中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > དམངས་སྲོལ། > གོམས་སྲོལ། >
༄༅།། དཔེ་རྙིང་དུ་བཀོད་པའི་བོད་ཀྱི་གཉེན་སྒྲིག་གི་ཆོ་ག་བརྒྱད་དང་དེ་དག་གི་རིག་གནས་བསྟན་དོན་བཤད་པ།
དུས་ཚོད།2019-04-12 10:34:49     རྩོམ་གྱི་ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། གཅན་བཀྲ་བྷོ།    ཆུང་། | འབྲིང་། | ཆེ།
〔ནང་དོན་གནད་བསྡུས〕དཔྱད་རྩོམ་འདིའི་ནང་དུ་དཔེ་རྙིང་དུ་བཀོད་པའི་བོད་ཀྱི་གཉེན་སྒྲིག་གི་ཆོ་ག་བརྒྱད་ལ་གསར་འགྲེལ་དང་།དེར་འདུ་བའི་རིག་གནས་ཀྱི་བསྟན་དོན་ལ་དབྱེ་ཞིབ། ནང་དོན་ལ་འཕེལ་འགྱུར་ཡོད་མེད་སོགས་ཀྱི་གནས་ཚུལ་ཅུང་ཙམ་བརྗོད་ཡོད།
 
〔གནད་ཚིག〕 གླང་ཆེན་སྣ་བསྒྱུར།  སྣ་འདྲེ་སྐྲོད་པ།   ལྷ་ལ་འདོགས་པ།
 
གཉེན་སྒྲིག་གི་ཆོ་ག་ནི་གནའ་དེང་གི་འཇིག་རྟེན་ཁྱིམ་པ་བ་སུ་ཞིག་ཡིན་རུང་གལ་ཆེན་དུ་རྩིས་དང་རྩི་བཞིན་པའི་མི་ཚེ་ཆོ་སྒྲུབ་ཆེན་པོ་ལྔའི་ནང་གི་གཅིག་རེད།
 
དེ་ཡང་།བོད་ཁམས་ཧྲིལ་བོའི་སྤྱི་ཆ་ནས་ཆོས་ལུགས་རིག་གནས་དང་།ཐོན་སྐྱེད་ལས་རིགས་སོགས་མི་འདྲ་ས་ཆེར་མེད་ཀྱང་།ཡུལ་གྲུ་སོ་སོའི་རང་བྱུང་ཁོར་ཡུག་དང་།སྤྱི་ཚོགས་ཁོར་ཡུགའཚོ་བའི་ཆ་རྐྱེན།ཁྱིམ་མཚེས་མི་རིགས་ལ་འབྲེལ་འདྲིས་མང་ཉུང་སོགས་ཀྱི་དབང་གིས།གཉེན་ཡ་བདམས་གསེས་དང་།འཛེམ་འཛིས་སོགས་མི་འདྲ་ལ།དེར་མཐུན་གྱི་རིག་གནས་ཀྱང་མི་འདྲ་བ་ཅུང་ཙམ་ཡོད་པར་བརྟེན།གཉེན་གྱི་སྒྲིག་སྟངས་ལའང་དབུས་གཙང་གི་ས་ཁུལ་མང་ཤོས་སུ།བརྗེ་ལེན་གྱི་གཉེན་སྒྲིག་དང་།མངལ་གནས་ཀྱི་གཉེན་སྒྲིག  གཡོག་བསུའི་གཉེན་སྒྲིག  རྩལ་འགྲན་གྱི་གཉེན་སྒྲིག   རིག་འགྲན་གྱི་གཉེན་སྒྲིག རང་དབང་གི་གཉེན་སྒྲིགཁྱོ་གཅིག་ཤུག་མང་གི་གཉེན་སྒྲིགཤུག་གཅིག་ཁྱོ་མང་གི་གཉེན་སྒྲིག་སོགས་ཡོད་ལ།ཆོ་གའི་རིམ་པ་ལ་གཙོ་བོ་གཡུ་ཆུང་འདོགས་པ་དང་།མདའ་དར་འཛུགས་པ།ཕྱེ་མར་འབོ་དང་རྟེན་ཁྲིའི་བཤད་པ། འོ་ཕུད་སོགས་མཆོད་པ།ཕུག་ལྷ་གསོལ་བའི་མཇལ་དར། འབེབས་སྟེགས་བཤད་པ། སྒོ་མོའི་བཤད་པ།ཀ་བར་དར་འབུལ།ཇ་ཆང་གི་བཤད་པ།འཛུགས་ཤ་ལ་བཤད་པ།དར་ལྕོག་གི་བཤད་པ།བུའི་ཕ་མ་ལ་དར་འབུལ་བ། བག་གཡོག་དང་མནའ་མ་སྐྱེལ་མཁན་གྱི་བཤད་པ། ཨ་ཁུ་དང་སྤོ་རྨོའི་བཤད་པ།ཨ་ནེ་རྒན་གཞོན་གྱི་བཤད་པ།ལྷ་དཔོན[①]་གྱི་བཤདཔ། མནའ་མའི་ཡབ་ཀྱི་བཤད་པ། བསུ་མིའི་བཤད་པ་སོགས་མང་ལ།ཨ་མདོའི་ཡུལ་ཁམས་མང་ཤོས་སུའང།གཉེན་གྱི་སྒྲིག་སྟངས་ལ་གཟབ་རྒྱས་ཀྱི་གཉེན་སྒྲིག སྟབས་བདེའི་གཉེན་སྒྲིག   གསང་ཁྲིད་ཀྱི་གཉེན་སྒྲིག   བཙན་དབང་གི་གཉེན་སྒྲིག    རང་དབང་གི་གཉེན་སྒྲིག      བརྗེ་ལེན་གྱི་གཉེན་སྒྲིག་སོགས་ཡོད་ལ།  ཆོ་གའི་གཙོ་བོ་ལ་ཐོག་མའི་ལོ་རེས་སྤར་ཁར་བརྟག་པ་དང་།དེ་ནས་གཉེན་སློང་བ།གཉེན་རྟགས་རྒྱག་པ།གྲོས་ཤ་གྲོས་ཆང་། ཆུ་དར་བཤད་པ།  མག་པ་དང་བར་བའི་རྣ་གཤོག་བཏོག་པ། མག་སྐགས་བཅིངས་པ།  གཡང་འབོད། འབབ་གདན། བག་རས་བཤད་པ།སོག་བཤད།བཀྲ་ཤིས་འཇོག་པ་སོགས་རང་རང་ས་ཁུལ་གྱི་ཁྱད་ཆོས་མཚོན་པའི་ཆོ་ག་ལ་གཉེན་གྱི་ཁུགས་པ་བཅོ་བརྒྱད་དང་།གཉེན་གྱི་སྲིད་པ་སྒོ་བརྒྱད་སོགས་མང་དུ་ཡོད་ཀྱང་རིག་གནས་ཀྱི་ནང་སྙིང་ནི་བོད་ཁམས་ཧྲིལ་བོ་ཕལ་ཆེར་ཕྱོགས་གཅིག་ཏུ་འཁེལ་ཡོད། དེ་ནི་དམངས་སྲོལ་གྱི་གཅིག་འབྲེལ་རང་བཞིན་དང་།ས་ཁུལ་རང་བཞིན་ཟེར་བའི་རྩ་བའི་གཞུང་ལུགས་དང་ཡང་རང་འགྲིག་ཏུ་ཆགས་འདུག་པ་མ་ཟད།དངོས་ཡོད་རང་བཞིན་དང་རང་ཚུགས་རང་བཞིན་གྱི་སྤྱི་ཚོགས་རིག་པའི་རྩ་བའི་ཤེས་བྱའི་གཞུང་དང་ཡང་དབྱེར་མེད་དུ་གྲུབ་འདུག་པ་ཞིག་རེད།
 
གཤམ་ནས་ཕྲན་གྱིས་ས་ཁུལ་སོ་སོའི་ཆོ་ག་རེ་རེ་ནས་མི་གླེང་བར་གནའ་བོའི་དཔེ་དེབ་རེ་གཉིས་ཏེ། གཙོ་བོ་བན་བོན་གཉིས་འབྲེལ་གྱི་དཔེ་མཚོན་བཟང་ཤོས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་མཆོག་གིས༼༡༨༡༣—༡༨༩༩༽མཛད་པའི༼བག་མ་ལ་དགེ་བའི་ལས་ཕྲན་བདུན་གྱི་ཆོ་ག་བཀྲ་ཤིས་དཔལ་སྐྱེད༽ཅེས་པའི་བརྗོད་གཞི་ལས་སྣ་འདྲེ་སྐྲོད་པ་ཞེས་པའི་ཆོ་ག་སོགས་དང་བོད་རིག་པའི་མཁས་དབང་མཁར་རྨེའུ་བསམ་གཏན་གྱིས་དཔེར་དྲངས་བཞིན་པའི༼མིང་སྲིང་དཔལ་གོས་དང་ལྷ་འདོགས༽ལས་བྱུང་བའི་གླང་ཆེན་སྣ་བསྒྱུར་གྱི་ཆོ་གའི་ནང་དོན་བཅས་གཞིར་བཟུང་སྟེ་བོད་གནའ་བོའི་གཉེན་གྱི་ཁག་གཙོ་བོ་ལྟ་བུར་གྱུར་ཡོད་པའི་གཤམ་གསལ་གྱི་ཆོ་ག་དག་ལ་དཔྱད་གཏམ་ཕྲན་ཙམ་བརྗོད་རྒྱུ་ཡིན།
 
ཀོང་སྤྲུལ་རིན་པོ་ཆེ་མཆོག་ནི་ཐོག་མར་བོན་ལ་དད་པའི་མི་སྣ་ཞིག་ཡིན་པས་བོན་གྱི་གཉེན་སྒྲིག་ཆོ་གའི་སྐོར་ལ་རྒྱུས་མངའ་ལྡན་པ་ཞིག་ཡིན་པར་གྲགས།དཔྱད་གཞིའི་དཔེ་ཆ་དེ་ནི་ཁོང་གིས་སྡེ་དགེའི་རྒྱལ་སྲས་དང་བོད་དབུས་ཀྱི་སྐུ་དྲག་མདོ་མཁར་བའི་བུ་མོ་གཉིས་གཉེན་སྒྲིག་བྱེད་སྐབས་བརྩམས་གནང་མཛད་པ་ཞིག་རེད། དཔེ་ཆ་དེའི་ནང་ཁོང་གིས་གཉེན་སྒྲིག་གི་ཆོ་ག་དེ་བོན་ལུགས་ཀྱི་རྨང་གཞིའི་ཐོག་སངས་རྒྱས་ཆོས་ལུགས་ཀྱི་ལྷ་ཁག་གཅིག་བསྣན་ནས་ལེ་ཚན་ཁག་འགར་དབྱེ་ཡོད་ལ།ཆོས་དང་འཇིག་རྟེན་གཉིས་ཀའི་ཐད་ནས་བོད་སྤྱི་ཚོགས་སུ་ཕན་ཐོགས་ཡོད་པའི་གནའ་བོའི་རིག་གནས་ཀྱི་རིན་ཐང་ལྟ་ཚུལ་དང་།ཆོས་དང་འཇིག་རྟེན་གྱི་འཆམ་མཐུན་བསམ་བློ་སོགས་བརྗོད་ཡོད་པ་ལ།འདི་ནས་ཆོ་ག་དེ་དག་ལ་གསར་འགྲེལ་དང་དབྱེ་ཞིབ།དེར་འདུ་བའི་རིག་གནས་ཀྱི་བསྟན་དོན་སོགས་ལ་ཞིབ་འཇུག་སྒོས་བོད་ཀྱི་གཉེན་སྒྲིག་རིག་གནས་ལ་གཞུང་ལུགས་ཀྱི་རྒྱབ་བརྟེན་ཡོད་པ་དང་ནང་དོན་རྒྱ་ཆེ་ཚུལ་བརྗོད་འདོད་པ་ཡིན།
 
དང་པོ། གླང་ཆེན་སྣ་བསྒྱུར།
 
སྤྱིར་ཕྲན་གྱིས་དཔྱད་གཞིར་བཟུང་བའི་བརྩམས་ཆོས་དག་ལས་ཆོ་ག་དང་པོ་སྟེ༼གླང་ཆེན་སྣ་བསྒྱུར༽ཅེས་པ་འདི་མ་གཏོགས་པའི་ཆོ་ག་གཞན་དག་ནི་བག་མ་གཉེན་ཚང་གི་ཁྱིམ་སྒོར་འབྱོར་རྗེས་སུ་རིམ་པར་སྤེལ་བའི་ཆོ་ག་རྐྱང་རྐྱང་རེད།
 
༼གླང་ཆེན་སྣ་བསྒྱུར༽ཞེས་པ་ནི་གཏོ་ཡི་རིགས་ཤིག་ཡིན། དེ་ལ་གཏོ་ཞེས་པ་ནི་བོན་གཞུང་ལྟར་ན་རྩྭ་དང་བག་གཟན། ཤིང་སོགས་རྒྱུ་བྱས་ཏེ་བཟོས་པའི་གླུད་དེ། ཡོན་བདག་གི་ཉེས་པ་ལེགས་པར་འཆོས་པའི་ཐབས་སུ་གཏོང་བ་རྣམས་ཀྱི་མིང་ཡིན། དེ་ལ་དམིགས་པ་དང་དགོས་འདོད་ཀྱི་དབང་གིས་རྒྱལ་མོ་ཁྲོམ་བསྒྱུར་དང་། གླང་ཆེན་སྣ་བསྒྱུར།གྲི་ཁ་མཚོན་བསྒྱུར། འབྱུང་བའི་དལ་བསྒྱུར། སྲིད་པ་ལྟེ་བསྒྱུར་བཅས་བསྒྱུར་ཐབས་རྣམ་པ་ལྔའི་གཏོ་་སོགས་གཏོ་ཐབས་སུམ་བརྒྱ་དྲུག་ཅུ་ཡོད་པ་འཇུ་མི་ཕམ་གྱི་བཀའ་འབུམ་སོགས་སུ་གསལ་བ་ལྟར་རོ།།
 
