའི་སྐོར》ཞེས་པ་དེ《མཚོ་འགག་འགྲམ་གཉིས་ཀྱི་ཆེད་རྩོམ་ཕྱོགས་སྒྲིག》ཏུ་བདམས། དེ་མིན《འབྲུག་དཀར་གཙང་བོའི་འབྱུང་ཡུལ་གྱི་དགོན་སྡེ་དང་བོ》ཞེས་པའི་ཆེད་རྩོམ་དེ《མདོ་སྨད་ཞིབ་འཇུག》དུས་དེབ་ཏུ་སྤེལ།  ད་དུང《བོད་ཀྱི་གཏམ་དཔེ་ཕྱོགས་སྒྲིག》འཚོལ་བསྡུ་དང་དག་སྒྲིག་བྱས་ཤིང་། གློག་བརྙན་གྱི་འཁྲབ་གཞུང《གླང་དར་མ་འུ་དུམ་བཙན》བོད་ཡིག་ཏུ་བསྒྱུར་ནས《མཚོ་སྔོན་ཁྲིམས་ལུགས་ཚགས་པར》དུ་མུ་འགོད་བྱས་ཤིང་། 《ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འོས་འགན་སློབ་གསོའི་བཅའ་ཁྲིམས་དྲིལ་བསྒྲགས་ཀློག་དེབ》བསྒྱུར་སྒྲིག་བྱས་ནས་པར་དུ་བཏབ། གཞན་པར་སྐྲུན་གྱི་ཐད་ནས་ཁོང་གིས་བསྒྲིགས་པའི《བོད་ཡིག་རྨོངས་སེལ་བསླབ་དེབ》དང《སློབ་བུའི་སྦྱངས་རྩོམ་དཔྱིད་ཀྱི་མེ་ཏོག》ཅེས་པའི་རྩོམ་དེབ་པར་དུ་བསྐྲུན་པ་དང་། ཁོང་གིས《བོད་ཀྱི་དམངས་ཁྲོད་གཏམ་རྒྱུད》རྒྱ་ཡིག་ཏུ་བསྒྱུར་ནས་པར་སྐྲུན་བྱས་ཤིང་། ཁོང་གི་སློབ་གསོའི་ཆེད་རྩོམ་ཕྱོགས་སྒྲིག《རེ་བ་དོན་དུ་གཉེར་བའི་མཆོང་སྐྱོད》པར་དུ་བསྐྲུན་པ་བཅས་བྱས་ཏེ་ཀློག་པ་པོའི་སེམས་ཀྱི་གསོས་དང་མིག་གི་བདུད་རྩིར་སྤེལ་ནས་རྩྭ་ཐང་གི་གཞི་ལ་རྐང་རྗེས་ཟབ་མོ་བཞག་ཡོད་དོ།།
རྩོམ་སྒྲིག་པ། ཡུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།