中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > དམངས་སྲོལ། > གོམས་སྲོལ། >
༄༅།། བོད་ཀྱི་འདས་མཆོད་ལས་སྦྱིན་སྲེག་གི་སྐོར་ཅུང་ཅད་གླེང་བ།
དུས་ཚོད།2019-04-03 11:19:10     རྩོམ་གྱི་ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ལྷ་མོ་སྐྱིད།     ཆུང་། | འབྲིང་། | ཆེ།
[ནང་དོན་གནད་བསྡུས]དཔྱད་རྩོམ་འདིའི་ནང་དུ་བོད་མི་རིགས་ཀྱི་ལོ་རྒྱུས་རིང་མོའི་ནང་དུ་རང་གི་ཐུན་མོང་མ་ཡིན་པའི་འབྱུང་བའི་རིག་གཞུང་དང་འབྲེལ་ནས་འདས་མཆོད་ཀྱི་བྱེད་སྒོ་སྤེལ་ཚུལ་ཏེ།སྤྱིར་བཏང་དར་ཁྱབ་ཆེ་བའི་རིགས་ས་ཆུ་མེ་རླུང་ལ་བསྐུར་བ་བཞི་ལས་མེ་ལ་ཐིམ་པ་སྦྱིན་སྲེག་གི་སྐོར་རྩོམ་པ་པོའི་རང་གི་སྐྱེས་ཡུལ་ལ་དར་ཆེ་བ་དར་ཁྱབ་ཆེ་བ་དང་རྩོམ་པ་པོའི་རང་གི་སྐོར་མཐོང་ཐོས་མྱོང་བ་ཇི་བཞིན་དུ་སྔོན་འགྲོ་དང་ཆོ་ག་སྒྲུབ་ཚུལ་སོགས་བཀོད་ཡོད།
 
[བརྡ་ཆད་གཙོ་བོ] འབྱུང་བཞི། འདས་མཆོད། སྦྱིན་སྲེག།
 
དང་པོ། འབྱུང་བའི་རིག་གཞུང་དང་འབྲེལ་ནས་འདས་མཆོད་སྤྱིར་བཤད་པ།
    དེ་ཡང་ཟག་བཅས་ཀྱི་ཕུང་བོ་འདི་ཉིད་ཐོག་མར་ཕ་མའི་ཁུ་ཁྲག་དང་རྣམ་ཤེས་སེམས་གསུམ་གྱིས་བསྐུལ་ཏེ་མངལ་དུ་ཆགས་པ་ནས་འཇིག་རྟེན་འདིར་སྐྱེ་བ་དང་ཐ་མར་འཇིག་ནས་འཆི་བའི་གོ་རིམ་བར་དུ་འབྱུང་བ་བཞི་སྟེ་ས་ཆུ་མེ་རླུང་བཅས་ཀྱི་ནུས་སྟོབས་ལ་བརྟེན་ནས་འགྱུར་བ་འགྲོ་དང་འགྲོ་བཞིན་ཡོད་ལ། ཕྱིའི་སྣོད་དང་ནང་བཅུད་ཀྱི་ཕུང་བོ་འདི་ཉིད་ཐམས་ཅད་ཀྱང་འབྱུང་བ་བཞི་ལས་གྲུབ་པ་ཡིན་ཏེ། རྒྱུད་བཞི་ལས།འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ། སོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད། གཉེན་པོའི་སྨན་ཡང་འབྱུང་བཞི་ངོ་བོ་ཉིད།། ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ།།ཞེས་གསུངས་པ་ཇི་བཞིན་དུ་ཟག་བཅས་ཀྱི་ཕུང་བོ་འདི་ཉིད་འབྱུང་བ་བཞི་ལས་གྲུབ་པ་དང་དེ་ལ་འབྱུང་ཁམས་སྙོམས་མི་སྙོམས་ཀྱི་དབང་གིས་ནད་ཀྱི་ངོ་བོ་མངོན་ནས་འཚེ་བར་བྱེད་པ་དང་།དེ་སྙོམས་པར་བྱེད་པའི་གཉེན་པོ་སྨན་སྣ་ཚོགས་ཀྱང་འབྱུང་བཞི་ལས་གྲུབ་ལ།འབྱུང་བ་བཞིའི་གཉེན་པོ་ཡིས་འབྱུང་བ་བཞི་ལས་གྲུབ་པའི་ལུས