དེ་ཡང་གླང་ཆེན་སྣ་བསྒྱུར་གྱི་ཆོ་ག་ནི།སྐྱེས་བུ་ཕོ་མོ་སུ་ཡང་རུང་བ་ཞིག་ཕ་མེས་ཡང་མེས་བདུན་བརྒྱུད་ནས་བཟུང་སྟེ་ལོ་དང་ཟླ་བ། སྨེ་བ་དང་སྤར་ཁ། གཟའ་དང་སྐར་མ་སོགས་སྐྱེ་མི་རུང་བ་ལ་སྐྱེས་པའམ་ཤི་མི་རུང་བ་ལ་ཤི་བའི་རྐྱེན་གྱིས་ས་བདག་འཁྲུགས་པ་དང་།དེ་དག་ལ་བྱ་མི་རུང་བ་དམག་གམ། ཇག་གམ།  རོའམ།  བག་གཉེན།  མདོས་ཡས་རྣམས་ས་བདག་བཞུགས་པའི་ཕྱོགས་སུ་བསྐྱལ་བས་ཕོག་ཐུག་ཀོ་ལོང་བསྡམས་པ་རྣམས་དང་།ཤིང་གཉན་བཅད་པ་དང་།ས་གཉན་བརྐོས་པ། བྲག་གཉན་བཤིགས་པ། རྡོ་གཉན་སློག་པ། ཆུ་གཉན་ཡུར་དྲངས། ནེའུ་གསེང་བརྐོས་པ། སྤང་རྒོད་འཕྲུ་འདུལ་བྱས་པ།  ཁང་ནག་བཤིག་འགེབ་ཀྱི་མཁར་ལས་བྱས་པ། རི་གཉན་གྱི་རྩེར་ཀུ་བཏབ་པ། རི་ལ་མི་བཀྱེས་པ། བྱ་དང་གཅན་གཟན་གྱི་རིགས་བསད་པ།མནའ་གཉན་དཔའ་བོར་བྱས་པ།  རྡོ་གཉན་བསྣུར་བ། ཐབ་གཞོབ་བྱས་པ་ལ་སོགས་པ་ཚོར་དང་མ་ཚོར་ཅི་རིགས་པའི་སྒོ་ནས་ས་བདག་མཐུ་བོ་ཆེ་རྣམས་ཀྱི་ཐུགས་ལ་ཕོག་པར་བྱས་ཏེ་འཁོན་འཁྲུགས་དང་ཕོག་ཐུག་ཏུ་ཤོར་བ[②]བཅོས་པ་ནི་བྱུང་བ་དང་དགོས་པ་ཡིན་ལ། གཏོ་བཅོས་དེའི་ལག་ལེན་ནི་བོན་གྱི་གཞུང་དུ། གཙང་མའི་ས་ལ་དཀྱིལ་འཁོར་བྱ།།ས་ཚོན་སྣ་ལྔས་གཞལ་ཡས་བྲིས།། ས་བདག་ཀླུ་གཉན་གཏོད་ཀྱི་ཚོགས།། སྤར་ཁ་ལོ་འཁོར་སྨེ་བ་གླིང་།། གཞི་གནས་མངའ་ཐང་འཁོར་བ་བཅས།།འབྲུ་སྣའི་གཟུགས་དང་བཤོས་གཙང་དང་།།འདབ་ཆགས་རི་དྭགས་གཡུང་བདག་དང་།།གཅན་གཟན་མི་ནོར་ཡུལ་མཁར་དང་།།སྐྱེ་འགྲོའི་གཟུགས་དང་ཆུ་གནས་དང་།། སྣ་ཚོགས་སྤུ་མཚན་ཚང་བ་དང་།།ཤིང་རྩི་བལ་བུ་བྱ་སྤུ་མཚོན།།གསེར་ཡུལ་དར་ཟབ་སྣ་ཚོགས་རྒྱན།།འདོད་ཡོན་མཆོད་པ་དཔག་མེད་བཤམས།།ཏིང་འཛིན་དགོངས་པའི་སྔགས་ཀྱིས་སྤེལ།། གར་གསས་བཙན་པོ་ལྷ་རུ་བདར།།རྔ་གཤང་དུང་གླིང་སྐད་ཀྱིས་འབོད།། བ་དན་རུ་མཚོན་བརྡ་ཡིས་གཡབ།། གསེར་སྐྱེམས་གཡུ་མངོན་བརྔན་ཆ་འབུལ།། ཞེས་དང་……སྣང་ཞིང་སྲིད་པ་ཐམས་ཅད་ལ།། གླུད་ཡས་གཏོར་མ་གནས་སུ་ཐིངས།། སྟོང་ཁམས་རེ་བ་སྐོང་བར་བྱ།། སྣང་སྲིད་ཞི་བདེ་ཞི་བར་བྱ།། ས་བདག་ཀླུ་གཉན་བསྡུམ་པར་བྱ།།[③]ཞེས་པ་ནི་སྤྱི་ལྟར་ཡིན་ལ། བྱེ་བྲག་གཉེན་སྒྲིག་གི་སྐབས་དག་ཏུ་བོད་ཁམས་ཧྲིལ་བོ་གཅིག་ཏུ་མ་ངེས་པར་དབུས་གཙང་གི་ས་ཆ་ཁ་ཤས་སུ་ལོ་དང་ཟླ་བ།སྨེ་བ་དང་སྤར་ཁ།གཟའ་དང་སྐར་མ།   བག་གཉེན་སོགས་མི་རུང་བ་ཟློག་ཕྱིར། བག་མས་གཉེན་ཚང་གི་ཁང་བ་རིག་ཐུབ་པའི་སར་སླེབས་ན་གླང་ཆེན་སྣ་བསྒྱུར་གྱི་གཏོ་གང་བཅོས་བསྒྲུབས་བྱས་ཡོད་པ་དེ་ཕྱི་ལ་བོར་ནས་ཆོ་ག་དེ་སྒྲུབ་པར་བྱེད་ལ།ཡང་ཁམས་ཕྱོགས་ཀྱི་ས་ཆ་ཁ་ཤས་སུ་གླང་ཆེན་གྱི་ལུས་ལ་དར་ཚོན་སྣ་ལྔ་དང་སྣ་ཞགས་ལ་གསེར་དངུལ་གྱི་རྒྱན་ཆ་བཏགས་ཤིང་སྟེང་དུ་ལུས་ལ་གོ་ཁྲབ་གྱོན་པ་དང་ལག་ཏུ་རལ་གྲི་འཕྱར་བའི་དཔའ་བོའི་གཟུགས་དང་བཅས་པའི་གླུད་གཏོ་དེ། གླང་དང་སྟག་གི་ཉི་མ་ལ། གཟའ་དམར་ཕུར་སངས་གསུམ་དར་བ་དང་།སྐར་མ་མགོ་ལག་རྒྱལ་གསུམ་གང་རུང་ལ་ཆུ་བྲག་གཡང་གསུམ་དུ་བསྐྱུར་ནས་འཕགས་པ་གཙུག་གི་ནོར་བའི་མདོ་དང་། སྟོབས་པོ་ཆེ། གཞན་གྱིས་མི་ཐུབ་པའི་མདོ།རྒྱལ་མཚན་རྩེ་མོའི་གཟུངས།བཀྲ་ཤིས་བརྩེགས་པ་ལ་སོགས་རྒྱབ་ཆོས་སུ་བཀླགས་པར་བྱེད་པ་བཅས་ཀྱི་ཆོ་ག་དེ་སྒྲུབ་པའང་ཡོད།
 
ད་དུང་ས་ཆ་ཁ་ཤས་སུ་གླུད་གཏོ་ལ་རྐང་བརྫིས་བྱས་ཏེ་ཆོ་ག་དེ་སྤེལ་སྲོལ་ཡང་ཡོད་པ་སྟེ། གང་ལྟར་ཆོ་ག་འདི་ནི་བོད་གནའ་བོའི་དུས་སུ་གཉེན་སྒྲིག་གི་སྐབས་དག་ཏུ་མང་རབ་ཡོད་ལ། ད་ལྟ་དབུས་གཙང་ས་ཁུལ་སོགས་སུ་དེ་འདྲ་དོན་གཅིག་མིང་གཅིག་གི་ཆོ་ག་དེ་མཐོང་དཀོན་པར་བཤད་ལ། ཨ་མདོ་ས་ཁུལ་ལ་མཚོན་ནའང་སྔགས་པ་མང་བའི་ས་ཁུལ་ཉུང་ཤས་ན་མ་གཏོགས་གཡང་འབོད་ཀྱི་ཆོ་ག་དང་དཀྱུས་གཅིག་ཏུ་གོང་དུ་བཤད་ཟིན་པའི་རྒྱབ་ཆོས་དག་ལས་གང་རུང་ཞིག་ཀློག་འདོན་བྱེད་པས་འཐུས་པར་བྱེད་བཞིན་པའོ།།
 
གཉིས་པ། སྣ་འདྲེ་སྐྲོད་པ།
 
བག་མ་ལ་སྣ་འདྲེ་ཞེས་མི་དང་ཁྱིམ་ལ་དངོས་གྲུབ་སྟེར་བའི་ལྷ་དག་ལ་གནོད་འཚེ་བསམ་སྦྱོར་ཅན་གྱི་མོ་འདྲེ་སྟེ་བག་མའི་སྣ་ལ་རྒྱུ་བའི་འདྲེ་གདོན་འབྱུང་བོའི་གཟུགས་ཅན་ཞིག་ཡོད་པར་བསམ་རྒྱུ་ཡོད་ལ། དེ་ནི་མཆོག་གསུམ་བདེན་སྟོབས་ཀྱིས་སྐྲོད་པའམ་བརླག་པར་བྱེད་པ་སྟེ།རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ། ཆོས་ཀྱི་བཀའ་བདེན་པ། དགེ་འདུན་ཀྱི་བཀའ་བདེན་པ།གསང་སྔགས་དང་།རིག་སྔགས།གཟུངས་སྔགས།སྙིང་བོ། ཕྱག་རྒྱ། ཏིང་ངེ་འཛིན་རྣམས་ཀྱི་བདེན་པ། ཁྱད་པར་དུ་ཞི་བ་དང་ཁྲོ་བོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་།དཔལ་ལྡན་དམ་པ་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་དང་ལས་དང་འཇིག་རྟེན་པ་རྣམས་ཀྱི་བཀའ་བདེན་པ་དང་།བདེན་པ་ཆེན་པོའི་བྱིན་བརླབས་ཀྱིས།བག་སྣ་ལ་རྒྱུ་བའི་འབྱུང་པོ་གདོན་གྱི་རིགས་སུ་གྱུར་ཅིང་གནོད་འཚེའི་བསམ་སྦྱོར་དང་ལྡན་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག། གལ་ཏེ་བདེན་པའི་བཀའ་ཐོས་བཞིན་དུ་འགྲོ་བར་མི་བྱེད་ན་དེ་དག་ཐམས་ཅད་རབ་ཏུ་འབར་བའི་རྡོ་རྗེའི་ཁྲོ་བོ་དང་མཚོན་ཆའི་ཆར་ཆེན་པོས་རྡུལ་བཞིན་དུ་བརླག་པར་འགྱུར་བའི་དོན་ཅན་གྱི་ཚིག་ཤུགས་དྲག་པོས་ཡང་ཡང་ཟློ་པར་བྱེད་པ་ནི་ཆོ་ག་དེའི་ནང་གི་གལ་ཆེན་རྩིས་ཆེན་གྱི་ཆ་རེད།
 
ཆོ་ག་འདི་ནི་བག་མ་བསུ་ནས་གནས་ཁྱིམ་གྱི་སྒོ་ཁར་སླེབས་པ་ན་སྤེལ།དེའི་རྫས་སུ་ལོ་རེས་སྤར་ཁའི་དབང་གིས་སྣ་ཚོགས་སུ་ཡོད་དེ།དཔེར་ན།སྟག་ཡོས་ལོ་བ་ལ་ལྕགས་ཀྱི་རལ་གྲི་དང་།རྟ་སྦྲུལ་ལ་ཆུ་སྐྱོག་ནག་པོ། བྱ་སྤྲེལ་ལ་མེ་སྒྲོན།བྱི་ཕག་ལ་ས་སེར། གཤེད་བཞི་ལ་ཚེར་མ་ཅན་གྱི་ཤིང་གི་ཡལ་ག་སོགས་དགོས།ལས་དེ་བྱེད་མཁན་གཙོ་བོ་ནི་སྔགས་འཆང་[④]ཡིན།དེས་ཡི་དམ་གང་རུང་གི་ང་རྒྱལ་བཟུང་ཞིང་།བསྐྱེད་པའི་ལྷ་དེ་རབ་ཏུ་ཁྲོས་པའི་སྐུ་གྱུར་ཏེ།༼བླ་མ་རྣམས་ཀྱི་བྱིན་རླབས་དང་།།ཡི་དམ་ལྷ་ཡི་ཏིང་འཛིན་དང་།།མཁའ་འགྲོ་ཆོས་སྐྱོང་མཐུ་སྟོབས་ཀྱིས།།དངོས་གྲུབ་བར་ཆད་བྱེད་པའི་བགེགས།།ལོག་པར་འདྲེན་པ་བདུད་ཀྱི་ཚོགས།།འདི་རུ་མ་འདུག་གཞན་དུ་དེངས།།༽[⑤]ཞེས་དང་།ཅུང་རྒྱས་ན་དགྲ་གཤེད་ཀྱི་རྫས་ཐོགས་ཏེ ཨྱེ་རིང་ཞེས་པའི་དྲག་སྔགས་གང་ཤེས་དང་།སུམ་བྷ་ནི་བརྗོད་ཅིང་པ་སྟེ།  ༼ཧྰུྃ། ང་ནི་འཕགས་པ་འཇམ་དཔལ་ཏེ།།འབྱུང་བ་ལྔ་ལས་གྱུར་བ་ཡི།།འདྲེ་གདོན་འབྱུང་བོ་ཡིད་གཟུགས་ཅན།།བག་མའི་སྣ་ལ་རྒྱུ་བ་ཀུན།།གནོད་འཚེ་བསམ་སྦྱོར་རབ་ཏུ་སྤོངས།།འབྱུང་བོ་ལྔ་ཡི་དབྱིངས་སུ་དེངས།།ཡེ་ཤེས་ལྔ་ཡི་རང་རྩལ་ལས།།རྟེན་འབྲེལ་རྫས་སུ་ཤར་བ་འདི།།འཇམ་དཔལ་དབྱངས་ཀྱིས་རྗེས་སུ་གནང་།།སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས།།ཏིང་འཛིན་སྔགས་ཀྱིས་ནུས་མཐུ་བསྐྱེད།།ཕྱར་བ་ཙམ་གྱིས་ཀུན་ཀྱང་འདར།།བྲབས་པ་ཙམ་གྱིས་འདྲེ་གདོན་ཞི།།སྣང་སྲིད་གདུག་རྩུབ་ཞི་བར་ནུས།།ཤིང་གི་མནོད་པ་དར་བ་ན།།གནམ་ལྕགས་རལ་གྲི་འབར་བས་བཅད།།མེ་ཡི་གནོད་པ་དར་བ་ན།།ཆུ་རྒྱུན་རྦ་རླབས་འཁྲུགས་པས་བསང་།།ལྕགས་ཀྱི་གནོད་པ་དར་བ་ན།།མེ་དཔུང་རབ་ཏུ་འབར་བས་བཞུ།།ཆུ་ཡི་གནོད་པ་དར་བ་ན།།གཡོ་མེད་ས་ཡི་ཕུང་པོས་བསུབ།།ས་ཡི་གནོད་པ་དར་བ་ན།།ལྗོན་ཤིང་ཡལ་ག་རྒྱས་པས་བཤིག།འབྱུང་ལྔའི་ལྷ་འདྲེ་གནོད་སེམས་ཅན།།ཐམས་ཅད་རང་དགྲའི་ནུས་པའི་བཅོམ།།ཡི་དམ་ལྷ་ཡི་བདེན་པ་དང་།།རྟེན་འབྲེལ་རྫས་ཀྱི་ནུས་པ་ཡིས།།འབྱུང་ལྔའི་སྣ་འདྲེ་ཞི་གྱུར་ཅིག།༽[⑥]ཅེས་འབྱུང་ལྔ་ལས་གྲུབ་པའི་གདོན་འདྲེ་གནོད་སེམས་ཅན་འཇོམས་ནུས་པའི་ཡི་དམ་ལྷ་ཡི་གཟུངས་སྔགས་ཟབ་མོ་དག་གྱེར་འདོན་བྱེད་ཞོར་དུ་རལ་གྲི་སོགས་གཡུག་ཅིང་ཆུ་གཏོར་ནས་ཆོ་ག་དེ་བསྒྲུབས་པར་བྱེད་དོ།།
 
དེ་ཡང་།  ཨ་མདོའི་ས་ཁུལ་ཁ་ཤས་སུ་སྣ་འདྲེ་སྐྲོད་པའི་ཆོ་ག་སྒྲུབ་སྐབས་ཆེད་དུ་ཨ་ཁ་དཔོན་གདན་འདྲེན་ཞུ་བ་དང་། དེས་ཀྱང་བགེགས་བཟློག་གི་ཆ་བྱད་དང་བཅས་རང་ཉིད་མཐུ་སྟོབས་ཆེ་བའི་ཡི་དམ་གྱི་ལྷ་རུ་བསྐྱེད་དེ་ཆོ་ག་དེ་སྒྲུབ་པར་བྱེད་ལ།དབུས་གཙང་གི་ས་ཁུལ་ཁ་ཤས་སུ་མནའ་མ་རྟ་ལས་བབས་ཏེ་སྒོར་འཛུལ་ཁར་བག་མའི་རྗེས་སུ་འབྲངས་པའི་འདྲེ་སྟེ་བག་འདྲེ་ཞེས་པ་བཟློག་ཐབས་སུ་བག་མའི་ཁྱིམ་ནས་ཡོང་བའི་སྐྱེལ་མི་རྣམས་ཀྱི་མི་ཚོར་བར་གླུད་ཅིག་གསང་ཐབས་སུ་གཡུགས[⑦]ཏེ་ཆོ་ག་དེ་སྒྲུབ་སྲོལ་ཡོད་པ་དང་།གཞན་དབུས་གཙང་གི་ས་ཁུལ་ཁ་ཤས་སུ་ད་དུང་བག་མ་གཉེན་ཚང་གི་སྒོ་ཁར་སླེབས་ཏེ། རྟ་ལས་བབས་ནས་ཁྱིམ་དུ་མ་འཛུལ་གོང་དུ་དེར་ཚོགས་ཀྱི་མི་ཚང་མས་གློ་བུར་དུ། ལྷ་རྒྱལ་ལོ་དང་ཀྭི་ཀྭི་བསྭོ་བསྭོ་ཞེས་སྐད་གསེང་མཐོན་པོ་སྒྲོག་པ་དང་བཅས་འབྲུ་རིགས་སྣ་ལྔས་བག་མ་ལ་བྲབ་པ་དང་འབྲུ་གཟན་དགུང་ལ་གཏོར་ནས་ཆོ་ག་དེ་སྒྲུབ་པར་བྱེད་སྐད་དོ།།
 
