中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > དམངས་སྲོལ། > གོམས་སྲོལ། >
༄༅།། ཚེ་ཐར།
དུས་ཚོད།2019-06-24 09:42:42     རྩོམ་གྱི་ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ།     ཆུང་། | འབྲིང་། | ཆེ།
ཚེ་ཐར་ནི་བོད་ཀྱི་ས་ཆར་ཡོངས་སུ་ཁྱབ་པའི་དམངས་ཁྲོད་གོམས་སྲོལ་ཞིག་ཡིན་ལ། དམངས་སྲོལ་ཆོས་ལུགས་བྱ་འགུལ་གྱི་ཁོངས་སུ་གཏོགས། ས་ཆ་སོ་སོའི་ཚེ་ཐར་གཏོང་སྲོལ་ཕལ་ཆེར་འདྲ་སྟེ་སྲོག་དང་ལྡན་པ་རང་བྱུང་ཁམས་ཆེན་པོར་བཏང་ནས་རང་བཞིན་དུ་ཤི་རུ་འཇུག་པ་ཞིག་ཡིན། ཟིན་བྲིས་སུ་བཏབ་པ་ལྟར་ན། གནའ་སྔ་མོར་བོད་དུ་དར་ཁྱབ་ཆེ་བ་ནི་བོན་ཆོས་ཡིན། ཆེས་ཐོག་མར་གཙང་མངའ་རིས་སུ་དར་བ་དང་། དེ་ནས་ནུབ་ནས་ཤར་ཕྱོགས་སུ་བརྒྱུད་དེ་བོད་ཀྱི་ས་ཆ་སོ་སོར་དར། གནམ་ས་དང་རི་ཆུ་ནགས་གསུམ་གྱི་ལྷ་འདྲེའི་རྣམ་ཤེས་དང་རང་བྱུང་དངོས་པོ་ལ་མཆོད་འབུལ་བྱེད། མཆོད་འབུལ་དང་འཆམ། མོ་རྩིས་སོགས་གཙིགས་ཆེར་འཛིན། (ཆོས་ལུགས་ཚིག་མཛོད་ལས་བཏུས།) ལྷ་འདྲེའི་རྣམ་ཤེས་དང་རང་བྱུང་དངོས་པོ་སྣ་ཚོགས་ལ་མཆོད་འབུལ་བྱེད་ན། བོན་པོའི་ཆོས་པ་དག་གིས་སྲོག་བཅད་དེ་མཆོད་པར་མ་ཟད་རང་བྱུང་ཁམས་ཆེན་མོར་གཏོར་བརླག་བྱེད་པའི་བྱ་སྤྱོད་ཀྱང་འདུག  ལོ་རྒྱུས་དེབ་ཐེར་དུ“དམར་བོ་ཁྲག་ཆུ་བཞིན་བཞུར། རློན་པ་ཤ་རི་ལྟར་སྤུངས”ཞེས་པའི་བཤད་སྲོལ་ཡང་ཡོད། དེ་ལས་སྐབས་དེར་རི་སྐྱེས་སྲོག་ཆགས་དང་རང་བྱུང་ཐོན་ཁུངས་ལ་གཏོར་བརླག་ཐེབས་པ་གསལ་བོར་ཤེས་ཐུབ།
 
ལོ་རྒྱུས་ཀྱི་ཡར་ཐོན་དང་དུས་རབས་ཀྱི་འགྱུར་ལྡོག་ལ་བསྟུན་ནས། མཚོ་བོད་མཐོ་སྒང་དུ་བོན་ཆོས་ཀྱི་ཚབ་བྱེད་དུ་ནང་བསྟན་བྱུང་། བོད་བརྒྱུད་ནང་བསྟན་དང་བོན་ཆོས་ཀྱི་ཆེས་མངོན་པར་གསལ་བའི་ཁྱད་པར་ནི་སྲོག་མི་གཅོད་པ(བོན་ཆོས་ཀྱིས་ཀྱང་སྒྱུར་བཅོས་བྱས་རྗེས་སྲོག་མི་གཅོད་པའི་ལྟ་བ་འཛིན)དེ་ཡིན། དེ་དང་བསྟུན་ནས་ཚེ་ཐར་གྱི་སྲོལ་ཞིག་དར་བར་མ་ཟད། ད་བར་དུ་རྒྱུན་བསྐྱངས། ཚེ་ཐར་གྱི་དོན་སྙིང་ནི་སྲོག་སྐྱོབ་པ་དེ་ཡིན། ཚེ་ཐར་ནི་སྲོག་ཆགས་ཀྱི་ཚེ་སྲོག་ཉེན་ཁར་འཕྲད་སྐབས་བསྐྱབས་ནས། གནས་སྐབས་སུ་སྲོག་གཅོད་པའི་ཉེན་ཁ་ལས་ཐར་དུ་འཇུག་པ་ཞིག་ཡིན་ལ། སེམས་ཅན་ཐམས་ཅད་འདྲ་མཉམ་ཡིན་པའི་བྱམས་སྙིང་རྗེ་ཡི་དགོངས་དོན་ཞིག་མཚོན་ཡོད། སྒོམ་སྒྲུབ་ཀྱི་ཐད་ནས་བཤད་ན། ཚེ་ཐར་བཏང་ན་བྱང་ཆུབ་སེམས་དཔའི་སེམས་དང་ཡ་ང་བའི་སེམས་བསྐྱེད་དེ། བྱམས་སྙིང་རྗེ་ཇེ་ཆེར་འགྲོ་བ་དང་། དགེ་སེམས་དགེ་ལས་དང་། བྱམས་སྙིང་རྗེ་རྒྱུན་མི་ཆད་པར་ཡིད་ལ་འཆང་སྟེ་སེམས་ཅན་ཐམས་ཅད་འདྲ་མཉམ་ཡིན་པའི་བསམ་བློ་ཇེ་དྲག་ཏུ་འགྲོ་བ་རེད། བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་རེད། སྒོམ་སྒྲུབ་ཀྱི་རྩ་དོན་དང་བྱ་སྤྱོད་ཀྱི་ཚད་གཞི་ཞིག་ཏུ་འཛིན་པས་ཚེ་ཐར་ལ་འཛད་དུ་མེད་པའི་ཕན་ཡོན་ལྡན། དེང་སང་། རྒྱ་ཆེ་བའི་བོད་ཁུལ་གྱི་འབྲོག་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་བཟང་དུ་སོང་སྟེ་ཁྱིམ་ཚང་རེ་རེར་འབྲུ་རིགས་ལྷག་མ་དང་སྒོར་མོ་ལྷག་མ་ཡོད། ཚེ་ཐར་གྱི་གོམས་སྲོལ་ཡང་སྔར་བས་ཀྱང་རྒྱ་ཆེར་དར་ཁྱབ་བྱུང་། ཚེ་ཐར་གཏོང་བའི་ཁྱིམ་ཚང་ཡང་ཤིན་ཏུ་མང་། རྒྱལ་རོང་ས་ཆར་སྲོག་བཅད་དེ་ཁྲག་མཆོད་འབུལ་བ་ནས་ཚེ་ཐར་གཏོང་བ་ནི། ཆན་ལུང་གིས་ཆུ་ཆེན་ལ་དམག་དྲངས་རྗེས་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་གྲུབ་མཐའ་དར་རྒྱས་བྱུང་བ་ལ་རག་ལས། སྔོན་ཆད་སྲོག་བཅད་དེ་ཁྲག་མཆོད་འབུལ་བ་དེ་རྩམ་པའམ་ཡང་ན་ཕྱེ་བརྫུས་ཏེ་སྲོག་ཆགས་ཀྱི་འདྲ་གཟུགས་བཟོས་ཏེ་སྲེག་པ་རེད། དེང་སང་། མཆོད་འབུལ་སྐབས་སུ། མི་སེར་རྣམས་ཀྱིས་ལོ་རྒྱུས་སུ་སྲོག་བཅད་དེ་ཁྲག་མཆོད་བྱེད་པའི་རྟ་ནོར་ལུག་གསུམ་དང་སྒོ་བྱ། ཁྱི་སོགས་ཚེ་ཐར་དུ་གཏོང་། སྲོག་གཅོད་པ་ནས་ཚེ་ཐར་དུ་འགྱུར་རིམ་ནི་རྒྱལ་རོང་ལོ་རྒྱུས་ཀྱི་འགྱུར་ལྡོག་ཆེན་པོ་ཞིག་ཏུ་བརྩི་ཆོག དེར་བརྟེན། དེ་ནི་ཆོས་ལུགས་དང་དམངས་ཁྲོད་གཉིས་ཀས་མཉམ་དུ་བརྩི་སྲུང་བྱེད་པའི་གོམས་སྲོལ་བཟང་བོ་ཞིག་ཡིན།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།