་དེ་ཉིད་ཀྱི་འབྱུང་ཁམས་དེ་དག་སྙོམས་པར་བྱས་ནས་བདེ་བ་སྟེར་བ་ལྟར།དེ་ཡང་འབྱུང་བ་བཞི་སོ་སོ་ལས་ལུས་ཁམས་ཀྱི་ཆ་བསྐྱེད་ཚུལ་ཡང་རྒྱུད་བཞི་ལས།ས་ལས་ཤ་དང་རུས་པ་སྣ་དྲི་སྐྱེད།ཆུ་ལས་ཁྲག་དང་ལྕེ་རོ་རླན་པ་སྐྱེད།མེ་ལས་དྲོད་དང་མདོག་གསལ་མིག་གཟུགས་སྐྱེད།རླུང་ལས་དབུགས་དང་པགས་པ་རེག་བྱ་སྐྱེད།མཁའ་ལས་བུ་ག་སྣ་བ་སྒྲ་སྐྱེད་འགྱུར།ཞེས་གསུངས་པ་ཇི་བཞིན་དུ་ཤ་དང་རུས་པ་སོགས་ནི་ས་ལས་སྐྱེད་པ་དང་དེ་ཡི་ངོ་བོ་ཡིན་པ་ལྟར་དུ་ཆུ་ལས་ལུས་ཟུངས་ཁྲག་དང་དབང་བོ་ལྕེ་དང་དེ་ལ་བརྟེན་པའི་རོ་ནུས།ལུས་ཀྱི་བརླན་པའི་ཆ་རྣམས་སྐྱེད་པ་ཡིན།དེ་བཞིན་དུ་མེ་དང་རླུང་སོགས་ལས་ཀྱང་རང་གི་ངོ་བོ་དང་མཐུན་པ་རྣམས་བསྐྱེད་པར་གསུངས་པ་ཡིན་ལ།ལུས་གྲུབ་པ་ནས་བཟུང་འབྱུང་བ་ལྔ་བོའི་ལས་ཀྱི་ཐོག་མར་བསྐྱེད་པ་དང་བར་དུ་གནས་པ་ཐ་མར་ཐིམས་ནས་འཇིག་པར་བྱེད་དེ།ཡང་རྒྱུད་བཞི་ལས།ཤིན་ཏུ་ཉེ་བ་འབྱུང་བ་རྣམ་པ་ལྔ།དབང་བོ་ལྔ་པོ་རིམ་པས་ཐིམ་པ་སྟེ།།ས་ནུས་ཆུ་ལ་ཐིམ་པས་གཟུགས་མི་མཐོང་།ཆུ་ནུས་མེ་ལ་ཐིམ་པས་བུ་ག་སྐམ།མེ་ནུས་རླུང་ལ་ཐིམ་པས་དྲོད་རྣམས་སྡུད།རླུང་ནུས་མཁའ་ལ་ཐིམ་པས་ཕྱི་དབུགས་ཆད།ཅེས་གསུངས་པ་བཞིན་དུ་འཆི་བའི་ལྟས་ལ་དང་པོ་ས་ནུས་ཆི་ལ་ཐིམ་པའི་དབང་གིས་གཟུགས་མི་མཐོང་བར་འགྱུར་བ།དེ་ནས་ཆུ་ནུས་མེ་ལ་ཐིམ་པའི་དབང་གིས་བུ་ག་སྐམ་པར་འགྱུར་བ།དེ་ནས་མེ་ཡི་ནུས་པ་རླུང་ལ་ཐིམ་པར་འགྲོ་བས་དྲོད་ཐམས་ཅད་གཅིག་ཏུ་སྡུད་པར་འགྱུར་བ།ཐ་མར་རླུང་གི་ནུས་པ་མཁའ་སྟེ་སྟོང་བའི་ཆ་ལ་ཐིམ་པས་ཕྱི་ཡི་དབུགས་ཆད་ནས་འགྲོ་བར་འགྱུར་བ་བསྟན་པ་བཞིན་དུ་མི་ལུས་འདི་ཉིད་ཐོག་མར་འབྱུང་བ་བཞིའི་རང་བཞིན་དང་ལྡན་པའི་ཕ་མའི་ཁུ་ཁྲག་སེམས་གསུམ་ལས་གྲུབ་པ་དང་ཆེར་འཕེལ་བ།བར་དུ་འབྱུང་བ་བཞི་ལས་གྲུབ་པའི་ཕྱིའི་སྣོད་ཐམས་ཅད་དུ་ཐ་མལ་དུ་གནས་པ་དང་།ཐ་མར་འབྱུང་སྟོབས་ཉམས་ནས་འབྱུང་བ་རེ་རེ་བཞིན་ཐིམ་ནས་འཆི་བར་བྱེད་པ་ཡིན་ནོ།འདི་ནི་་རང་རེའི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་ལྟ་བ་ཞིག་ཡིན་པ་དང་འདི་དང་འབྲེལ་ནས་རང་ཅག་གི་རྒྱུན་ལྡན་འཚོ་བའི་ནང་དུའང་ལྟ་བ་འདི་དག་རྨང་གཞིར་བྱས་ཐོག་རྟེན་འབྲེལ་ཅི་ཡིན་དང་ནད་གཞི