དེ་མིན་ཁྱིམ་མཚེས་མི་རིགས་མང་པོ་ཞིག་ལའང་རང་རེའི་བོད་པའི་སྣ་འདྲེ་སྐྲོད་པའི་དོན་དང་ཕལ་ཆེར་འདྲ་བའི་ཆོ་ག་སྤེལ་སྲོལ་ཡོད་དེ། གནའ་དུས་སུ་རྒྱ་ནག་མི་རིགས་ལ་མཚོན་ན་ས་ཁུལ་མང་པོ་ཞིག་ཏུ།བག་མའི་འགྱོགས་བྱམས་གཉེན་ཚང་གི་སྒོ་ཁར་སླེབས་པ་ན་ཤོག་སྦག་མང་པོ་བཀད་དེ་བག་མར་འགྲོགས་པའི་གདོན་འདྲེ་བདའ་བ་དང་།བག་མ་གནས་གཞི་གསར་བ་ཞིག་ལ་ཐོན་པའི་རྟེན་འབྲེལ་གྱི་མཛད་སྒོ་གཉིས་དཀྱུས་གཅིག་ཏུ་བྱེད་པའི་སྲོལ་ཡོད་པ་དང་། མན་ཇུ་མི་རིགས་དང་།ཡུས་ཀུའུ་མི་རིགས་གཉིས་ཀྱིས་བག་མ་གཉེན་ཚང་གི་ཁྱིམ་དུ་འཛུལ་སྐབས་སར་མི་འབབ་པར་འགྱོགས་བྱམས་སྒོ་ཁའི་མེ་ཐོ་ལ་ཆེད་དུ་འགོམས་ནས་ལྷས་རྭ་ཐོན་ཏེ་སར་བཞག་པ་ན།མག་གསར་གྱིས་སྔར་ནས་གྲ་སྒྲིག་བྱས་ཡོད་པའི་མདའ་གཞུ་ཁྱེར་འོང་སྟེ།འགྱོགས་བྱམས་ལ་གཏད་དེ་དལ་གྱིས་མདའ་གསུམ་འཕེན་པ་བཅས་ཀྱིས་གདོན་འདྲེ་སྐྲག་པའི་མེ་དང་མཚོན་ཆ་ལ་བརྟེན་ནས་བག་མ་དང་འགྲོགས་ནས་རྒྱུ་བཞིན་དུ་སེམས་པའི་གདོན་འདྲེ་དེ་བདའ་བར་བྱེད་པའི་[⑧]ཆོས་ལུགས་དམངས་སྲོལ་སོགས་ཡོད་པ་གསལ།  ད་ལྟ་ཨ་མདོ་ས་ཁུལ་མང་ཆེ་ཤོས་སུ་སྔར་གྱི་རིག་གནས་དེའི་ཟུར་མང་པོ་དེ་རེ་རེ་ནས་སྤེལ་བ་ཉུང་ཡང་། ནང་དོན་ད་དུང་མ་ཉམས་པར་མནའ་མ་གཉེན་ཁྱིམ་དུ་འཛུལ་དུས་སུ་ཁྱིམ་བདག་མས་ཐོག་མར་མནའ་མའི་ཁ་ངོའི་ཕྱོགས་སུ་་གཏད་དེ་འོ་ཞོ་གང་རུང་མཆོད་ཙམ་བྱས་རྗེས་མུ་མཐུད་དུ་མནའ་མའི་སྔུན་དུ་འོ་ཞོ་མཆོད་བཞིན་ཁྱིམ་དུ་བསུ་བར་བྱེད། དེ་ནི་ད་ལྟའི་སྣ་འདྲེ་སྐྲོད་པའི་ཆོ་ག་རེད་ཅེས་བརྗོད་ཆོག་སྙམ་པའོ།།
 
གསུམ་པ།   མནོལ་གྲིབ་འཁྲུ་བ།
 
མནོལ་གྲིབ་འཁྲུ་བ་ཞེས་པ་་ནི་བག་མ་བསུ་ནས་ཁྱིམ་གྱི་མ་ཁང་དུ་ཞུགས་པའི་ཚེ། བག་བླ[⑨]་ཞེས་པའི་ཨ་ཁ་དཔོན་ནམ་བླ་མཆོད་ཅིག་གདན་འདྲེན་ཞུ་ཡོད་པ་དེས་བག་མ་ལ་ཁྱིམ་ལྷ་སོགས་མནོལ་བའི་གྲིབ་ཡོད་པས་དག་སེལ་བྱེད་པ་སྟེ། སྔར་ནས་བསྒྲུབས་ཟིན་པའི་ཁྲུས་ཆུ་དང་། འོ་མ། མེ་ལོང་གི་རྫས་སོགས་ཐོགས་ཤིང་རྣམ་འཇོམས་དང་སྨེ་བརྩེགས་ཀྱི་སྔགས་གྱེར་བཞིན་སྤེལ་བའི་བག་མ་ཚན་ཁྲུས་ཀྱི་ཆོ་ག་དེ་ལ་ཟེར།
 
དེ་ཡང་།མནོལ་གྲིབ་འཁྲུ་བའམ་སེལ་འདེབས་པ་ནི་ཆབ་ནག་ཆུ་བོ་སེལ་གྱི་སྒོ་ཞེས་སུ་གྲགས་པ་སྟེ། སྲིད་པ་སྨྲང་ཆེན་སེལ་གྱི་གཞུང་དུ་སེམས་ཅན་སོ་སོའི་མོས་དང་བསྟུན་པའི་སེལ་སྒོ་གཙོ་བོ། ༡ འགྲོ་བ་རྨང་པོ་འཕན་པར་འདོད་པ་རྣམས་ལ་གཡུང་དྲུང་རྩ་དཀར་སྲིད་པའི་འཕེལ་སེལ་ཞེས་བྱ་བ་དང་། ༢ སུ་ཞིག་དབུལ་བས་ཉེན་ཏེ་ཕྱུག་པར་འདོད་པ་ལ་སྲིད་པ་གར་གྱི་གྱེན་སེལ[⑩]་བྱ་བ། ༣ འཁོས་ཞན་དམན་པ་སུ་ཞིག་བཙན་པོར་འགྱུར་འདོད་པ་ལ་རླུང་རྟ་མཐོན་པོར་དར་བའི་གེགས་སེལ་བྱ་བ། ༤ སུ་ཞིག་ཉམ་ཆུང་བས་ཉེན་ཏེ་ཆེ་བར་འདོད་པ་ལ་རྒྱལ་གྱི་ཁྲི་འཕང་འཛེགས་པའི་གོང་སེལ་བྱ་བ་བཅས་རྩ་དཀར་འཕེལ་བའི་ཡར་སེལ་བཞི་དང་། ༡ རིགས་རྒྱུད་རྨང་སྟེ་ཆད་ལ་ཁད་པ་ལ་འདྲེ་དགུ་སྲིད་བཅུའི་ཐུར་སེལ་[11]བྱ་བ་དང་། ༢ ནོར་གྱིས་དབུལ་ཏེ་ལྟོགས་ལ་ཁད་པ་ལ་སྲིད་པའི་ས་བདག་ཐུར་སེལ་བྱ་བ། ༣ བརླགས་སྟོར་ཕུང་སྟེ་ཉེས་ལ་ཁད་པ་ལ་བྱུར་དང་མ་བླ་ཆུད་ཀྱི་དམན་སེལ[12]་བྱ་བ། ༤ དམའ་ཞིང་འགྲིབ་སྟེ་ལྷུང་ལ་ཁད་པ་ལ་མཐོ་རུ་མི་སྟེར་ཉེན་པའི་སྐྱོན་སེལ་བྱ་བ་བཅས་རྩ་ནག་འགྲིབ་པའི་མར་སེལ་བཞི། ༡ ལྷ་ཀླུ་གཉན་སོགས་འགྲས་ཏེ་འཁོན་པ་ལ་ལྷ་དང་མིའི་བར་གྱི་དབྱེན་སེལ་བྱ་བ་དང་། ༢ ཤིན་ཏུ་གེགས་ཉེན་གྱི་རྩུབ་པའི་རིགས་ལ་བྱ་དམར་མཚལ་བུ་གེག་སེལ་[13]བྱ་བ། ༣ དམེ་མནོལ་གྱི་གཙང་བཙོག་གྲིབ་ཀྱིས་འབགས་ལ་དམེ་རྨུགས་བལ་གྱིས་བཙོག་སེལ་བྱ་བ། ༤ རྨི་ལམ་དང་སྔ་ལྟས་ངན་ཞིང་རྩུབ་པ་ལ་ལྟས་ངན་བཟློག་པའི་ཐན་སེལ་བྱ་བ་བཅས་མཉམ་གཉིས་གསོར་བའི་བར་སེལ་ལ་སེལ་སྒོ་བཞི་རུ་སྲིད་པ་སོགས་རྩ་བའི་སེལ་སྒོ་བཅུ་གཉིས་ཡོད་ལ།རྒྱས་པར་དབྱེ་ན་ཁྱོན་བསྡོམས་སྲིད་པ་སྨྲང་ཆེན་སེལ་གྱི་སྒོ་སུམ་བརྒྱ་དྲུག་ཅུར་སྲིད་པ་ཡིན་ཞེས་མཁས་དབང་ནམ་མཁའི་ནོར་བའི་གསུང་རྩོམ་ཕྱོགས་བསྒྲིགས་སུ་གསལ།
 
འོ་ན་གཞུང་དེ་དག་ནི་སྤྱི་ཚོགས་བཀོལ་སྤྱོད་གྱི་དགོས་མཁོ་གང་དག་ལ་བརྟེན་ནས་བྱུང་ཞིང་ཁྱབ་གདལ་དུ་སོང་བ་རེད་ཟེར་ན། བོད་ཀྱི་གནའ་བོའི་རིག་གཞུང་དུ། སྤྱིར་འགྲོ་བ་སེམས་ཅན་ཐམས་ཅད་ཉོན་མོངས་པས་གདུང་ཞིང་སྡུག་བསྔལ་གྱི་ཚོགས་ལ་སྤྱོད་པས་ཉོན་མོངས་པའི་ནད་རྣམས་སེལ་བ་དང་། ཁྱད་པར་དུ་འགྲོ་བ་མིའི་ཚོགས་རྣམས་ཀྱིས་སྐྱོན་ཡོན་ལེགས་ཉེས་མ་འབྱེད་ཅིང་།གཙང་དམེ་ལ་བླང་དོར་བྱེད་མ་ཤེས་པའི་རྐྱེན་གྱིས་མི་དགེ་བའི་གཞི་མ་བྱུང་བ་སྟེ།འགྲོ་བ་མིའི་ཚོགས་རྣམས་ཀྱིས་དམེ་རྨུགས་བལ་བཙོག་གི་རིགས་དང་ཐན་དང་ལྟས་ངན་གྱི་རིགས་དང་།བྱུར་དང་ཡུགས་དང་མི་གཙང་བས་འབགས་པ་དང་ཐབ་གཞོབ་དང་འཁོན་རྩོད་སློང་བ་སོགས་མདོར་ན།ལྷའི་སྤྱན་ལ་ཕོགས་ཤིང་གཙང་རིས་ཀྱི་ལྷ་རྣམས་ལ་མནོལ་ཕོག་པའི་ལས་སྤྱོད་མང་དུ་བསགས་པ་ལ་བརྟེན།གཞི་ལ་གནས་པའི་མངའ་ཐང་དང་ཡུལ་ས་རྣམས་མནོལ་བར་འགྱུར་ཞིང།དེའི་མནོལ་གྲིབ་ཀྱི་ཁ་རླངས་རྣམས་འགྲོ་བ་མིའི་ཚོགས་ལ་ཕོག་སྟེ་འཇིག་རྟེན་གྱི་ཁམས་འདིར་དབུལ་ཕོངས་དང་ནད་ཡམས་དང་མུ་གེ་དང་འཁྲུགས་རྩོད་ལ་སོགས་པ་མི་དགེ་བའི་རིགས་སྣ་ཚོགས་པ་དག་འབྱུང་བར་འགྱུར་བ་དེ་ཀུན་སངས་ཤིང་དག་པར་འགྱུར་བ་དང་།འགྲོ་བ་མིའི་བདེ་སྐྱིད་ལེགས་པར་གསོ་བའི་སླད་དུ་སེལ་སྒོ་མཐའ་ཡས་པ་དེ་དག་བྱུང་བ་རེད་ལ།འདིར་ཆེད་དུ་བརྗོད་པའི་བག་མའི་ཚན་ཁྲུས་ཀྱང་དེའི་གྲས་ཀྱི་ག་འདྲ་ཞིག་ཡིན་པ་དཔགས་ན་རྟོགས་སླའོ།།
 
ལག་ལེན་གྱི་སྐོར་ནས་བཤད་ན་རྒྱས་འབྲིང་བསྡུས་གསུམ་ཡོད་ལ།རྒྱས་པ་ནི༼མདོ་དྲི་མེད་གཟི་བརྗིད༽དང་དེ་འབྲེལ་གྱི་གཞུང་དག་ལས་ཤེས་པར་གྱིས་དང་།འདིར་གནས་རྫས་གྱེར་གསུམ་སོགས་མདོ་ཙམ་བརྗོད་པ་ལ།སྤྱིར་ཆོ་ག་འདི་སྤེལ་བའི་གཞི་ནི༼གནས་ནི་མདོ་དང་མདུད་ལ་གཏད།།འགྱིང་དང་འཁྱིལ་དང་དཔལ་དང་མདུད།།འགྱིང་ལ་རྒྱབ་གཏད་འཁྱིལ་བ་བཅའ།།དཔལ་ལ་གོང་བསྟོད་མདུན་ལ་འབོར།།༽[14]ཞེས་ལུང་བའི་སུམ་མདོའམ་བཞི་མདོ་དང་།ནེའུ་གསེང་ངམ་ཆུ་རྫིང་སོགས་ཆུ་རྒྱུན་གྱེན་དུ་འཁྱིལ་བའི་རྣམ་པ་ཅན་དག་ཡིན་ལ།རྒྱབ་ཀྱི་གཏད་ས་ནི་རི་ཡི་རྣམ་པ་སེང་གེའམ་གླང་ཆེན་འགྱིང་བ་ལྟ་བུ་དང་།མདུན་གྱི་གཏད་ས་ནི་བཀྲ་ཤིས་པའི་ས་རྟགས་ཡོད་པའི་གནས་སོགས་ཡིན་པར་བཤད་ལ།དེ་ཡང་འདིར་བཤད་བཞིན་པའི་བག་མ་ཚན་ཁྲུས་ཀྱི་གནས་ནི་སྤྱིར་བཏང་གི་ཡུལ་ཁྲུས་རི་ཁྲུས་ལྟ་བུར་མི་གོ་བར་ཁྱིམ་ནས་བསྒྲུབས་པ་ནི་རིགས་པས་གྲུབ་འདུག་གོ།  རྫས་ནི་དྲི་བཟང་ཅན་ན་གྱི་ཤིང་རིགས་དང་།འདོད་འཇོ་བ་ཡི་འོ་མ། འདབ་ཆགས་བྱ་ཡི་སྒྲོ་སྤུ།སྤྲེའུ་དཀར་པོའི་སྤུ་དཀར།གངས་ཆུ་གཙང་མོའི་ཆབ་རྒྱུན།དྲི་བྲལ་ཤེལ་དཀར་མེ་ལོང་སོགས་དགོས་ལ།འདོན་ཆོས་སམ་རྒྱབ་ཆོས་སུ་འཁྲུ་བྱ་དང་བསང་བྱ་ལྟར་ཡིན་པས་བག་མའི་ཚན་ཁྲུས་སོགས་སུ་༼འདི་ནི་སྦྱིན་པའི་རང་བཞིན་ཆུ།། སེར་སྣའི་དྲི་མ་སྦྱོང་མཛད་པ།། གཏོང་བ་དྲི་ཡིས་ལེགས་བསྒོས་ཆུ།། ཁྲུས་ལེགས་མཛད་ཀྱིས་ཁྲུས་བྱའོ།། འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ།། ཁྲིམས་ཆད་དྲི་མས་སྦྱོང་མཛད་པ།། ཚུལ་ཁྲིམས་དྲི་ཡིས་ལེགས་བསྒོས་ཆུ།། ཁྲུས་ལེགས་མཛད་ཀྱིས་ཁྲུས་བྱའོ།། འདི་ནི་བཟོད་པའི་རང་བཞིན་ཆུ།། ཁོང་ཁྲོའི་དྲི་མ་སྦྱོང་མཛད་པ།།བཟོད་པ་དྲི་ཡིས་ལེགས་བསྒོས་ཆུ།། ཁྲུས་ལེགས་མཛད་ཀྱིས་ཁྲུས་བྱའོ།།འདི་ནི་བརྩོན་འགྲུས་རང་བཞིན་ཆུ།། ལེ་ལོའི་དྲི་མ་སྦྱོང་མཛད་པ།།བརྩོན་འགྲུས་དྲི་ཡིས་ལེགས་བསྒོས་ཆུ།། ཁྲུས་ལེགས་མཛད་ཀྱིས་ཁྲུས་བྱའོ།། འདི་ནི་བསམ་གཏན་རང་བཞིན་ཆུ།། རྣམ་གཡེང་དྲི་མ་སྦྱོང་མཛད་པ།། བསམ་གཏན་དྲི་ཡིས་ལེགས་བསྒོས་ཆུ།། ཁྲུས་ལེགས་མཛད་ཀྱིས་ཁྲུས་བྱའོ།། འདི་ནི་ཤེས་རབ་རང་བཞིན་ཆུ།། ཤེས་འཆལ་དྲི་མ་སྦྱོང་མཛད་པ།། ཤེས་རབ་དྲི་ཡིས་ལེགས་བསྒོས་ཆུ།། ཁྲུས་ལེགས་མཛད་ཀྱིས་ཁྲུས་བྱའོ།།༽[15]ཞེས་ཕར་ཕྱིན་དྲུག་གི་སྒོ་ནས་ཚན་ཁྲུས་བྱ་སྲོལ་ཡོད་པ་མ་ཟད། རྣམ་འཇོམས་དང་སྨེ་བརྩེགས། རིག་སྔགས་ཀྱི་བྱིན་རླབས་དང་ནུས་མཐུ། བདེན་པ་བཅས་ལ་བརྟེན་ནས་ཁྲུས་བྱེད་པའི་ཆའང་དར་ཆེ་སྟེ། ༼རྣམ་པར་འཇོམས་པའི་བྱིན་རླབས་དང་།།སྨེ་བ་བརྩེགས་པའི་ནུས་མཐུ་དང་།།གསང་སྔགས་རིག་སྔགས་བདེན་པ་ཡིས།།བཀྲུའོ་སྡིག་སྒྲིབ་ཐམས་ཅད་བཀྲུ།།བཀྲུའོ་ནད་གདོན་བགེགས་རིགས་བཀྲུ།།བྱུར་དང་སྐལ་བ་ངན་པ་དང་།།བཀྲ་མི་ཤིས་པ་ཐམས་ཅད་བཀྲུ།།ཕྱོགས་ངན་འདྲེ་ལྔ་བདུད་གཅོད་དང་།།མི་གཙང་མནོལ་གྲིབ་ཕོག་པ་བཀྲུ།།ཟས་ངན་ལྟོ་རུ་སོང་བ་དང་།། གོས་ངན་ལུས་ལ་གྱོན་པ་བཀྲུ།། རྒབ་འདྲེ་ཡུལ་འདྲེ་འཁྱམས་པོ་དང་།།དམ་སྲི་དཀོར་འདྲེའི་གནོད་པ་བཀྲུ།།ཤི་འདྲེ་མོ་དང་གསོན་འདྲེ་མོ།།བསེ་རག་འགོང་པོའི་ཁ་རླངས་བཀྲུ།།ཕ་རོལ་བྱད་ཁ་རྦོད་གཏོང་དང་།།བྱོལ་པོ་ཆགས་ཆེའི་གནོད་པ་བཀྲུ།།ཕ་ལྷ་མ་ལྷ་ཞང་ལྷ་དང་།།ཕྲག་ལྷ་ཡུལ་ལྷ་མནོལ་བ་བཀྲུ།།ཕ་མཚུན་དགྲ་ལྷ་གཉན་པོ་དང་།།སྐྱོབ་བྱེད་ལྷ་སྲུང་མནོལ་བ་བཀྲུ།།མཁོན་དང་བཙོག་གིས་མནོལ་བ་བཀྲུ།། དམེ་དང་ཡུག་གིས་མནོལ་བ་བཀྲུ།།འབྱུང་ལྔའི་གདོན་གྱིས་མནོལ་བ་བཀྲུ།།གངས་རི་བཞིན་དུ་དཀར་གྱུར་ཅིག།ཤེལ་དཀར་བཞིན་དུ་གསལ་གྱུར་ཅིག།བཀྲ་ཤིས་བདེ་ལེགས་རྒྱས་གྱུར་ཅིག།༽ཅེས་པ་དབྱངས་སུ་གྱེར་བཞིན་ཆོ་ག་དེ་སྤེལ་ལ། དེང་སྐབས་ཀོང་སྤྲུལ་རིན་པོ་ཆེས་མཛད་པའི་ཆོ་ག་དག་རེ་རེ་བཞིན་སྤྱོད་རྒྱུ་མེད་མོད། འོན་ཀྱང་བག་མ་ཁྱིམ་དུ་ཞུགས་པ་ན་ཤུག་དུད་བདུག་པ་དང་། ད་དུང་ས་ཁུལ་ཁ་ཤས་སུ་སྐབས་དེར་མ་སྲུ་ཆེ་རྒན་མིང་བཀྲ་ལེགས་པ་ཞིག་གིས་དངུལ་གྱི་ཁེམ་བུ་ཞིག་གིས༼བཀྲ་ཤིས་རྫས་ཞོ༽ཞེས་བྱ་བའི་ཞོ་ཡི་ཁྲུས་རྫས་བག་མའི་ལག་གཡོན་གྱི་ཁྱོར་བར་ཐེངས་གསུམ་བླུགས་དགོས་ཤིང་།བག་མ་དེས་ཞོ་དང་པོ་དེ་དཀོན་མཆོག་གི་ཆེད་དུ་སྦྲ་ཕུག་གམ་ཁྱིམ་ཕུག་ཏུ་མཆོད་པ་དང་།ཞོ་གཉིས་པ་དེ་བག་མ་རང་གིས་བཏུང་ཞིང་།ཞོ་གསུམ་པ་དེ་བག་མ་རང་གི་གོས་ཀྱི་ཕུ་དུང་གཡོན་པའི་ནང་དུ་བླུགས་པ་སོགས་ཀྱིས་ཆོ་ག་དེ་སྤེལ་བ་དེར་ཁྲུས་ཆོག་གི་ནང་དོན་དང་ཅུང་འདྲེས་ནས་ཡོད་པས། འདི་དང་འདི་ལྟ་བུ་ནི་ད་ལྟའི་མནོལ་གྲིབ་འཁྲུ་བའི་ཆོ་ག་ལ་བགྲང་ཆོག་སྙམ་ལ།ད་དུང་ཨ་མདོ་ས་ཁུལ་ཁ་ཤས་སུ་བག་མ་དང་ཨ་ཞང་ཚང་མ་གཉེན་ཚང་གི་སྒོ་ཁར་ཐོན་པ་ན་བསུ་མཁན་གྱིས་ལྷ་འབོད་ཀླུ་འབོད་དང་བཅས་ཆང་དང་འོ་མ་ཨ་ཞང་རྣམས་ཀྱི་ཕྱོགས་སུ་མཆོད་པ་དེ་ནི་ད་ལྟ་མཆོད་པ་ཞིག་ལ་བརྩི་རྒྱུ་ཡོད་ཀྱང་ཞིབ་ཏུ་བསམས་ན་ཁྲུས་ཀྱི་ཆ་ངོ་མ་ཞིག་ཡིན་པ་འདྲ་ཡང་།ད་དུང་དཔྱད་པའི་གནས་ཀྱང་ངོ་།།
 
བཞི་པ། གདན་འདིང་བ།
 
ཆོ་ག་འདི་ནི་གནས་ཁྱིམ་དུ་བག་མའི་སྲོག་ལུས་དབང་ཀླུང་བསྐྱེད་པའི་གདན་གང་འདིང་དགོས་པ་དང་ཁ་དོག་ཅི་ཞིག་འཚམ་པ་ལོ་རེས་སྤར་ཁ་ལྟར་༼བྱ་གླང་སྦྲུལ་གསུམ་མདོག་སྔོན་པོ།།སྟག་རྟ་ཁྱི་གསུམ་དཀར་པོ་དང་།།ཕག་ལུག་ཡོས་གསུམ་དམར་པོ་ལ།།བྱི་འབྲུག་སྤྲེལ་གསུམ་ལྗང་ཁུ་ཡིན།།༽[16]ཞེས་པའི་ངག་རྒྱུན་ཞིག་ཆགས་ཡོད་པ་དང་ཡང་ན་སྐར་རྩིས་གཞུང་དང་མཐུན་པར་བཏིང་བའི་གདན་སྟེང་དུ་གྲོ་འབྲུ་དང་ནས་འབྲུས་རྟེན་འབྲེལ་གྱི་རི་མོ་གཡུང་དྲུང་དང་རྡོ་རྗེ་རྒྱ་གྲམ།འཁོར་ལོ་རྩིབས་བརྒྱད།པད་མ་འདབ་བརྒྱད་སོགས་ཕབ་པ་ལ་བག་མ་ཆེད་དུ་བཀོད་པར་བྱེད་པ་ཞིག་ཡིན།
 
དེ་ཡང། ཆོ་ག་དེའི་དམིགས་ཡུལ་ནི་བག་མའི་ཚེ་བསོད་རླུང་རྟ་རྒྱས་ཕྱིར་དུ་མ་ཟད། བག་མ་དང་འབྲེལ་བའི་དགྲ་ལྷ་དང་། མ་ལྷ། ཡུལ་ལྷ། ཞང་ལྷ་སོགས་ཀྱང་གདན་གྱི་ཁ་དོག་གང་ལ་གང་མཐུན་ལྟར་ཡོད་པར་བཞུགས་ཤིང་དགྱེས་པར་ཞུ་སྟེ།རྟག་ཏུ་བུ་མོ་ལ་སྲུང་སྐྱོབ་དང་སྡོངས་གྲོགས་ཀྱིས་ཚེ་སྲོག་བརྟན་ཅིང་དབང་ཐང་འཕེལ་བའི་ཞུ་གསོལ་གྱི་མཛད་སྒོ་ཞིག་ཏུ་སེམས་རྒྱུ་ཡོད་ལ་ཀོང་སྤྲུལ་རིན་པོ་ཆེ་ནས་ཀྱང་༼སྔོན་གྱི་སྲིད་པ་དེ་བཞིན་དུ།།དེ་རིང་རྒྱུ་སྦྱོར་ཡོན་བདག་གིས།།དཔལ་འབྱོར་དབང་ཐང་འཕེལ་བའི་ཕྱིར།།རིགས་བཟང་ཁུངས་བཙུན་སྐྱོན་དང་བྲལ།།ཡོན་ཏན་ཚང་བའི་བུ་མོ་བཀུག།བཀྲ་ཤིས་ལྷ་ཡི་ཁྱིམ་འདི་རུ།།ཕུན་ཚོགས་བརྟན་པའི་གདན་ཞིག་བཏིང་།།ལྷ་མི་གཉིས་ཀ་གདན་ལ་བཞུགས།།ཟ་འོག་དར་དཀར་གདན་སྟེང་དུ།།ཕོ་ལྷ་རྣམས་ཀྱི་བཞུགས་གནས་མཛོད།།ཟ་འོག་དར་དམར་གདན་སྟེང་དུ།།མ་ལྷ་རྣམས་ཀྱི་བཞུགས་གནས་མཛོད།།ཟ་འོག་དར་ལྗང་གདན་སྟེང་དུ།།ཞང་ལྷ་རྣམས་ཀྱི་བཞུགས་གནས་མཛོད།།ཟ་འོག་དར་སྔོན་གདན་སྟེང་དུ།།ཡུལ་ལྷ་རྣམས་ཀྱི་བཞུགས་གནས་མཛོད།།བཀྲ་ཤིས་ཁ་བཏགས་ཡུག་རིང་ལ།།སྐྱོབ་པའི་ལྷ་རྣམས་བཞུགས་གནས་མཛོད།།མི་འགྱུར་རྡོ་རྗེ་རྒྱ་གྲམ་གདན།།སྲོག་ལ་དགྲ་དར་ཉེས་པ་སྲུངས།།ནད་མེད་ལང་ཚོ་དར་བར་ཤོག།བཀྲ་ཤིས་གཡུང་དྲུང་འཁྱིལ་བའི་གདན།།དབང་ཐང་དགྲ་དར་ཉེས་པ་སྐྱོབས།།བུ་ནོར་ཆོས་གསུམ་འཛོམ་པར་ཤོག།རབ་མཛེས་པདྨ་འདབ་བརྒྱད་གདན།།ཀླུང་རྟ་དགྲ་དར་ཉེས་པ་སྲུངས།།ཅི་བསམ་ཆོས་བཞིན་འགྲུབ་པར་ཤོག།དཀོན་མཆོག་རྩ་བ་གསུམ་པོ་དང་།།ཆོས་སྲུང་ཡུལ་ལྷ་གཞི་བདག་དང་།།འགོ་བའི་ལྷ་ལྔ་སྐྱོབ་བྱེད་དགུ།།ཕ་མཚུན་དགྲ་ལྷའི་ཚོགས་རྣམས་ཀྱིས།།ཉིན་དང་མཚན་དུ་མི་གཡེལ་བར།།རྟག་ཏུ་སྲུང་སྐྱོབ་སྡོངས་གྲོགས་མཛོད།།ཚེ་སྲོག་བརྟན་ཅིང་དབང་ཐང་འཕེལ།།བཀྲ་ཤིས་བདེ་ལེགས་རབ་རྒྱས་ཤོག།༽[17]ཅེས་བག་མ་གཙོས་སྡོངས་གྲོགས་ཀྱི་ལྷ་རྣམས་ལ་གདན་འདིང་བ་དང་།གདན་འདིང་བའི་དགོས་པ་དང་དམིགས་ཡུལ་སོགས་རེ་རེ་ནས་གསལ་བས།ཆོ་ག་དེའི་གལ་ཆེན་རང་བཞིན་ནི་གཞི་ནས་རྟོགས་ཐུབ་མོད།འོན་ཀྱང་ད་ལྟ་ས་ཆ་ཁ་ཤས་སུ་འབབ་གདན་ཞེས་བག་མ་གཉེན་ཚང་གི་སྒོ་ཁ་ནས་རྟ་དང་རླངས་འཁོར་ལས་འབབ་དུས་བལ་གདན་དཀར་པོའི་སྟེང་གྲོ་ནས་འབྲུ་རིགས་ཀྱིས་གཡུང་དྲུང་གི་རི་མོ་བཀོད་པའི་གདན་སྟེང་གི་རི་མོའི་དཀྱིལ་ལ་རྐང་པ་སྤོ་པ་དེས་གདན་འདིང་གི་ཆོ་ག་ཧྲིལ་བོ་འཐུས་པར་བྱེད་ལ། ས་ཆ་ཁ་ཤས་སུ་བག་གདན་དཀར་པོ་ཞེས་བལ་གདན་དཀར་པོའི་སྟེང་གྲོ་ནས་འབྲུ་རིགས་ཀྱིས་གཡུང་དྲུང་གི་རི་མོ་བཀོད་པ་ལ་དར་གོས་ཁ་བཏགས་འཕངས་པའི་གདན་ཞིག་གཉེན་ཚང་གི་གོ་ཁར་འདིང་པ་སྟེ།བག་མ་ཐོག་མར་འདུག་སའི་གདན་ཞིག་འདིང་རྒྱུ་ཡོད་པ་དེས་གོང་གི་ཆོ་གའི་གོ་ཆོད་པར་བྱེད་ལ།བག་བླས་དེའི་ཐད་ཀྱི་འདོན་པ་དང་ཆོ་ག་ཆེད་དུ་སྒྲུབ་པ་ཕལ་ཆེར་མེད་པ་རེད།
 
ལྔ་པ། དཀར་གསུམ་གྱིས་ངོ་གསོལ་བ།
 
དཀར་གསུམ་གྱིས་ངོ་གསོལ་བ་ཞེས་པ་ནི་བག་མ་ཁྱིམ་གཞི་གསར་བ་ལ་འབྱོར་རྗེས་ཀྱི་ལས་ཀའི་ཐོག་མ་སྟེ།རིན་པོ་ཆེ་ལས་གྲུབ་པའི་སྣོད་དེ་མནའ་མས་གཙང་མར་བཀྲུས་རྗེས།ཕྱིས་སུ་གནས་གསར་བ་དང་ཁྱིམ་གསར་བ་ནས་རང་ཉིད་ལ་ཚེ་བསོད་རླུང་རྟ་རྒྱས་པའི་རྟེན་འབྲེལ་དུ་ཞོ་དང་འོ་མ།འབྲི་མར་ཀྱིས་བཟོས་པའི་གཡང་གི་སྒོ་བཞི་བཅས་ཀྱིས་གནས་ཁྱིམ་གྱི་སྐྱབས་གནས་དམ་པའི་ལྷ་དག་ལ་མཆོད་པ་ཕུལ་ནས་ངོ་གསོལ་བ་སྟེ་ལྷས་སྐུ་དྲིན་གྱིས་བསྐྱངས་དགོས་པའི་རེ་སྨོན་ཞུ་བ་དང་ཆབས་གཅིག་ཏུ་བག་བླས་ཀྱང་དེའི་སྐོར་གྱི་འདོན་ཆོག་སོགས་གྱེར་ཏེ་བསྒྲུབས་པའི་ཆོ་ག་དེ་ལ་ཟེར།
 
དེ་བཞིན་ཀོང་སྤྲུལ་རིན་པོ་ཆེའི་གསུང་ལས་ང་ཚོས་ཆོ་ག་འདིའི་ནང་དོན་དང་དམིགས་ཡུལ་སོགས་དེ་ལས་གསལ་རྟོགས་བྱུང་ཐུབ་པ་སྟེ༼རིན་པོ་ཆེ་ལས་གྲུབ་པའི་ཁེམ།།ལག་ཏུ་བླངས་ཏེ་ལན་གསུམ་ཕྱི།།ལྷ་མི་རྣམས་ཀྱི་ངོ་གསོལ་ལ།།ཤེལ་ལས་གསལ་ལ་དུང་ལས་དཀར།།མི་གཙང་བར་ཆད་མེད་པ་ཡི།།རྟེན་འབྲེལ་ལྷུན་གྱིས་གྲུབ་པར་ཤོག།སྐྱབས་གནས་མགོན་བྱེད་ལྷ་རྣམས་མཆོད།།ཕ་ལྷ་མ་ལྷ་ཞང་ལྷ་མཆོད།།སྲོག་ལྷ་དགྲ་ལྷ་ཁྱིམ་ལྷ་མཆོད།།ཐབ་ལྷ་ཟས་ལྷ་ཡུལ་ལྷ་མཆོད།།བཀྲ་ཤིས་བདེ་སྐྱིད་དངོས་གྲུབ་སྩོལ།།ཡོན་ཏན་བརྒྱ་ལྡན་བདུད་རྩིའི་བཅུད།།ལྷ་རྣམས་ཀུན་གྱི་དངོས་གྲུབ་ཡིན།།མི་རྣམས་འཚོ་བའི་ཟས་མཆོག་ཡིན།།དགོས་འདོད་ཀུན་འབྱུང་གཡང་གི་བཅུད།།རྟེན་འབྲེལ་ཕུན་སུམ་ཚོགས་པའི་ཟས།།ཟས་མཆོག་འདི་ལ་ལོངས་སྤྱད་པས།།ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་།།བདེ་སྐྱིད་ལྷ་དང་མཉམ་པར་ཤོག།འཛད་མེད་ནོར་གྱིས་ཕྱུག་པར་ཤོག།ཟས་མེད་ཟས་དང་ལྡན་པར་ཤོག།བསོད་ནམས་ལོངས་སྤྱོད་ཕུན་སུམ་ཚོགས།།ཐམས་ཅད་བརྟེན་པའི་གཞི་གྱུར་ཅིག།༽[18]ཅེས་བཀོད་ཡོད་པ་ལྟ་བུའོ།།
 
ད་ལྟ་མདོ་དབུས་ཁམས་གསུམ་གང་དུའང་༼དཀར་གསུམ་གྱིས་ངོ་གསོལ་བ༽ཞེས་ཆོ་གའི་མིང་ནས་བརྗོད་ཅིང་།བག་བླས་ཆེད་དུ་སྒྲུབ་པ་ཞིག་ཕལ་ཆེར་མེད་པ་འདྲ་ལ་ནང་དོན་དང་དམིགས་པ་མ་ཉམས་པར་ཡོད་པ་སྟེ། དབུས་གཙང་ས་ཁུལ་གྱི་གཉེན་སྒྲིག་གི་སྐབས་སུ་འོ་ཕུད་།ཆང་ཕུད།ཆུ་ཕུད་ཅེས་བག་མས་མི་ཕྱེད་དད་པ་དང་བཅས་གཉེན་ཚང་གི་ལྷ་རྣམས་ལ།མཆོད་འབུལ་བྱ་སྲོལ་ཡོད་པ་དེ་ནི་དོན་གྱི་གོང་སོང་གི་ཆོ་ག་དེ་ལས་མ་འདས་སྙམ་ལ། མདོ་སྨད་ཀྱི་ས་ཆ་མང་པོ་ཞིག་ཏུ་བག་མ་ཁྱིམ་དུ་ཐོན་པ་ན་ཐབ་ཟངས་ལས་ཇ་ཡུ་དམར་གྱི་འཁོལ་མགོའམ་ཇ་མངར་མོའི་ཇ་རྩེ་དེ་བག་མས་སྟེང་འོག་བར་གསུམ་གྱི་ལྷ་ཀླུ་གཉན་གསུམ་ལ་མཆོད་རྒྱུ་ཡོད་པ་མ་ཟད།བག་བླས་ཆེད་འདོན་གྱི་ཆོ་ག་དེ་མེད་ཀྱང་།བག་གསར་མག་གསར་གཉིས་ཀྱིས་རིན་ཆེན་སྣོད་ལ་དཀར་གསུམ་གྱི་མཆོད་རྫས་ཀྱིས་བཀང་སྟེ།ལྷ་ལ་འབུལ་སྲོལ་ཡོད་པ་དེ་ནི་དོན་དངོས་སུ་དཀར་གསུམ་གྱིས་ངོ་གསོལ་བའི་ཆོ་གའི་འཐུས་སུ་སྣང་ངོ།།
 
དྲུག་པ། མིང་འདོགས་པ།
 
མིང་འདོགས་པ་ཞེས་པ་ནི་མིང་འདོགས་རིག་གནས་སྤྱི་དང་མི་མཚུངས་པར་ཁྱབ་ཁོངས་གཏན་འཁེལ་དུ་ཡོད་པས་ཅུང་དམིགས་བསལ་ཞིག་སྟེ།མག་པ་དང་བག་མ་ཁྱིམ་གསར་བ་དེའི་མ་ཁང་དུ་ཞུགས་པའི་ཚེ།བག་བླ་ཞེས་པའི་བླ་མཆོད་ཅིག་གདན་འདྲེན་ཞུ་ཡོད་པ་དེས།ཐོག་མར་ཕུགས་ཀྱི་ལྷ་དང་བག་མའམ་མག་པ་གང་རུང་དེ་ལ་བུམ་ཁྲུས་བྱས་རྗེས་གནས་ཁྱིམ་དེའི་ལྷ་སྲུང་གཙོ་བོ་དང་།རིགས་རུས་ཀྱི་མིང་གསར་བ་འདོགས་པ་སྟེ། ལྷ་སྲུང་འཚོ་དང་ཡི་དམ་སྐྱིད་ལྟ་བུ་དང་། ལུམ་པ་ལྷ་མཛེས་དང་བྱང་ངོས་རིག་འཛིན་ལྟ་བུ་ཡོད་ལ།ཡང་ན།ནམ་མཁའ་བཞིན་དབུ་འཕང་མཐོ་བ་དང་།ས་གཞི་བཞིན་ཡོན་ཏན་ཀུན་བསྐྱེད་པ།རི་བོ་བཞིན་དབང་ཐང་བརྟན་པ།ཉི་ཟླ་བཞིན་ཀུན་ཏུ་སྣང་བའི་རྟེན་འབྲེལ་དུ།དེ་དག་གི་མིང་ཟུར་ལས་དྲས་པའི་མིང་གསར་བ་སྟེ། ནམ་མཁའ་འཚོ་དང་།ནོར་འཛིན་དབང་མོ། རྟག་བརྟན་འཚོ། ཉི་མ་འཚོ་དང་ཟླ་བ་སྒྲོལ་མ་སོགས་ལྟ་བུ་ཐོབ་དང་རིགས་རུས་སོགས་དང་མཐུན་ཞིང་བཀྲ་ཤིས་རིགས་རྒྱུད་འཕེལ་བའི་མིང་གསར་བ་འདོགས་པའི་ཆོ་ག་དེ་ལ་ཟེར།
 
དེའི་སྐོར་ནི་ཀོང་སྤྲུལ་རིན་པོ་ཆེའི་གསུང་དུ་ལྷག་ཏུ་གསལ་བ་སྟེ།༼དེ་རིང་གནམ་ལ་སྐར་མ་བཟང་།།ས་ལ་དུས་ཚོད་དག་ཀྱང་བཟང་།།བར་ལ་རྟེན་འབྲེལ་ལ་ཉེ་བཟང་།།བཟང་གསུམ་འཛོམས་པའི་གནས་སྐབས་འདིར།།འདྲེ་སྲིན་བྱུར་གསུམ་མར་ལ་བཀར།།མགོན་སྐྱབས་ལྷ་སྲུང་ཡར་ལ་བསྟོད།།ནམ་མཁར་ལྷ་ཡི་འཇའ་སྤྲིན་འཐིབས།།ས་གཞིར་མི་ཡི་མེ་ཏོག་བཀྲ།།བར་དུ་བཀྲ་ཤིས་ཆར་བ་འབེབས།།བདག་ལ་བརྟེན་པའི་བསྲུང་བྱ་བར།།བཀྲ་ཤིས་ཕུན་ཚོགས་མིང་ཞིག་བཏགས།།མིང་དུ་བཏགས་པར་མ་མཛད་ན།།འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར།།དེ་བས་རྨོངས་པ་བསལ་བའི་ཕྱིར།།མགོན་པོས་མིང་དུ་བཏགས་པར་མཛད།།སྲུང་དང་སྐྱབས་ཀྱི་མིང་བཏགས་པས།།དཀོན་མཆོག་གསུམ་གྱིས་སྐྱོབ་པར་ཤོག།མགོན་དང་སྲུང་གི་མིང་བཏགས་པས།།ལྷ་སྲུང་གཉན་པོས་མགོན་བྱེད་ཤོག།འཚོ་བའི་་མིང་མཐའ་ལྡན་པ་ཡིས།།ལོ་བརྒྱ་དག་ཀྱང་འཚོ་བར་ཤོག།ནམ་མཁའི་མིང་ལས་དྲས་པ་ཡིས།།དབུ་འོང་དགུང་བས་མཐོ་བར་ཤོག། ས་གཞིའི་མིང་ལས་དྲས་པ་ཡིས།།ས་བཞིན་ཡོན་ཏན་ཀུན་སྐྱེད་ཤོག།རི་བོའི་མིང་ལས་དྲས་པ་ཡིས།།དབང་ཐང་རི་ལྟར་བརྟན་པར་ཤོག།ཉི་ཟླའི་མིང་ལས་དྲས་པ་ཡིས།།ཉི་ཟླ་བཞིན་དུ་ཀུན་སྣང་ཤོག།རྟེན་འབྲེལ་ཕུན་ཚོགས་མིང་བཏགས་པས།།བུ་ནོར་ཆོས་གསུམ་འཛོམས་པ་དང་།།སྐྱིད་དགའ་མཐའ་རུ་ཕྱིན་པར་ཤོག།དཔལ་དང་ལོངས་སྤྱོད་འཕེལ་བ་དང་།།བཀྲ་ཤིས་དོན་རྣམས་འགྲུབ་པར་ཤོག།གྲགས་པ་བཟང་པོ་བཀྲ་ཤིས་མིང་།།བོད་ཁམས་ཀུན་ཏུ་སྙན་པར་གྲགས།།ལྷ་མི་ཡོངས་ཀྱིས་སྨོན་པ་ཡི།།བདེ་ལེགས་དཔལ་དུ་འབར་གྱུར་ཅིག།༽ཅེས་ཤིས་བརྗོད་དང་བཅས་ཏེ་རྒྱལ་པོ་སོགས་ཆེན་པོའི་རིགས་ལ།ས་སྤྱོད་དབང་མོ་དང་། བཀྲ་ཤིས་དང་བདེ་ལེགས། ཕུན་ཚོགས་དབང་མོ་སོགས་དང་།ཕལ་བ་ལ་ཚོད་དང་མཐུན་པའི་མིང་བཀྲ་ལེགས་པ་གདགས་པར་བྱའོ་[19]ཞེས་བཀོད་པ་ལྟར་ལགས་ལ།ཆོ་ག་འདི་ནི་ད་ལྟ་མེད་ཅེས་པའི་བརྗོད་མཁན་མང་བ་དང་།ཁ་ཤས་ཀྱིས་སྔོན་ཆད་ཀྱང་མེད་ངེས་ཏེ། གལ་ཏེ་མག་པ་དང་བག་མ་མི་རིགས་གཞན་ཡིན་ན་མིང་གསར་དུ་འདོགས་པའི་གོམས་སྲོལ་ཡོད་སྲིད་ལ་དགོས་པའང་ཡོད་ཚུལ་གྱི་ལྟ་བ་འདོན་རྒྱུ་ཡོད།ཡང་ལ་ལས་ཀྱིས་ཁྱིམ་རྒྱུད་དང་རིགས་རུས་མཐོ་ཤོས་སུ་མ་གཏོགས་མེད་ཅེས་ལོ་རྒྱུས་སུ་བཀོད་པའི་ང་ཕོད་པ་དང་། ལྷ་ཀླུ་པ། བྱ་རིགས་པ། སྦྱར་པ་བ། ཕོ་ལྷ་པ། བྱང་ངོས་པ་སོགས་དྲངས་ནས་སྲོལ་དེ་འབངས་མི་ཕལ་བའི་རིགས་ལ་མེད་ཚུལ་གླེང་བ་མང་བའོ།།
 