་གང་ཡིན།བྱེད་སྒོ་སྣ་ཚོགས་གང་ཡིན་དག་ཀྱང་བོད་ཀྱི་རིག་གནས་དང་བསྟུན་ནས་འགྲུབ་པར་བྱེད་པ་ཡིན་ཏེ་ཚེ་འདས་ཀྱི་ཆོ་ག་ལ་ཡང་ཡོང་བ་བར་སྣང་དང་འགྲོ་ས་བར་སྣང་གི་དཔེ་བཞིན་དུ་འབྱུང་བཞིའི་སྒོ་ནས་མཆོད་པར་བྱེད་པ་སྟེ།འབྱུང་བ་ས་ཡི་སྒོ་ལས་དུར་དུ་བཅུག་ནས་བེམ་པོ་ས་ལ་ཐིམ་པར་བྱེད་པ་དང་།ཆུ་ཡིས་སྒོ་ལས་བེམ་པོ་ཆུ་ལ་བསྐུར་བ།མེ་ཡི་སྒོ་ལས་བེམ་པོ་མེ་ལ་བསྲེག་པ།རླུང་གི་སྒོ་ནས་བེམ་པོ་དུར་ཁྲོད་དུ་བྱ་རྒོད་ལ་བསྐུར་བ་བཅས་སོ།།
     འདས་མཆོད་ཀྱི་བྱེད་སྒོ་འདི་དག་རང་ཅག་མི་རིགས་འདི་ལ་གནའ་ནས་ད་ལྟའི་བར་དུ་དར་ཡོད་དེ།<<དེབ་ཐེར་ཀུན་གསལ་མེ་ལོང>>ལས།བཙན་པོ་དེ་རྣམས་འདས་རྗེས་གནམ་མཁའ་ལ་ཡལ་ནས་བང་སོ་མེད་ཅེས་གྲགས་ཀྱང་།དོན་དུ་སྐབས་དེར་སྐུ་ཕུང་མེར་བསྲེགས་ནས་དུ་བ་ནམ་མཁའ་གཏོང་བའི་སྲོལ་ཞིག་དར་བ་མིན་ནམ་སྙམ་ཞེས་སྦིྱན་སྲེག་གི་སྲོལ་ཡོད་པར་བཤད་པ་དང་།ཡང་དེ་ལས།གྲི་གུམ་བཙན་པོའི་སྐུ་གདུང་ཟངས་ཀྱི་གའུར་བླུགས་ཏེལྕགས་གཟེར་བརྒྱབ་ནས་ཉང་ཆུར་བསྐྱུར།མཐར་འཕྱིང་ཡུལ་དར་ཐང་དུ་གདན་དྲངས་ནས་བང་སོ་བརྩིགས་པ་ཡང་སྔོན་ནས་དར་བ་དང་ད་ལྟ་ཡང་རང་རེའི་འཚོ་བའི་ཁྲོད་རྒྱུན་དུ་མཐོང་རྒྱུ་ཡོད་པ་དང་།གཞན་ཡང་དེ་ལས།ས་ཡི་ལེགས་དྲུག་གི་བང་སོ་གཡའ་དང་སྤང་གི་མཚམས་སུ་བཏབ།སྤང་ལ་འཇའ་ཚོན་རྒྱས་པ་འདྲའོ་ཟེར།ལྡེ་བརྒྱད་བང་སོ་ཆུ་བོའི་གཞུང་ལ་བཏབ།མཚོ་ལ་ཁ་བ་བབས་པ་འདྲའོ་ཟེར་བ་ལྟར་དུས་དེར་བོད་ལ་སྐུ་ཕུང་ཆུ་ལ་བཏབ་པའི་སྲོལ་ཞིག་དར་ཁྱབ་ཆེ་བ་ཡིན་པ་གསལ་བོར་མངོན་ཞེས་གསུངས་པ་ཇི་བཞིན་དུ་གཤིན་པོ་ཆུ་ལ་བསྐྱུར་བའི་སྲོལ་ཡོད་པ་མངོན་པ་དང་།རླུང་ལ་བསྐུར་བ་བྱ་རྒོད་ལ་སྦྱིན་པ་ནི་ད་ལྟའི་བར་དུ་ཡང་མཐོང་རྒྱུ་ཡོད་པ་དང་ས་དང་ལུང་བ་ལ་ལར་དུར་ཁྲོད་ཡོད་པ་དཔེར་ན་མདོ་སྨད་རེབ་གོང་རོང་བོའིདགོན་ཆེན་གྱི་དུར་ཁྲོད་བྲག་དཀར་ཤར་དང་།རེབ་གོང་སྨད་པའི་དུར་ཁྲོད་མེཏོག་ཐང་ལྟ་བུ་སོགས་མང་པོ་ཡོད་ལ་ད་རེབ་ཀྱི་དཔྱད་རྩོམ་འདིའི་ནང་དུའང་འདས་མཆོད་ཀྱི་བྱེད་སྒོ་ལས་རང་རེའི་ས་ཆར་དར་ཁྱབ་ཆེ་བའི་མེ་ལ་ཐིམ་པ་སྦྱིན་སྲེག་གི་སྐོར་གླེང་བར་བྱ།
གཉིས་པ། སྦྱིན་སྲེག་གི་སྐོར་གླེང་བ། 
གཅིག  སྦྱིན་སྲེག་གི་སྔོན་འགྲོ། 
     དེ་ལ་ཡང་གང་ཟག་ཞིག་ཚེ་ལས་འདས་རྗེས་བེམ་པོ་དེ་ཉིད་གདུང་འཇོག་སའི་ཁང་བ་བསིལ་བ་མུན་ནག་ཅན་ཞིག་ཏུ་འཇོག་ཅིང་།སྤྱི་བོའི་མདུན་དུ་མཆོད་མེ་ཚེ་འབར་ཞིག་དང་གང་ཟག་དེ་ཉིད་ཚེ་ལ་ཡོད་དུས་ཁ་ཏོན་དུ་བྱེད་པའི་ཆོས་དཔེའམ་ཐར་མདོའིདཔེ་ཆ་གཅིག་གི་ཁ་ཕྱེ་སྟེ་བཞག དེ་ལས་རྩིས་གཞུང་གི་རིག་པ་དང་བསྟུན་ནས་འཆི་བའི་ཉིན་མོ་དེའི་སྐར་མ་ལ་སོགས་བརྩི་བ་དང་།ཤི་སྐར་དེ་ཉིད་གཡང་སྐར་ལྟ་བུ་ཡིན་ན་གཡང་འབོད་པ་དང་།བཀྲ་མི་ཤེས་པའི་སྐར་མ་ཡིན་ན་དེ་ཉིད་གཤགས་པའི་ཆེད་དུ་རིམ་འགྲོ་སྒྲུབ་པར་བྱེད་པ།དེ་ནས་ཕུད་སྐར་ཞེས་སྦྱིན་སྲེག་བྱེད་པའི་ཉིན་མོ་བརྩི་བར་བྱེད་པ་ཡིན།བེམ་པོ་དེ་ཕུད་སྐར་ལ་སླེབས་རག་བར་དུ་ཉིན་རེ་བཞིན་དགེ་འདུན་པ་བཞི་ཡིས་ཁྲུས་ཆོག་བསྐུར་ཅིང་བུམ་ཆུ་ལྡུག་དགོས་ཏེ།དེ་ནི་ཤི་བོ་འདི་ཉིད་ཚེ་ཕྱི་མརའགྲོ་བའི་དུས་སུ་ལམ་སྟོན་དང་སྡིག་པ་བཤགས་པའི་ཆེད་དུ་ཡིན་ནོ།དེ་ལྟར་དུ་སྦྱིན་སྲེག་གི་སྔོན་འགྲོ་ལ་སྦྱིན་སྲེག་བྱེད་པའི་རྫས་དང་གདུང་སྲེག་སའི་སྲེག་ཐབ་སོགས་གྲ་སྒྲིག་བྱེད་རྒྱུ་ལ།
    1རྫས། སྤྱིར་བཏང་སྦྱིན་སྲེག་བྱེད་པའི་རྫས་ལ་རྫས་རིགས་སྣ་བཅུ་གསུམ་ཚང་དགོས་པ་སྟེ།འོམ་བུ་སོར་བཅུ་གཉིས་ཅན་དང་།མར་ཁུ།ཏིལ།རྩྭ་རམ་པའམ་དུལ་བ།འབྲས།རྩམ་པ་ཞོ་འོ་མ་ཀ་ར་དང་འདྲེས་པ།རྩྭ་ཀུ་ཤ ཡུངས་དཀར།སོ་བ།ནས།སྲན་མ།གྲོ་མེ་ཏོག་བཅས་ཡིན།དེ་དག་དགོས་དོན་ནི་ཚེ་སྔ་མ་ལས་འདས་པའི་གང་ཟག་དེ་ཉིད་སྐྱེ་བ་རྗེས་མར་རྒྱུ་དང་རྟེན་འབྲེལ་འཛོམས་པ་དང་སྐྱེ་བ་འདིའི་སྡིག་པ་བཤགས་པ་ལ་སོགས་པའི་དགོས་དོན་ཏེ།ཤིང་འོམ་བུས་འདི་ཉིད་གཟི་བརྗིད་དང་ལྡན་པར་སྐྱེ་བར་འབོད་པ།ཏིལ་གྱིས་ཚེ་ཕྱི་མར་འབོད་པ།འབྲས་ཀྱིས་བསོད་ནམས་ཕུན་སུམ་ཚོགས་པ་དང་ལྡན་པར་འབོད་པ།རྩྭ་ཀུ་ཤ་ཡིས་ནི་སྐྱེ་བ་འདིའི་མི་གཙང་བ་ཐམས་ཅད་སེལ་བར་འབོད་པ།ཡུངས་དཀར་གྱིས་ནི་བགེགས་ཐམས་ཅད་མ་ལུས་པར་སེལ་བ།ནས་ཀྱིས་མྱུར་བའི་ཤུགས་ཕུན་སུམ་ཚོགས་པ་དང་ལྡན་པར་འབོད་པ།སྲན་མས་སྟོབས་རྒྱས་པར་འབོད་པ།གྲོ་ཡིས་ནི་ནད་རིགས་བཞི་རྒྱ་རྩྭ་བཞི་ཞི་བར་འབོད་པ།མེ་ཏོག་གིས་ནི་མཆོག་དང་ཐུན་མོང་གི་དངོས་གྲུབ་དང་ལྡན་ཞིང་བར་ཆད་མཐའ་དག་སེལ་བར་འབོད་པ་ཡིན་ནོ།།དེ་ལྟར་དུ་རྫས་དེ་དག་སོ་སོའི་ནུས་པའི་སྒོ་ནས་སྔོན་སྐྱེ་བ་འདི་ལ་ཡོད་པའི་དེ་ཉིད་ཀྱི་འཇིག་རྟེན་ལ་གནས་པའི་བར་དུ་སྡིག་པ་གང་གང་བྱས་དང་མ་རུངས་མི་གཙང་བགེགས་གང་ཡོད་ཐམས་ཅད་ད་ལྟ་ཉིད་ནས་རྡུལ་དུ་བརླགས་པར་འཛད་པ་དང་།ད་ཕྱིན་ཆད་ནས་སྐྱེ་བ་ཡང་བརྒྱུད་བར་དུ་ཚེ་དང་སྟོབས་འབྱོར་མངའ་ཐང་རྒྱས་ཤིང་།བགེགས་དང་ནད་གཞི་མི་འདོད་པའི་སྡུག་བསྔལ་གྱི་གནས་མཐའ་དག་མདུན་དུ་མི་བཅར་བའི་རྟེན་འབྲེལ་དང་བཅས་ཏེ་ཕྱི་མའི་ཡུལ་གྱི་ལམ་དུམུན་ཁང་ནང་གི་དཀར་ཆ་ཇི་བཞིན་དུ་ལམ་བུ་བདེ་ལ་འགོད་པ་མཚོན་པ་ཡིན་ནོ།
    ༣ སྲེག་ཐབ། ཐོག་མར་སྦྱིན་སྲེག་བྱེད་པ་ལ་སྲེག་ཐབས་ཅེས་དབྱིབས་གྲུ་བཞི་ཅན་གྱི་ཐབ་ཀ་ལྟ་བུ་བརྩིགས་དགོས་ཤིང་། སྲེག་ཐབ་དེ་ཉིད་བཟོ་སའི་ས་ནི་གང་འདོད་དུ་གནས་ཤིག་ལ་བརྩིགས་མི་ཆོག་སྟེ། བརྩིགས་སའི་གནས་ལའང་རྩིས་བརྒྱབ་ནས་རང་ལ་དབང་བའི་ས་ཆར་དཔལ་དང་མཚན་མ་ལྡན་པའི་གནས་ཤིག་བཙལ་ཏེ་རྩམ་པས་བཟོས་བའི་དཀར་གཏོ་ལ་རིལ་བུ་བཅུ་གསུམ་གྱིས་བསྐོར་བ་ཞིག་ཁྱེར་ནས་གནས་དེར་ཕྱིན་ཏེ་དཔོན་དང་དགེ་འདུན་པ་ཞིག་གིས་ས་བདག་རྒྱལ་བོར་ས་སློང་བ་དང་།  སྲེག་ཐབ་ཀྱི་ཁ་འཁོར་ཕྱོགས་སོགས་ལ་བལྟས་རྗེས་རྩིག་པས་མཐོ་ཚད་མཐོ་གསུམ་ཅན་དབྱིབས་གྲུ་བཞི་ཅན་ཞིག་བརྩིགས་པ་དང་། མཐའ་བཞིའི་དཀྱིལ་དུ་མེ་སྒྲོན་སའི་ཁུང་བུ་ཟུར་གསུམ་ཅན་གྱི་དབྱིབས་ཞེང་ལ་སོར་བཞི་ཙམ་གྱི་ཚད་ལོན་པ་ཞིག་བཞག། གཤམ་གྱི་རི་མོ་ལས་འཕྲེད་བཅད་ངོས་ལྟ་བུ་ནང་ལ་ཁྲི་ཞེས་གསོམ་ཤིང་སྒོར་མོ་དེ་དང་མཐོ་ཚད་མཉམ་པ་ཞིག་བཞག། ཁྲི་དེའི་མཐའ་འཁོར་དུ་བུད་ཤིང་དང་ཤུག་པ་སོགས་འཇོག་པ་དང་།   དེའི་སྟེང་དུ་མར་ཁུ་ལ་སོགས་པ་སྣུམ་བླུགས་ཤིང་ལ་ལས་དེའི་ནང་དུ་སྟ་རེ་ཞིག་འཇུག་པའི་སྲོལ་ཀྱང་འདུག།    དེ་ལྟར་ཁྲི་བརྒྱབ་རྗེས་སྲེག་ཐུབ་ཀྱི་ཁ་དེ་ཕུད་གཞན་གསུམ་མུ་མཐུད་དུ་བརྩིགས་ནས་ཁྲི་གསུམ་ཚད་དུ་ཐོན་ནས་གདུང་ཁའི་ཕྱོགས་ཀྱི་ངོས་དེར་ཤིང་དུམ་ཞིག་འཇོག་པ་དང་། དེ་ནས་ཕྱོགས་བཞི་ནས་རིམ་བཞིན་བརྩིགས་པའི་ནང་ཕྱོགས་སུ་བསྐུམས་ནས་དུད་ཁུང་གི་དབྱིབས་ཤིག་བྱས་ནས་གྲུབ་བོ། དེ་ལ་གཤམ་གྱི་རི་མོ་ལྟར་དུ་འཕྲེད་བཅད་ངོས་དང་།  ཐབ་ཁའི་མདུན་ངོས་ཀྱི་དབྱིབས། གྲུབ་པའི་རྗེས་ཀྱི་དབྱིབས་རགས་ཙམ་སྟོན་པ་འདི་ལྟར།
གཉིས། སྦྱིན་སྲེག་གི་གོ་རིམ་དང་ཆོ་ག
    ༡ བེམ་པོ་བཀྱིགས་ཚུལ་། དེ་ནས་གདུང་བསྲེགས་པའི་ཉིན་མོ་སྟེ་ཕུད་སྐར་ལ་སླེབས་དུས་རང་གི་གཉེན་ཉེ་རྣམས་ནས་རང་གི་བེམ་པོ་དེ་ཉིད་རྡོ་རྗེས་དཀྱིལ་དྲུང་གི་ཚུལ་དུ་བཞུགས་སུ་བཅུག་ཅིང་ལག་པ་གཉིས་གཡས་གཡོན་སྣོལ་ནས་བྲང་ཁར་བཞག་པ་དང་ཕོ་ཡིན་ན་ལག་པ་གཡོན་ན་སྟེང་དུ་འཇོག་པ་དང་། མོ་ཡིན་ན་ལག་པ་གཡས་བ་སྟེང་དུ་འཇོག་ཅིང་། མགོ་བོ་སྨད་དུ་བཅུག་ནས་རས་དཀར་པོས་བཏུམས་ཏེ་ཐག་པས་བསྡམ་དགོས་པ་ཡིན་པ་གཡོན་ཕྱོགས་ཀྱི་རི་མོ་ལྟར་དུའོ།  ཡང་ས་ཆ་ལ་ལ་ནས་ལག་པ་གཉིས་བརླའི་ཕྱི་ནས་སྒྱིད་ཁུང་ནང་ཕྱོགས་སུ་འཇུག་ཚུལ་ཡང་ཡོད་པར་ཐོས་སོ། འདི་དག་རང་རེའི་རིག་གཞུང་ལས་རྩ་རླུང་དང་རྣམ་ཤེས་དབུགས་སོགས་རྒྱུ་ཚུལ་གྱི་རིག་གཞུང་དང་འབྲེལ་ནས་ནས་དཀྱིལ་དྲུང་དུ་བཞུགས་པ་དང་མགོ་བོ་སྨད་པ། ལག་པ་་བྲང་ཁར་བསྣོལ་བ་སོགས་བྱེད་པ་ཡིན་པ་མིན་ནམ་སྙམ། དེ་ཡང་ནང་ཆོས་སྒྲུབ་ནས་མཚམས་ལ་འདུག་པ་དང་སྒོམ་རྒྱག་པ་སོགས་བྱེད་དུས་ལག་པ་གཉིས་གཡས་གཡོན་ནས་སྒྱིད་ཁུང་བར་དུ་བཅུག་ཅིང་མཚམས་ཐག་ཅེས་ཐག་པ་དམར་པོ་ཞིག་སྐེ་ནས་རྐང་བའི་བར་དུ་འཐེན་ནས་རླུང་འཁུམས་པར་བྱས་མས་དྲན་པ་རྩེ་གཅིག་ཏུ་གཞོལ་བར་བྱེད་པའི་ནུས་པ་ལྡན་པའི་སྐོར་ཞིག་ཁོ་མོས་སྔོན་ཆད་དཔེ་རིགས་སམ་བརྙན་ཕབ་ཅིག་ཏུ་མཐོང་ཐོས་མྱོང་ཡོད་པས་འདིའི་སྐབས་ཀྱི་བེམ་པོ་བཀྱིགས་ཚུལ་འདི་ཡང་གསང་སྔགས་སྐབས་ཀྱི་གདམས་པ་ཞིག་དང་འབྲེལ་བ་དམ་ཟབ་ཡོད་པར་བསམས་ཀྱང་རང་ངོས་ནས་འདིའི་སྐོར་གྱི་ཤེས་བྱ་ཆང་ཚང་བ་ཞིག་རྒྱུས་ལོན་བྱེད་དཀའ་བས་འདིར་རྒྱས་སྤྲོས་མི་ནུས་སོ།།
     བེམ་པོ་བསྐྱལ་ཚུལ་དང་ཐབ་ཏུ་འཇོག་ཚུལ། གོང་གསལ་ལྟར་དུ་ཕུད་སྐར་གྱི་ཉིན་མོར་དགེ་འདུན་པས་ཚེ་འདས་དེ་ཉིད་རྣམ་ཤེས་ཕྱི་མིའི་ཡུལ་དུ་འགྲོ་བདེ་བ་དང་ལམ་སྟོན་པའི་ཆེད་དུ་འཇིགས་བྱེད་དང་ཀུན་རིག་སྨོན་ལམ་རྣམ་ལྔ་སོགས་གསུངས་པ་དང་། ཉིན་དེའི་ས་སྲོད་ཀྱི་དུས་སུ་སྐར་མ་ཕུད་མགོ་བརྩམས་ཏེ་རང་གི་བུའམ་ཉེ་དུ་ནས་བཀྱིགས་ཚར་བའི་བེམ་པོ་དེ་ཉིད་ཁང་བ་མུན་ནག་དེ་ནས་རྒྱབ་ཏུ་འཁུར་ཞིང་འདས་མཆོད་ལ་ཡོང་བའི་སྡེ་བའི་ཕོ་མོ་རྒན་གཞོན་གང་ཡོད་ལས་ཕོ་རྣམས་ཀྱིས་སྲེག་ས་བར་དུ་སྨོན་ལམ་འདོན་ཞིང་བསྐྱལ་བ་དང་། གོམས་སྲོལ་ལ་བུད་མེད་རྣམས་སྦྱིན་སྲེག་བྱེད་པའི་གནས་ལ་འགྲོ་མི་ཉན་པས་ཡུལ་དུ་བསྡད་ནས་མ་ཎི་ཡིག་དྲུག་ལ་སོགས་འདོན། གསུང་བཞུ་སའི་གནས་ལ་ཐོན་རྗེས་གཉེན་ཉེ་རྣམས་ཐབ་ཀྱི་མཐའ་བསྐོར་ནས་འདུག་པ་དང་། རྒན་པ་རྣམས་ཀྱིས་བེམ་པོ་བཀྱིགས་ཚར་བ་དེའི་ལུས་མདུན་སྲེག་ཐབ་ཀྱི་ནང་དུ་བསྟན་ཅིང་རྒྱབ་ཕྱིར་འཁོར་ནས་ཐབ་ཀའི་ནང་དུ་འཇོག་པ་དང་། དེ་ནས་བེམ་པོའི་གཡས་གཡོན་དུ་མུ་མཐུད་དུ་བུད་ཤིང་དག་ཤུག་པ་ལ་སོགས་འཇོག་པ་དང་སྔོན་དུ་གྲ་སྒྲིག་བྱས་པའི་རྩིག་པ་རྣམས་ཀྱིས་གདུང་ཁ་བསུབས་ནས་སྟེང་གི་དུད་ཁུང་དང་འོག་གི་ཕྱོགས་བཞིའི་མེ་སྒྲོན་ས་ལས་ཁུང་བུ་གཞན་མེད་པར་བྱེད་དོ།།
    ༣ སྲེག་ཚུལ།  སྲེག་ཐབ་ཀྱི་ཁ་བརྒྱབ་རྗེས་རང་ཉེ་དུ་རྣམས་ཀྱིས་ཐབ་ཀ་ལ་བསྐོར་བ་གསུམ་བརྒྱབ་རྗེས་རང་དང་ཉེ་འབྲེལ་མེད་པའི་མི་ཞིག་བོས་ནས་དེར་སྲེག་ཐབ་ཕྱོགས་བཞིའི་མེ་སྒྲོན་སའི་ཁུང་བུ༼གོང་གསལ་རི་མོ་ལྟར་དུ༽ནས་མེར་བསྒྲོན་པ་དང་། དགེ་འདུན་པ་རྣམས་ཀྱིས་ཐབ་ཀའི་མདུན་ནས་མེ་ལྷ་དང་སྦྱིན་སྲེག་གི་འདོན་པ་གསང་སྔགས་དེ་དག་འདོན་ཞིང་སྔོན་འགྲོའི་ནང་དུ་བསྟན་ལན་གསུངས་རྗེས་འོམ་བུ་སྲེག་ཐབ་ཏུ་འཇོག  དེ་ནས་འབྱོར་བ་རྒྱས་པའི་སྔགས་གསུངས་རྗེས་མར་ཁུ་ལྡུག   དེ་བཞིན་དུ་ཏིལ་བ་རམ་པ་བཅས་རིམ་བཞིན་དུ་རེ་རེ་བཞིན་འདེབས་པ་ཡིན་ནོ།། 
གསུམ། བསྲེགས་རྗེས་ཀྱི་གཞུག་ལས།
    སྤྱིར་བཏང་དུས་ཚོད་གཉིས་ནས་གསུམ་ཙམ་འགོར་རྗེས་བེམ་པོ་དེ་ཉིད་མེ་ལ་སྦྱིན་སྲེག་བྱས་ཚར་བ་ཡིན་པ་དང་དེ་ལྟར་གདུང་བསྲེག་ཚར་རྗེས་དེར་ཞུགས་པའི་མི་རྣམས་ཕྱིར་འདས་པོའི་ཁྱིམ་དུ་ལོག་པ་དང་། ཁྱིམ་གང་དེའི་ཕྱི་སྒོའི་ཁ་ནས་ཆུ་ནག་གིས་ལག་པ་བཀྲུ་ཞིང་ཆུ་དཀར་ཀྱིས་བཤལ་རྗེས་ཁྱིམ་དུ་འཛུལ་དགོས། དེ་ལྟར་ཞོགས་པ་སྔ་མོའི་དུས་སུ་བསྲེག་ཐབ་ཀྱི་མེ་ལྕེ་དང་དུ་བ་ཡལ་ཚར་བ་ན་ཉེ་དུ་རྣམས་ཕྱིན་ནས་བསྲེག་ཐབ་ཀྱི་མགོ་སྟེ་དུད་ཁུང་ནས་རིམ་བཞིན་མར་གཤིག་སྟེ་སོལ་བའི་ནང་དུ་དཀར་བོར་གྱུར་པའི་རུས་པ་རྣམས་འཐུ་སྒྲུག་བྱེད་པ་དང་། ཅུང་ཆེ་བའི་རུས་པ་རྣམས་རྡོ་གཏུན་གྱིས་བརྡུང