ངོ་མ་བཤད་ན། ཆོ་ག་དེ་མེད་ཚུལ་གྱི་ལྟ་བ་འདོན་མཁན་དག་ལའང་གནས་ལུགས་ཤིག་གཏན་ནས་མེད་ཅེས་པ་མིན་ཡང་།གཞི་ཚུགས་དཀའ་སྟེ་ད་ལྟ་མེད་ན་སྔོན་ཆད་ཀྱང་མེད་པའི་ཆ་མི་འཚལ་བ་ནི།ད་ལྟ་གཡག་བཞོན་མཐོང་དཀའ་ན།སྔོན་ཆད་མེད་པའི་དཔེ་རུ་མི་འགྲོ་བ་ལྟ་བུ་ཡིན་ལ། ཁྱད་པར་དུ་བོད་ཀྱི་གཉེན་སྒྲིག་རིག་གནས་ཀྱི་སྐབས་སུ་ལྷ་མིའི་རྟེན་འབྲེལ་གྱི་ཆ་ཤིན་ཏུ་ནས་མང་ཞིང་།མི་རིགས་གཞན་ལའང་དེ་འདྲའི་ཆ་ཡོད་གཤིས། རང་རེ་བོད་པ་ཚང་ལ་ཡོད་མི་ཆོག་པའི་གནས་ལུགས་ཤིག་མེད་པ་མ་ཟད།དེ་ལས་ལྡོག་སྟེ་བོད་ཀྱི་གནའ་བོའི་རིག་གནས་ལ་རྒྱུས་མངའ་ལེགས་པོ་མེད་པའི་མཚང་ཞིག་མ་ཉོས་རང་འཁུར་བྱས་སོང་པ་འདྲ། རྒྱུ་མཚན་ནི་ཀོང་སྤྲུལ་རིན་པོ་ཆེ་ལགས་ནི་བོད་ཀྱི་རིག་གནས་ལ་ཕྱོགས་རིས་བྲལ་ཞིང་རིག་གནས་ཀྱི་གཏེར་མཛོད་ལྟ་བུར་གྲུབ་པའི་བོད་སྔོན་མའི་མཁས་དབང་ཞིག་ཡིན་ཕྱིར་དང་། གཞན་ད་དུང་དེང་གི་བོད་རིག་པའི་མཁས་དབང་ནམ་མཁའི་ནོར་བུ་མཆོག་ནས་ཀྱང་ཆོ་ག་འདིའི་ཐད་དུ། བག་བླས་བག་མའམ་མག་པ་གང་རུང་དེ་ལ་མིང་གསར་བ་ཞིག་བཏགས་ཤིང་།མིང་དེ་ཐོག་ནས་ཕུགས་ཀྱི་ལྷ་ལ་ངོ་སྤྲོད་བྱེད་སྲོལ་ཡོད་འདུག[20]ཅེས་པའི་གསུངས་གནང་ཡོད་པ་སོགས་ཀྱིས་ཆོ་ག་འདི་བོད་ཀྱི་སྤྱི་ཚོགས་སུ་བྱུང་མྱོང་བ་ཐག་གིས་བཅད་ནས་བརྗོད་ཆོག་ཀྱང་།ད་ལྟ་ཡོད་ཚུལ་གླེང་ཙམ་ལས་དངོས་སུ་མཐོང་རྒྱུ་ཉུང་བའང་མངོན་སུམ་གྱི་དོན་ཞིག་རེད།
 
བདུན་པ། ལྷ་ལ་འདོགས་པ།
 
ལྷ་ལ་འདོགས་པ་ཞེས་པ་ནི་བག་བླས་ལྷ་རྟེན་གྱི་མདའ་དར་དང་ཚེ་བུམ་སོགས་ཐོགས་ཏེ་བཤད་བརྒྱུད་སྒྲུབ་བརྒྱུད་དོན་བརྒྱུད་འཛིན་པ་ཡི་རྩ་བརྒྱུད་དཔལ་ལྡན་བླ་མའི་ཚོགས་རྣམས་དང་འཇིག་རྟེན་ཆོས་སྐྱོང་སོགས་ཀྱིས་རིགས་ཀྱི་བུ་མོ་འདི་སྲུང་ཞིང་སྐྱོབས་པར་བཅོལ་བའི་ཆོ་ག་དེ་ལ་ཟེར།
 
ཆོ་ག་དེའི་ལག་ལེན་དངོས་ནི་གཉེན་ཚང་གི་མཆོད་ཁང་གི་མདུན་ནམ་གནས་ཁྱིམ་དེའི་ཁང་པ་ཆེས་གཙང་ས་ཞིག་ནས་མ་མཐའ་ཡང་ཁྱིམ་དེའི་བསྟེན་ལྷ་གཙོ་བོ་ཆེད་དུ་གནས་དེར་ཞུ་སྟེ།བག་བླས་མདའ་དར་དང་ཚེ་བུམ་སོགས་ཐོགས་ཏེ་ཚན་ཁྲུས་དང་གཡང་འབོད་ཀྱི་ཆ་བྱད་དང་འདྲ་ཡང་ནང་དོན་མི་འདྲ་བ་སྟེ།ཀོང་སྤྲུལ་རིན་པོ་ཆེའི་ལས་ཕྲན་ཆོ་ག་རུ།༼སྐྱབས་གནས་དཀོན་མཆོག་གསུམ་དང་རྩ་བ་གསུམ།། ཆོས་སྐྱོང་སྲུང་མ་ཁྱད་པར་སྦྱིན་བདག་འདིས།།ཕ་མེས་དུས་ནས་བསྟེན་སྒྲུབ་མཆོད་པའི་ལྷ།།ཐམས་ཅད་དེ་རིང་གསན་ཞིང་དགོངས་སུ་གསོལ།།རིགས་བཟང་ཡོན་ཏན་ལྡན་པའི་མོ་བཙུན་འདི།།དེང་ནས་བཟུང་སྟེ་ཇི་སྲིད་འཚོ་བའི་བར།།ཡེ་ཤེས་སྤྱན་ལྡན་སྐྱབས་གནས་ཁྱེད་རྣམས་ལ།།སྐྱབས་སུ་གསོལ་ཞིང་སྒོ་གསུམ་འབུལ་ལགས་ན།།ཐུགས་རྗེ་བརྩེ་བས་དགོངས་ཏེ་རྗེས་སུ་ཟུངས།།སྐྱབས་འོག་ཆུད་ཅིང་བྱིན་གྱིས་བརླབ་ཏུ་གསོལ།།རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་ཡི་བརྒྱུད།།གང་ཟག་སྙན་བརྒྱུད་ལས་འཕྲོ་གཏེར་གྱི་བརྒྱུད།།བཤད་བརྒྱུད་སྒྲུབ་བརྒྱུད་དོན་བརྒྱུད་འཛིན་པ་ཡི།།རྩ་བརྒྱུད་དཔལ་ལྡན་བླ་མའི་ཚོགས་རྣམས་ཀྱིས།།རིགས་ཀྱི་བུ་མོ་འདི་ཡི་ལུས་ངག་ཡིད།།སྲུང་ཞིང་སྐྱོབས་ལ་བྱིན་གྱིས་རློབས་པར་མཛོད།།ཐེག་པ་རིམ་པ་དགུ་ཡི་ལྷ་རྣམས་དང་།།བྱ་རྒྱུད་སྤྱོད་རྒྱུད་རྣལ་འབྱོར་བླ་ན་མེད།།རྒྱུད་སྡེ་བཞི་དྲུག་ཡི་དམ་ལྷ་ཡི་ཚོགས།།རྒྱལ་བ་ཞི་ཁྲོ་རབ་འབྱམས་ལྷ་ཚོགས་ཀྱིས།།རིགས་ཀྱི་བུ་མོ་འདི་ཡི་ལུས་ངག་ཡིད།།སྲུང་ཞིང་སྐྱོབས་ལ་བྱིན་གྱིས་རློབས་པར་མཛོད།།རྡོ་རྗེ་ཕག་མོ་མཁའ་འགྲོ་སྡེ་ལྔ་དང་།།གསང་བ་ཡེ་ཤེས་སེང་གེ་གདོང་བ་ཅན།།སྒྲོལ་མ་དཀར་སྔོན་ཁྲོ་གཉེར་ཅན་མ་སོགས།།རི་རབ་རྡུལ་མཉམ་དཔའ་བོ་མཁའ་འགྲོ་ཡིས།།རིགས་ཀྱི་བུ་མོ་འདི་ཡི་ལུས་ངག་ཡིད།།སྲུང་ཞིང་སྐྱོབས་ལ་བྱིན་གྱིས་རློབས་པར་མཛོད།།མ་མགོན་ལྕམ་དྲལ་དཔལ་མགོན་བདུན་ཅུ་ལྔ།།ཨ་ཕྱི་མཆེད་ལྔ་ཚེ་རིང་མཆེད་ལྔ་དང་།།རྡོ་རྗེ་གཡུ་སྒྲོན་བརྟན་མ་བཅུ་གཉིས་སོགས།།ཡེ་ཤེས་ལས་དང་འཇིག་རྟེན་ཆོས་སྐྱོང་གིས།།རིགས་ཀྱི་བུ་མོ་འདི་ཡི་ལུས་ངག་ཡིད།།སྲུང་ཞིང་སྐྱོབས་ལ་བྱིན་གྱིས་རློབས་པར་མཛོད།།ཅེས་དང་།……དབུས་ནས་མགོན་ལྷ་དཀར་པོས་སྲུངས།།སྟེང་ནས་ནམ་མཁའི་ལྷ་མོས་སྲུངས།།འོག་ནས་ས་ཡི་ལྷ་མོས་སྲུངས།།གཡས་ནས་ཕོ་ལྷ་གཉན་པོས་སྲུངས།།གཡོན་ནས་མ་ལྷ་བུ་རྗིས་སྲུངས།།རྒྱབ་ནས་དགྲ་ལྷ་དར་མས་སྲུངས།།མདུན་ནས་ཞང་ལྷ་སྲོག་ལྷས་སྲུངས།།ཕུག་ལྷ་གཉན་པོས་སྲུངས་སྐྱོབས་མཛོད།།དེ་རིང་མི་ནོར་བརྒྱ་བཏང་ཡང་།།སང་ཉིན་སྟོང་ཕྲག་ཚུར་ལ་ཤོག།ནོར་ལ་གཉན་པོས་སྲུངས་སྐྱོབས་མཛོད།།དེ་རིང་ཕྱུགས་བརྒྱ་ཕར་བཏང་ཡང་།།སང་ཉིན་ཕྱུགས་སྟོང་ཚུར་ལ་ཤོག།ཟས་ལྷ་གཉན་པོས་སྲུངས་སྐྱོབས་མཛོད།།དེ་རིང་ཟས་བརྒྱ་ཕར་བྱིན་ཀྱང་།།སང་ཉིན་ཟས་སྟོང་ཚུར་ལ་ཤོག།རྩ་བ་གསུམ་གྱི་བྱིན་རླབས་དང་།།དཀོན་མཆོག་བདེན་པའི་ནུས་མཐུ་ཡིས།།དེ་རིང་ཉི་མ་ཕྱིན་ཆད་ནས།།མི་དང་ལྷ་གཉིས་མ་འབྲལ་བར།།རྟག་ཏུ་སྲུང་ཞིང་སྐྱོབ་པར་ཤོག།ལུས་ལ་ན་ཚ་མེད་པར་ཤོག།ཚེ་ལ་བར་ཆད་མེད་པར་ཤོག།སྲོག་ལ་ཤི་ཆད་མེད་པར་ཤོག།མངའ་ཐང་རིགས་རྒྱུད་འཕེལ་བར་ཤོག།གནས་ལ་བཀྲ་ཤིས་བརྟན་པར་ཤོག།ས་ལ་བརྟན་ཕུར་ཚུགས་པར་ཤོག།མི་འཕེལ་རྟ་ཧྲག་འཛོམས་པར་ཤོག།ཕྱུག་གི་གཏེར་ཁ་བརྡོལ་བར་ཤོག།སྐྱིད་དགའ་ཡུན་རིང་གནས་པར་ཤོག།དབང་ཐང་དགུང་དང་མཉམ་པར་ཤོག།ཕུག་གི་ལྷ་ཡིས་སྐྱོབ་པར་ཤོག།བར་གྱི་མི་དང་མཐུན་པར་ཤོག།མི་ཚེ་སྐྱིད་ཀྱིས་འཁྱོལ་བར་ཤོག།མཐུན་གསུམ་འགྲོགས་ཡུན་རིང་བར་ཤོག།སྨན་མཛངས་དབང་བུ་ཚང་བར་ཤོག།སྙན་གྲགས་འབྲུག་ལྟར་ཁྱབ་པར་ཤོག།དགེ་བའི་ས་བོན་འདེབས་པར་ཤོག།བུ་ནོར་ཆོས་གསུམ་འཛོམས་པར་ཤོག།བདེ་སྐྱིད་ལོངས་སྤྱོད་ལྡན་པར་ཤོག།ཅི་བསམ་དོན་ཀུན་འགྲུབ་པར་ཤོག།༽[21]ཅེས་ཆོ་ག་དེའི་མཇུག་ཏུ་་བུམ་ཁྲུས་ཀྱི་རིམ་པ་ཆ་ཚང་ཞིག་སོང་རྗེས།ལྷ་རྟེན་གྱི་མདའ་དར་ལས་བལ་གྱི་སྲུང་མདུད་དམ་ཁ་བཏགས་གང་རུང་ཞིག་གྲོལ་ནས་བག་མའི་སྐྲ་སྣེ་རུ་འདོགས་པར་བྱེད་ལ་དེ་ནི་གཉེན་ཚང་གི་ལྷ་དང་མནའ་མའི་བར་གྱི་སྦྲེལ་དར་རམ།ཡང་ན་མནའ་མ་དེ་ལྷ་དག་གིས་སྐྱབས་འོག་ནས་འདོར་རྒྱུ་མེད་པའི་བརྡ་རྟགས་ཀྱི་ཚུལ་རེད།
 
ཆོ་ག་འདི་ནི་མདོ་དབུས་ཁམས་གསུམ་གང་དུ་ཡང་སྔོན་ཆད་ལྟ་བུའི་མགོ་རྔ་བར་གསུམ་གྱི་རིམ་པ་ཆ་ཚང་ཞིག་ཡོད་ཚོད་མི་འདུག་ཀྱང་ནང་དོན་ཡོད་དེ། ཨ་མདོའི་ས་ཆ་ཁ་ཤས་སུ་བག་མའི་སྐྲ་ལུང་དང་ཐོད་ལོག་སོགས་ལ་ཁ་བཏགས་འདོགས་པ་མང་ལ།བལ་སྲུང་དང་བལ་ཙར་འདོགས་པའང་ཡོད་པ་ལྟ་བུ་དང་། དབུས་གཙང་ས་ཁུལ་དུ་བག་མ་གནས་ཁྱིམ་གྱི་སྒོ་ཁར་ཐོན་པ་ན་མག་གསར་དེས་ཆུང་མ་གསར་བའི་མགོ་ལ་ཁ་བཏགས་ཤིག་སྒྲོན་རྗེས་ཁྱིམ་དུ་འགྲོ་དུས་ཀྱང་མག་པས་ཁ་བཏགས་ལ་འཇུས་ནས་འགྲོ་བ་དེའང་ཆོ་ག་འདིའི་འཐུས་སུ་ལོས་འགྲོ་སྙམ་མོ།།
 