་ནས་རས་ཁུག་དཀར་པོ་གཙང་མ་ཞིག་ཏུ་འཇུག་པ་ཡིན། འདི་ལ་བླ་མའམ་དགེ་བའི་བཤེས་གཉེན་རྣམས་ཀྱི་གདུང་ཁ་ཕྱེས་དུས་ནང་དུ་བྱིན་རིལ་ཞེས་རུས་པ་རིལ་པོ་ཆགས་པར་བཤད་སྲོལ་ཀྱང་འདུག་ཅིང་མི་ལ་ལས་རུས་པ་དཀར་པོ་དུང་ལྟར་ཆགས་འདུག་པའང་ཐོས་མྱོང་མོད་རང་གི་དངོས་སུ་མཐོང་མ་མྱོང་། རུས་པ་བཏུས་ཚར་རྗེས་བསྲེག་ཐབ་ཀྱི་རྩིག་པ་དེ་རྣམས་ཐབ་ས་དེ་ས་འོག་ཏུ་འཇུག་པ་དང་། སོལ་བ་རྣམས་ཁྱེར་ནས་ཆུ་འདྲེན་འདྲེས་མཚམས་སུ་འདེབས་པ་དང་། བསྲེག་ཐབ་ཀྱི་ཤུལ་དུ་པད་ཁའི་མེ་ཏོག་གམ་མེ་ཏོག་གཞན་ཅི་ཡིན་ཞིག་འདེབས་སོ།། 
མཇུག་བསྡུ་བ།
    དེ་ལྟར་དུ་འགྲོ་བ་མི་ཡི་ལུས་པོ་འདི་ཉིད་འབྱུང་བཞི་ལས་གྲུབ་པ་ཇི་བཞིན་དུ་ཐ་མ་ཡང་འབྱུང་བཞི་ཁམས་ལ་ཐིམས་འགྲོ་བ་ཆོས་ཉིད་ཡིན་ལ། རང་རེའི་མི་རིགས་འདི་ཡིས་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་བཟུང་ཆོས་ཉིད་འདི་ངོས་ཟིན་ཞིང་དེ་དང་འབྲེལ་ནས་ཚེ་འདས་ཀྱི་ཆོ་ག་ལ་ཡང་བེམ་པོ་འདི་ཉིད་ས་ཆུ་མེ་རླུང་ནམ་མཁའ་ལ་ཐིམ་པར་བྱེད་པའི་བྱེད་སྒོ་ཆ་ཚང་བར་སྤེལ་ཞིང་མི་རིགས་རིག་གནས་ཀྱི་ཁྱད་ཆོས་ལྡན་ཞིང་ནང་བའི་ཆོས་དང་མཐུན་པའི་རྟེན་འབྲེལ་དང་ཡང་ན་སྐྱེ་བ་སྔ་ཕྱི་འདི་ལ་སྡུག་བསྔལ་ལས་གྲོལ་ཞིང་བདེ་བ་དང་ལྡན་པའི་སྨོན་ལམ་དང་བཅས་ཏེ་འདས་མཆོད་སྒྲུབ་པ་འདི་ནི་རང་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཏུ་མཐོང་ཞིང་འདིའི་སྐོར་གྱི་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་ཀྱི་བསམ་པ་ཆེས་ཆེར་སྐྱེས་ནས་ད་རེས་རང་གི་མཐོང་ཐོས་མྱོང་གསུམ་དང་འབྲེལ་ཏེ་བོད་ཀྱི་འདས་མཆོད་ལས་སྦྱིན་སྲེག་གི་སྐོར་ཅུང་ཟད་གླེང་བ་རེ་ཞིག་རྫོགས་སོ།།
 
དཔྱད་གཞིའི་ཡིག་ཆ།
 
1 གཡུ་ཐོག་ཡོན་ཏན་མགོན་པོ། <<དཔལ་ལྡན་རྒྱུད་བཞི>>བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006ལོའི་ཟླ་5པར་བར་ཐེངས་ལྔ་་བ་དཔར།
2 ཕུན་ཚོགས་ཚེ་རིང་། <<དེབ་ཐེར་ཀུན་གསལ་མེ་ལོང>>བོད་ལྗོགས་མི་དམངས་དཔེ་སྐྲུན་ཁང་། 2006ལོའི་ཟླ་5པར་པར་ཐེངས་གསུམ་པ་དཔར།
《བོད་ཀྱི་དམངས་སྲོལ་རིག་གནས》སྟེང་བཀོད། 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།