བརྒྱད་པ། གཡང་འགུགས་པ།
 
བོད་རིག་གནས་ཀྱི་ཆུ་མགོ་ལྟ་བུའི་ཕྱྭ་གཤེན་པ་རྣམས་ཀྱི་ལུགས་སུ་སྣང་སྲིད་ཀྱི་ལེགས་ཉེས་ཐམས་ཅད་ཕྱྭས་བཀོད་པར་བཤད་ཅིང་།ཕྱྭ་ཞེས་པ་དེའང་ཕྱྭ་གཤེན་པ་རྣམས་ཀྱིས་གཏོའི་བྱེ་བྲག་གཡང་སྒྲུབ་ཀྱི་སྐབས་སུ་གཡང་ལ་ཕྱྭ་ཞེས་བྱ་བ་དང་གཡང་འབོད་པ་དང་“ཕྱྭ་འབོད”ཅེས་པའི་ཐ་སྙད་བྱུང་ལ།ད་ལྟ་ཡོངས་གྲགས་སུ་“གཡང་འགུགས”སམ་གཡང་འབོད་ཅེས་པ་ནི་དོན་དུ་ཚེ་རིང་ནད་མེད་དགེ་བའི་ཕྱྭ་གཡང་དང་།དབུལ་ཕོངས་སྡུག་བསྔལ་སེལ་བའི་ཕྱྭ་གཡང་།འབྲུ་ནོར་ལོངས་སྤྱོད་རྒྱས་པའི་ཕྱྭ་གཡང་།རྟ་ཕྱུགས་རྐང་འགྲོས་འཕེལ་བའི་ཕྱྭ་གཡང་།བཟའ་བཏུང་གོས་རྒྱན་འབྱོར་བའི་ཕྱྭ་གཡང་།ཁམས་གསུམ་དབང་དུ་གདུལ་བའི་ཕྱྭ་གཡང་།སྲིད་གསུམ་ཟིལ་གྱིས་གནོན་པའི་ཕྱྭ་གཡང་།སྙན་གྲགས་སྟོང་གསུམ་ཁྱབ་པའི་ཕྱྭ་གཡང་།མི་རྒྱུད་ཆུ་ལྟར་རིང་བའི་ཕྱྭ་གཡང་།ལོག་འདྲེན་དགྲ་བགེགས་འདུལ་བའི་ཕྱྭ་གཡང་།ཞེས་འཇུག་པ་མང་པོ་ཞིག་འདུ་བ་ཀུན་གྱིས་ཤེས་གསལ་ལྟར་ལ།དེ་ཡང་ཕྱྭ་ཡི་དོན་ངོ་མ་ནི་གཡང་ངམ་དཔལ་ལམ་ཕུན་སུམ་ཚོགས་པའམ་དབང་ཐང་ངམ་བཀྲ་ཤིས་པའི་ཆ་ཞིག་ལ་ངོས་འཛིན་པ་སྟེ།སྐྱེས་བུ་སུ་ཡང་རུང་བ་ཞིག་ལ་དཔེར་མཚོན་ན།སྐྱེས་བུ་དེ་རང་གི་དཔལ་ལམ་ཕུན་ཚོགས་པའི་ཆའམ་དབང་ཐང་ངམ་བཀྲ་ཤིས་པའི་ཆ་དེ་སྐྱེས་བུའི་ཕྱྭ་ཞེས་བསྙད་ཅིང་སྐྱེས་བུའི་ཕྱྭ་དེ་ལ་མགོན་དང་དཔུང་གྲོགས་སུ་མཛད་པའི་ཕྱྭ་ཡི་ལྷ་ནི་དཀྱིལ་ཆེན་ཕུ་ཝེར་དཀར་པོ་གཙོས་སྐྱེས་བུ་དེ་དང་འབྲེལ་ཞིང་རྟག་ཏུ་མ་འབྲལ་ལྷན་གཅིག་ཏུ་འགྲོགས་པའི་ལྷ་སྲུང་ཁྱད་པར་ཅན་འགོ་བའི་ལྷ་ལྔ་དང་རླུང་རྟའི་ལྷ་ཚོགས་རྣམས་ཡིན།
 
འདིར་ཆེད་དུ་བརྗོད་བཞིན་པའི་གཉེན་ཆོག་གི་“གཡང་འགུགས”འདི་ནི་ནད་མེད་ཚེ་རིང་དང་།དབུལ་ཕོངས་སྡུག་སེལ།མི་རྒྱུད་སྤེལ་བའི་ལས་སོགས་ཏེ། ཁྱིམ་གྱི་ཆ་ནས་བཤད་ན་གཙོ་བོ་གཉེན་ཚང་གི་དར་རྒུད་དང་རིགས་རྒྱུད་ལ་འབྲེལ་བ་ཡོད་པ་དང་།གཞན་ཨ་ཞང་ཚང་གིས་ཀྱང་མཐོན་པོའི་མཐོ་གཡང་དང་།ཆེན་པོའི་ཆེ་གཡང་།བཙན་པོའི་བཙན་གཡང་།དར་བའི་གཡང་།ཕྱུག་པོའི་ཕྱུག་གཡང་།མཁས་པའི་མཁས་གཡང་།བཙུན་པའི་བཙུན་གཡང་།བདེ་བའི་བདེ་གཡང་།སྐྱིད་པའི་སྐྱིད་གཡང་།བཟང་བའི་བཟང་གཡང་། མཛེས་པའི་མཛེས་གཡང་།མཐུན་པའི་མཐུན་གཡང་སོགས་རང་ཁྱིམ་གྱི་གཡང་རྣམས་བུ་མོ་དང་འགྲོགས་ནས་གཉེན་ཚང་དུ་མི་འགྲོ་བའི་ཆེད་དུ་སྒྲུབ་པའི་ཆོ་ག་ལའང་ཟེར་ཏེ།ཨ་ཞང་ཚང་གིས་ནངས་མོ་བག་མ་ཡུལ་ནས་ལམ་ཞུགས་གྲ་སྒྲིག་སྐབས་སུ་རང་ཁྱིམ་གྱིས་ཆེད་དུ་བླ་མཆོད་ཞུ་ནས་གཡང་འགུགས་ཀྱི་ཆོ་ག་ཞིག་སྒྲུབ་པ་དེ་ལ་ཟེར།
 
ཆོ་ག་དེ་ནི་ཁྱིམ་གཉིས་རང་རང་སོ་སོ་ནས་སྒྲུབ་པ་ཞིག་ཡིན་ལ།  གཙོ་བོ་གཉེན་ཚང་གི་ཐད་ནས་གསུངས་ཡོད་པ་གསལ་ཏེ།་མནའ་མ་ཁྱིམ་བསུའི་ཆོ་ག་རེ་རེ་བཞིན་བསྒྲུབས་ནས་མཚམས་འདིར་ཐོན་པ་ན་བག་བླས་དར་དང་རིན་པོ་ཆེ་སྣ་ཚོགས་སྒྲོག་ཡོད་པའི་མདའ་དར་དལ་གྱིས་གཡབ་བཞིན་༼དེ་རིང་སྲིད་པའི་གནམ་གང་ལ།།ཁྱིམ་འཛིན་འདི་ལ་རྟེན་བཙུགས་ནས།།ཕྱོགས་བཞི་མཚམས་བརྒྱད་ཕྱྭ་གཡང་བཀུག།དཀོན་མཆོག་རྩ་གསུམ་བྱིན་རླབས་དང་།གསང་སྔགས་རིག་སྔགས་ནུས་མཐུ་དང་།།བདེན་པ་གྲུབ་པའི་བདེན་མཐུ་དང་།།རྟེན་འབྲེལ་རྫས་ཀྱི་ནུས་པ་ཡིས།།སྟེང་ཕྱོགས་ལྷ་ཡི་ཕྱྭ་གཡང་ཁུག།འོག་ཕྱོགས་ཀླུ་ཡི་ཕྱྭ་གཡང་ཁུག།བར་ཕྱོགས་གཉན་གྱི་ཕྱྭ་གཡང་ཁུག།གླིང་བཞི་མི་ཡི་ཕྱྭ་གཡང་ཁུག།ལྷ་སྲིན་སྡེ་བརྒྱད་ཕྱྭ་གཡང་ཁུག།རྒྱ་གར་དམ་པའི་ཆོས་གཡང་ཁུག།རྒྱ་ནག་བཙན་བརྗིད་ཁྲིམས་གཡང་ཁུག།སྟག་གཟིག་ནོར་གྱི་ཕྱུག་གཡང་ཁུག།ཟས་ནོར་གོས་ཀྱི་བཅུད་གཡང་ཁུག།བདེ་སྐྱིད་དཔལ་འབྱོར་ཕྱྭ་གཡང་ཁུག།དབུ་ནག་མི་ཡི་ཕྱྭ་གཡང་ཁུག།གསེར་དངུལ་ནོར་གྱི་ཕྱྭ་གཡང་ཁུག།དར་ཟབ་གོས་ཀྱི་ཕྱྭ་གཡང་ཁུག།རྐང་བཞི་ཕྱུགས་ཀྱི་ཕྱྭ་གཡང་ཁུག།བཟའ་བཏུང་བཅུད་ཀྱི་ཕྱྭ་གཡང་ཁུག།ཚེ་རིང་ནད་མེད་ཕྱྭ་གཡང་ཁུག།ཅི་བསམ་འགྲུབ་པའི་ཕྱྭ་གཡང་ཁུག།ཕུན་ཚོགས་དགེ་ལེགས་གཡང་ཁུག་ཅིག།མི་ཚུར་ཡོང་རྗེས་ལ་མི་གཡང་ཤོག།ནོར་ཚུར་ཡོང་རྗེས་ལ་ནོར་གཡང་ཤོག།ཟས་ཚུར་ཡོང་རྗེས་ལ་ནོར་གཡང་ཤོག།བག་མ་ཚུར་ཡོང་རྗེས་ལ་དཔལ་གཡང་ཤོག༽ཅེས་པའི་ཀོང་སྤྲུལ་རིན་པོ་ཆེའི་གཡང་འགུགས་ལས་ཆོ་ག་འདིའི་དོན་གྱི་དམིགས་ཡུལ་དང་རིམ་པ་སོགས་རྟོགས་ཐུབ་ལ།ཆོ་ག་འདི་ནི་སྤེལ་མཁན་གྱི་མི་སྣ་གནའ་སྲོལ་ལྟར་ཨ་ཁ་དཔོན་ཡིན་པ་ཕུད་བོད་སྤྱི་ཚོགས་སུ་ག་ས་གང་དུ་སྤེལ་བཞིན་པའི་ཆོ་ག་ཞིག་རེད།
 
ཆོ་ག་དེ་ནི་མདོ་དབུས་ཁམས་གསུམ་གྱི་ས་ཆ་མང་པོ་ཞིག་ནས་ཨ་ཞང་ཚང་གིས་ཀྱང་དང་དོད་ཆེ་བའི་ཆོ་ག་ཞིག་སྟེ། བག་མ་སྐྱེལ་ནས་སྒོར་བུད་པའི་དུས་དེར་བག་མའི་མའམ་རང་ཁྱིམ་གྱི་མ་སྲུ་ཆེ་རྒན་ཞིག་གིས་སྐད་ཅུང་མཐོན་པོས་སྒོ་ནས་བུ་མོས་མིང་ནས་བོས་ཏེ།“སྐྱིད་ཅིག་ཡོད་ན་འཁྱེར་ལ་སོང་།གཡང་ཞིག་ཡོད་ན་སྐྱུར་ལ་ཞོག”ཅེས་ཐེངས་གསུམ་ལ་བརྗོད་པར་བྱེད་པ་དང་།གཞན་ད་དུང་མནའ་མའི་ཕ་མ་གཉིས་ནང་གི་གཡང་ཉམས་པར་འཛེམས་ཏེ་རང་ཁྱིམ་དུ་སྡོད་པ་ལས་མནའ་མ་སྐྱེལ་དུ་སྒོར་ཕྱིར་ཡོང་གི་མེད་པ་སོགས་ནི་ད་ལྟའི་ཨ་ཞང་ཚང་གི་གཡང་འགུགས་སམ་གཡང་མི་ཉམས་པར་བྱེད་པའི་ཆོ་ག་རེད་ལ།མདོར་ན་ཆོ་ག་འདི་ནི་བོད་མིའི་གཉེན་སྒྲིག་རིག་གནས་སྐབས་སུ་ཁྱིམ་གཉིས་ནས་ངེས་པར་བསྒྲུབ་དགོས་པ་ཞིག་ཏུ་གྱུར་ཡོད་པའོ།།
 
མཇུག་མཐར།མཐའ་རྟེན་ཤིས་པ་བརྗོད་པ་ཞེས་ཆོ་ག་ཞིག་ཏུ་བགྲང་སྟེ་སྤེལ་རྒྱུ་ཡོད་ལ།ཆོ་གར་བགྲང་རྒྱུ་མེད་ཀྱང་ནང་དོན་ཤིས་པ་བརྗོད་པའི་ཐད་ནས་ཆོ་ག་འདི་ཡང་མེད་མི་སྲིད་པ་ལྟ་བུར་གྱུར་ཡོད།
 
ཀོང་སྤྲུལ་རིན་པོ་ཆེ་ནས༼བག་མ་ལ་དགེ་བའི་ལས་ཕྲན་བདུན་གྱི་ཆོ་ག་བཀྲ་ཤིས་དཔལ་སྐྱེད༽ཅེས་བགྲང་བའི་སྐབས་སུ་ཆོ་ག་ཞིག་ཏུ་རྩིས་མེད་ལ།གཞུང་དངོས་འཆད་པའི་སྐབས་སུ་ཆོ་ག་ཞིག་ཏུ་རྩིས་ནས་ལས་ཕྲན་བརྒྱད་ལྟར་བརྗོད་ཡོད་པ་སྟེ།ཁོང་གི་གསུང་དུ་བརྒྱད་པ་མཐའ་རྟེན་བཀྲ་ཤིས་བརྗོད་པ་ནི།མདུན་གྱི་ནམ་མཁར་བླ་མ་རྒྱལ་བ་སྲས་དང་བཅས་པ་ལྷ་དང་དྲང་སྲོང་བདེན་པ་གྲུབ་པ་རྣམས་དང་དཀར་པོའི་ཕྱོགས་སྐྱོང་བ་རྣམས་དང་བཅས་པས་བཀྲ་ཤིས་པའི་བདེན་ཚིག་བརྗོད་ཅིང་མེ་ཏོག་ཆར་དུ་བསྙིལ་བར་སེམས་ཏེ།རྟེན་འབྲེལ་གྱི་ཤིས་པ་བརྗོད་པ་དཔེ་མཚོན་ཙམ་དྲངས་ན།༼……བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་།།མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་།།འདོད་པ་འགྲུབ་ཅིང་ཕུན་སུམ་ཚོགས་པ་སྟེ།།བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག།བསོད་ནམས་རི་་བོ་བཞིན་དུ་བརྟན་པ་དང་།།རྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང་།།སྙན་པས་ནམ་མཁའ་བཞིན་དུ་ཁྱབ་པ་སྟེ།།བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག།ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང་།།ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས།།ཐེག་པ་མཆོག་ལ་ངེས་པར་འབྱུང་བ་སྟེ།།བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག།སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་སྲུང་བ་དང་།།བཟོད་པ་སྒོམ་ཞིང་བརྩོན་འགྲུས་རྩོམ་པ་དང་།།མཉམ་པར་འཇོག་ཅིང་གནས་ལུགས་རྟོགས་པ་སྟེ།།བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག།གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས།།ཉི་མའི་གུང་ཡང་བདེ་ལེགས་ཤིང་།།ཉིན་མཚན་རྟག་ཏུ་བདེ་ལེགས་པ།།དཀོན་མཆོག་གསུམ་གྱིས་བཀྲ་ཤིས་ཤོག།༽ཅེས་པ་ལྟར་ཡིན་ལ།རང་ཉིད་ཀྱིས་ལག་སོན་བྱུང་བའི་རྒྱུ་ཆ་ལྟར་ན་ད་ལྟ་བོད་ཁམས་ཡོངས་སུ་ཕལ་ཆེར་ཆོ་ག་འདི་སྤེལ་སྲོལ་རིགས་གསུམ་ཙམ་ཡོད་པ་འདྲ་སྟེ།དང་པོ་ནི་ཀོང་སྤྲུལ་རིན་པོ་ཆེའི་ལུགས་དང་མཐུན་པའི་ཆོས་ལུགས་རིག་གནས་ཀྱི་ནང་དོན་གཙོ་ཆེ་བའི་བག་བླས་ཆེད་དུ་སྒྲུབ་པ་དང་།གཉིས་པ་ནི་སྲིད་པ་གཏམ་གྱི་རིག་གནས་གཙོ་ཆེ་བ་སྟེ། སྟོན་ཐོག་གི་ཨ་ཞང་ཚང་དང་གཉེན་ཚང་ཟུང་གི་ཕ་ཨ་ཁུས་བཀྲ་ཤིས་རྟེན་འབྲེལ་གྱི་ཚིག་གི་བརྗོད་པ་སྣ་ཚོགས་ཀྱིས་སྒྲུབ་པར་བྱེད་ལ།གསུམ་པ་ནི་སྲིད་པ་གླུ་ཡི་རིག་གནས་གཙོ་ཆེ་བ་སྟེ།ན་གཞོན་ཕོ་མོ་རྣམས་ཀྱིས་བཀྲ་ཤིས་དབྱངས་སྙན་གྱིས་སྒྲུབ་པར་བྱེད་རྒྱུ་ཡོད་པ་རེད།
 
དེས་ན་བོད་ཁམས་ཧྲིལ་བོ་ན་བཀོལ་སྤྱོད་བྱས་དང་བྱེད་བཞིན་པའི་མཐའ་རྟེན་བཀྲ་ཤིས་ཀྱི་ཆོ་ག་འདི་ནི་ཆེད་དུ་རིམ་པ་གཅིག་ཏུ་མི་འཇོག་པ་ནི་གལ་མི་ཆེ་བའི་དོན་མིན་པ་མ་ཟད།དེ་ལས་ལྡོག་སྟེ་དོ་གལ་ཆེས་ཆེ་བས་མ་བཤད་མ་གླེང་ཡང་།དགོས་པ་གཞིར་བཞག་གི་བོད་ཀྱི་གོམས་སྲོལ་གྱི་རྟགས་ཤིག་ཏུ་འགྲོ་སྙམ་མོ།།
 
མདོ་བསྡུ་བའི་གཏམ།
 
ཀློག་པ་པོ་རྣམས་ཀྱིས་ཤེས་གསལ་ལྟར། གོང་ནས་བཤད་ཟིན་པའི་གཉེན་གྱི་ཆོ་ག་རེ་རེ་ལ་མིང་དོན་མི་འདྲ་བ་དང་།རིག་གནས་ཀྱི་བསྟན་དོན་མི་འདྲ་རེ་ཡོད་པ་གཞིར་བཅས།  རང་རང་གི་སྤྱི་ཚོགས་ཁོར་ཡུག་ལྟར་ཆོ་གའི་རིམ་པ་དང་ལག་ལེན་གྱི་བྱ་བྱེད་ཀྱང་ས་ཁུལ་སོ་སོར་མི་འདྲ་བའི་གནས་ཚུལ་སྣ་ཚོགས་ཡོད་པ་ལྟ་བུར་གྱུར་ཡོད། ཕྲན་གྱིས་བསམས་ན་དེ་དག་ནི་ཐོག་མའི་ཁྱབ་སྤེལ་གྱི་དུས་སུ་གཅིག་ཏུ་ངེས་སྲིད་ལ།     ཕྱིས་ཀྱི་ལོ་རྒྱུས་ཀྱི་འཕེལ་འགྱུར་སྣ་ཚོགས་དང་།  དེར་བསྟུན་གྱི་རིག་གནས་བརྒྱུད་སྤེལ་ལ་བརྟེན།   རང་རང་གི་གདམ་གའི་རིག་གནས་མི་འདྲ་བ་དེ་དག་བྱུང་བ་རེད།
 
དེ་ཡང་འཕེལ་འགྱུར་དང་གདམ་གར་གྱུར་བའི་གནད་གཙོ་བོ་ནི། ཆོས་ལུགས་ཀྱི་ནང་དོན་གཏིང་ཟབ་པ་དང་ཆོ་ག་རྒྱས་པ་ཅན། རྩིས་དཀར་ནག་གི་ནང་དོན་ཕུན་སུམ་ཚོགས་པ་དང་ལག་ལེན་གྱི་བྱ་བྱེད་མང་བ་ཅན་དག་སླ་བཅོས་དང་སྟབས་བདེར་བཏང་བ་དེ་རེད། དེ་ནི་དོན་དང་ལྡན་པའི་ཆ་དག་ཕྱིར་གཡུགས་པ་སྟེ། གཏིང་ཟབ་པའི་རིག་གནས་ཀྱི་མཐིལ་མ་རྟོགས་ཤིང་།  ཐུན་མོང་མ་ཡིན་པའི་ རིག་གནས་ཀྱི་བླ་སྲོག་དོར་བ་རེད། སླ་བཅོས་དང་སྟབས་བདེ་བཟོས་པ་དག་ལ་རྒྱུ་མཚན་གཙོ་བོ་གཉིས་འདུག་སྙམ་སྟེ།
 
དང་པོ་ནི་རིག་གནས་གོད་ཆག་གི་བར་ཆད་དེ་ཀུན་ཀྱིས་ཤེས་གསལ་ལྟར་ལ། གཉིས་པ་ནི་རིག་གནས་ཡ་མ་བརླའི་དོན་ཅན་ནམ། བོད་སྤྱི་ཚོགས་ལ་མི་འཚམ་པའི་རིག་གནས་གསར་བ་བྱུང་བས་རེད།སྤྱི་ཚོགས་གསར་བ་ལ་རིག་གནས་གསར་བ་བྱུང་ན་ལྟོས་དང་རྟེན་འབྲེལ་ལེགས་པོ་ཡིན་ཡང་། མཐའ་གཅིག་ཏུ་གསར་བ་ལེན་རྐྱང་དང་། རྙིང་བ་བཙས་ཟད་དུ་འཛིན་པའི་ལྟ་བ་ཁོ་ན་ལས་སྙིགས་དོར་བཅུད་ལེན་བྱེད་རྒྱུ་དེ། དུས་དང་རྣམ་པ་ཀུན་ཏུ་བོར་བརླགས་སུ་རྩད་ནས་གཏོང་མི་རུང་།
 
སྤྱིར་ན་ལོ་རྒྱུས་འཕེལ་རིམ་དུ་བོད་ཀྱི་རིག་གནས་ཀྱི་སྒྲོམ་གཞི་ལ་གས་ཆག་ཤོར་སོང་བའི་ཆ་དག་ལ་ངོས་ཟིན་ཡང་དག་མ་བྱུང་བའི་སྣང་ཚུལ་མང་ལ། ཁྱད་པར་དུ་དམངས་ཁྲོད་རིག་གནས་ལ་དང་དོད་དང་། དོ་སྣང་བྱེད་པ་ཉུང་ཕྱིར་གཞུང་ལུགས་ཡོད་ཀྱང་ལག་ལེན་གཅིག་མིན་ཅི་རིགས་སུ་སྣང་བའི་ད་ལྟའི་གནས་བབ་འདི་ལྟ་བུ་བྱུང་བ་རེད།།
 
དེ་བཞིན་ཕྲན་གྱིས་འདི་ནས་བོད་ཀྱི་གཉེན་སྒྲིག་གི་ཆོ་ག་ནི་མཚན་གཞིའི་དཔེ་མཚོན་དུ་འགྲོའོ་སེམས་ཏེ་དཔྱད་རྩོམ་འདི་བྲིས་པ་དང་། དེའི་དམིགས་ཡུལ་ཡང་ཞིབ་འཇུག་པ་དག་རང་གི་ལས་གནས་ཚན་ཁག་ནས་དོན་གྱིས་ཉམས་པ་སླར་གསོ་ལ་ཕྱོགས་ཏེ། རིག་གནས་གཞུང་ལུགས་ཅན་དང་། ཞིབ་འཇུག་བྱེ་བྲག་ཅན་གྱི་སྒོ་ནས་རིག་གནས་འཐུས་ཚང་ཅན་དང་མང་ཚོགས་རང་བཞིན་ཅན་དུ་གཏོང་རྒྱུ་ནི་ཞིབ་འཇུག་པ་ཆེ་ཆུང་ཡོངས་ཀྱི་ལག་གི་ལས་དང་སྙིང་གི་དོན་འབྲས་སུ་གྱུར་ན་སྙམ་སྟེ། དཔྱད་རྩོམ་འདི་དང་ལྟ་བུ་ལ་ཤུགས་ཕུད་པ་ཡིན།
 
[①]ལྷ་དཔོན་ནི་མག་པ་དང་མནའ་མ་ལེན་དུས་དུས་ཀྱི་འཕྲོད་སྦྱོར་ལ་བརྟགས་ནས་ཉི་མ་སྐར་མ་ཐག་གཅོད་བྱེད་མཁན་གྱི་སྔགས་འཆང་གི་མིང་།
 
[②]ནམ་མཁའི་ནོར་བའི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས༣༤༥་ན་གསལ།
 
[③]ནམ་མཁའི་ནོར་བའི་གསུང་རྩོམ་ཕྱོགས་བསྒྲིགས།ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།ཤོག་ངོས༣༤༦ ་ན་གསལ།
 
[④]སྤྱིར་བོད་ཀྱི་གནའ་བོའི་གོམས་སྲོལ་ལྟར་ན།གྲྭ་བ་དང་བཙུན་མར་རིགས་རྒྱུད་མེད་པས། གཉེན་གྱི་ཆོ་ག་ནི་སྔགས་པས་སྒྲུབ་པ་ལས་གྲྭ་བ་དང་བཙུན་མས་སྒྲུབ་པ་འཛེམ་བྱ་ཡིན།
 
[⑤]ཀོང་སྤྲུལ་རིན་པོ་ཆེའི་གསུང་འབུམ་ལས་༼བག་མ་ལ་དགེ་བའི་ལས་ཕྲན་བདུན་གྱི་ཆོ་ག་བཀྲ་ཤིས་དཔལ་སྐྱེད༽དཔལ་སྤུངས་ཤིང་པར་མ་།ཤོག་ངོས་༡༠ན་གསལ།
 
[⑥]ཀོང་སྤྲུལ་རིན་པོ་ཆེའི་གསུང་འབུམ་ལས་༼བག་མ་ལ་དགེ་བའི་ལས་ཕྲན་བདུན་གྱི་ཆོ་ག་བཀྲ་ཤིས་དཔལ་སྐྱེད༽དཔལ་སྤུངས་ཤིང་པར་མ་།ཤོག་ངོས་༡༢ན་གསལ།
 
[⑦]༼བོད་ཀྱི་ཡུལ་སྲོལ་རྣམ་བཤད༽རྡོ་དགོན་གསང་བདག་རྡོ་རྗེ་དང་དགའ་བ་པ་སངས་གཉིས་ཀྱིས་བརྩམས།བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ལོར་པར་སྐྲུན་བྱས།   ཤོག་གྲངས  ༩༧  ན་གསལ
 
[⑧]民间图腾禁忌任骋著 57页中国社会出版社
 
[⑨]བག་བླ་ནི་ཆེད་དུ་གདན་འདྲེན་ཞུ་བའི་བག་བསུའི་ཆོས་ལུགས་ཆོ་ག་སྒྲུབ་མཁན་གྱི་ཨ་ཁ་དཔོན་ནམ་བླ་མཆོད་དེ་ལ་ཟེར།
 
[⑩]སྲིད་པ་གར་གྱི་གྱེན་སེལ། ཞེས་པ་ནི་སྐྱེ་བོ་ཕོ་མོ་སུ་ཡང་རུང་བ་དེའི་སྲིད་པའི་མཐུ་ནུས་གཞན་པའི་དབང་གིས་དབུལ་བོའི་ཉེན་བྱུང་བ་ཡིན་སྟབས་སྲིད་པ་ཕྱྭའི་ནུས་པས་གྱེན་དུ་འདྲེན་པའི་སེལ་རྒྱག་དགོས་པའི་དོན་ཡིན།
 
[11]འདྲེ་དགུ་སྲི་བཅུའི་ཐུར་སེལ། ཞེས་པ་ནི་འདྲེ་དང་སྲི་ཡིས་རིགས་རྒྱུད་ཀྱི་རྨང་བརྐུ་ཞིང་། འོག་ནས་འཚེ་བ་བྱེད་རྒྱུ་ཡོད་པར་བརྟེན་ཐུར་དུ་སེལ་བའི་བྱེད་པའི་བརྟེན་མ་འམ་སྐྱོང་མའམ་ས་བདག་མོ་ནག་པོའི་ཕྱོགས་ཅན་དམན་རིགས་ཀྱིས་འགལ་རྐྱེན་བྱེད་པ་རྣམས་སེལ་བའི་བཅོས་བྱེད་དགོས་པའི་དོན་ཡིན།
 
[12]བྱུར་དང་མ་བླ་ཆུད་ཀྱི་དམན་སེལ། ཞེས་པ་ནི་བྱུར་ནི་ལྟས་ངན་གྱི་རིགས་ཤིག་དང་མ་བླ་ཆུད་ནི་ཁྱད་པར་གང་དུ་སྡོད་པའི་གནས་གཞི་དེ་ལ་དབང་བྱེད་པའི་བརྟེན་མ་འམ་སྐྱོང་མའམ་ས་བདག་མོ་ནག་པོའི་ཕྱོགས་ཅན་དམན་རིགས་ཀྱིས་འགལ་རྐྱེན་བྱེད་པ་རྣམས་སེལ་བའི་ཐབས་ལ་ཟེར་བ་ཡིན།
 
[13]བྱ་དམར་མཚལ་བུ་གེག་སེལ། ཞེས་པ་ནི་ཆེས་སྔ་བའི་བོན་ལུགས་སུ་ཁྱིམ་བྱ་ཕོའི་དམར་མཆོད་ལ་བརྟེན་ནས་གློ་བུར་གྱི་གེགས་རྐྱེན་སེལ་བའི་སྲོལ་ཞིག
 
[14]ནམ་མཁའི་ནོར་བའི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས ༣༢༥ ་ན་གསལ།
 
[15]ཀོང་སྤྲུལ་རིན་པོ་ཆེའི་གསུང་འབུམ་ལས་༼བག་མ་ལ་དགེ་བའི་ལས་ཕྲན་བདུན་གྱི་ཆོ་ག་བཀྲ་ཤིས་དཔལ་སྐྱེད༽དཔལ་སྤུངས་ཤིང་པར་མ་།ཤོག་ངོས་༡༤ན་གསལ།
 
[16]རྟེན་འབྲེལ་གྱི་ཆོ་ག་སྣ་ཚོགས་སྤེལ་བའི་སྐབས་སུ་གོས་ཀྱི་མདོག་དང་དར་ལྕོག་གི་མདོག་སོགས་ཀྱང་འདི་ལྟར་བརྟག་དགོས་པའི་བཤད་ཚུལ་ཡོད།
 
[17]ཀོང་སྤྲུལ་རིན་པོ་ཆེའི་གསུང་འབུམ་ལས་༼བག་མ་ལ་དགེ་བའི་ལས་ཕྲན་བདུན་གྱི་ཆོ་ག་བཀྲ་ཤིས་དཔལ་སྐྱེད༽དཔལ་སྤུངས་ཤིང་པར་མ་།ཤོག་ངོས་༡༦ན་གསལ།
 
[18]ཀོང་སྤྲུལ་རིན་པོ་ཆེའི་གསུང་འབུམ་ལས་༼བག་མ་ལ་དགེ་བའི་ལས་ཕྲན་བདུན་གྱི་ཆོ་ག་བཀྲ་ཤིས་དཔལ་སྐྱེད༽དཔལ་སྤུངས་ཤིང་པར་མ་།ཤོག་ངོས་༡༨ན་གསལ།
 
[19]ཀོང་སྤྲུལ་རིན་པོ་ཆེའི་གསུང་འབུམ་ལས་༼བག་མ་ལ་དགེ་བའི་ལས་ཕྲན་བདུན་གྱི་ཆོ་ག་བཀྲ་ཤིས་དཔལ་སྐྱེད༽དཔལ་སྤུངས་ཤིང་པར་མ་།ཤོག་ངོས་༡༨ན་གསལ།
 
[20]ནམ་མཁའི་ནོར་བའི་གསུང་རྩོམ་ཕྱོགས་བསྒྲིགས།ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།ཤོག་ངོས༣༣༣་ན་གསལ།
 
[21]ཀོང་སྤྲུལ་རིན་པོ་ཆེའི་གསུང་འབུམ་ལས་༼བག་མ་ལ་དགེ་བའི་ལས་ཕྲན་བདུན་གྱི་ཆོ་ག་བཀྲ་ཤིས་དཔལ་སྐྱེད༽དཔལ་སྤུངས་ཤིང་པར་མ་།ཤོག་ངོས ༢༢ ན་གསལ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།