中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > དམངས་སྲོལ། > གོམས་སྲོལ། >
༄༅།། སྙན་གྲགས་ཆེ་བའི་རེབ་གོང་ཀླུ་རོལ།
དུས་ཚོད།2019-06-24 09:46:18     རྩོམ་གྱི་ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།     ཆུང་། | འབྲིང་། | ཆེ།
དྲུག་པའི་ཀླུ་རོལ་ནི་རེབ་གོང་གི་དགའ་སྟོན་དང་དུས་ཆེན་ཁྲོད་ཀྱི་ལོ་རྒྱུས་དོན་སྙིང་ལྡན་པའི་སྲོལ་རྒྱུན་གྱི་རྩེད་མོ་ཞིག་ཡིན་ལ།དུས་སྟོན་དེའི་སྲོལ་གནའ་སྔ་མོ་ནས་དར་ཞིང་སྤེལ་བའི་ཆོ་ག་ད་ལྟའི་བར་མ་ཉམས་པར་གནས་པར་མ་ཟད།རེབ་གོང་པ་རྣམས་དུས་སྟོན་རོལ་རྩེད་དེ་ལ་དགའ་ཞེན་ཆེན་པོ་ཡོད།མི་རྣམས་ཀྱིས་རེབ་གོང་དྲུག་པའི་ཀླུ་རོལ་ནི།ཕོ་གསར་དང་མོ་གསར་རྩེ་ས།དཀར་བསང་དང་དམར་བསང་ཕུད་ས།ལྷ་རྩེ་དང་ཀླུ་རྩེ་བྱེད་ས། གླུ་ལེན་དང་གར་རྩེ་བྱེད་ས།ཞེས་དང་།དྲུག་པའི་ཀླུ་རོལ་ཕན་ལ་གོས་མི་གོན།།རྒྱ་ལོའི་ཚེས་གཅིག་ཕན་ལ་ཟས་མི་ཟ།།ཞེས་དང་།དྲུག་པའི་ལྷ་ཟླ་དཀར་པོ།ཡོད་པོས་བརྒྱ་འབུལ་སྟོང་འབུལ།མིད་པོས་མི་ཏོག་མཆོད་འབུལ།རྩེད་རིགས་རྣམ་པ་སྣ་ཚོགས།རྩེ་སྣ་མ་ཚང་མིད་པ།བལྟས་ན་མི་མགུ་མིད་པ།མྱི་དགའ་དང་ལྷ་དགའ།ཞེས་པ་སོགས་ཀྱིས་མངོན་པར་མཚོན།
 
  ཀླུ་རོལ་གྱི་མི་སྣ་གཙོ་བོ་ལྷ་པ་ནི་གནའ་ནས་རང་གི་རིགས་རུས་ཀྱི་སྟེང་ནས་ལྷ་རྒྱུད་ཡོད་པ་ཞིག་ཡིན་དགོས།རང་གི་ཕ་མིས་གང་རུང་ཞིག་དགུང་ལོ་མཐོ་རུ་ཕྱིན་པ་སོགས་ཀྱི་རྐྱེན་གྱིས་ལྷ་པའི་ལས་གནས་སྤོ་དགོས་ན།སྤྲུལ་སྐུ་ཞིག་ལ་དགོངས་པ་ཞུས་ཏེ་དེས་བུ་དང་ཚ་བོར་ལྷ་སྒོ་ཕྱེས་ནས་ལྷ་པར་ཐག་གཅོད་པ་ཡིན།དེ་ལྟར་མ་བྱས་ཚེ་ལྷའི་ཚབ་ཏུ་འདྲེ་བདུད་སོགས་ཁོག་ཏུ་ཞུགས་ཏེ་འབབ་པའི་སྣང་ཚུལ་ཡང་མཐོང་རྒྱུ་ཡོད།ལྷ་པ་གསར་པ་ཞིག་འདེམ་དགོས་པ་བྱུང་ན་དམག་དཔོན་ཁང་དུ་སྡེ་བའི་སྐྱེས་པ་ལོ་བཅོ་ལྔའི་ཡན་དང་ལོ་ཞེ་བརྒྱད་མན་རྣམས་ནང་དུ་བཀག་སྟེ་ཉིན་འགར་བསྐང་བ་སོགས་ཀྱི་རིམ་གྲོ་དང་བསང་མཆོད་བྱས་ཚེ་སྐྱེས་པ་རེ་ཟུང་གི་ལུས་པོ་འདར་བ་སོགས་ཀྱིས་ལྷ་དངོས་སུ་བབས་ཀྱང་དམག་དཔོན་ཁང་གི་སྒོའི་ཐེམ་ནས་ལྡིང་སྟེ་ནང་དུ་འགྲོ་མ་ཐུབ་ན་ལྷ་པ་དངོས་ཀྱི་གྲས་སུ་མི་བརྩི།ལྷ་པ་འགའ་རེ་བླ་མ་ག་གེ་མོ་ཞིག་གིས་ཐད་ཀར་ལྷ་སྒོ་ཕྱེས་པའང་ཡོད།རྟགས་ཅི་རིགས་ཐོན་ཞིང་ལྷ་པར་རུང་བ་ཞིག་ཡིན་ན།རྩ་བའི་བླ་མའི་མདུན་ནས་ཆོ་ག་ཅི་ཚང་སྒོས་ལྷ་ཕབ་པ་ལས་མི་གང་ཡིན་ལྷ་པར་མི་རུང་།བླ་མས་ལྷ་སྒོ་ཕྱེས་རྗེས་ལྷ་པ་རང་ཉིད་དངོས་སུ་ལྷ་བབ་ཆོག་ལ་འཇིག་རྟེན་གྱི་མངོན་ལྐོག་ཏུ་གྱུར་པའི་དོན་དག་གང་ཡང་ལུང་དུ་བསྟན་ཆོག
 
  ཀླུ་རོལ་རྩེ་བའི་དུས་ཆད་ཀྱི་ཆ་ནས་གཙོ་བོ་རིགས་གཉིས་ཡོད།རེབ་གོང་སྟོད་སྨད་གཉིས་སུ་ཕྱེ་བའི་སྟོད་ཕྱོགས་ཀྱི་སྡེ་བ་རྣམས་ལ་མཚོན་ན་རྒྱ་ལོའི་ཚེས་གཅིག་ནས་ཉི་ཤུ་བར་ཡིན་ལ།སྨད་ཕྱོགས་ཀྱི་སྡེ་བར་མཚོན་ན་དྲུག་པའི་ལྷ་ཟླ་དཀར་པོ་ཞེས་དབྱར་ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་ཉི་ཤུ་རྩ་དྲུག་བར་ཡིན།  དེའི་ནང་ནས་སྨད་ཕྱོགས་སུ་གཏོགས་པའི་ས་དཀྱིལ་སྡེ་བའི་ཀླུ་རོལ་གླེང་ན།ལོ་རེའི་ཧོར་ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན་ལ་ས་དཀྱིལ་སྟེང་འོག་གི་སྐྱེས་པ་ཚོས་ལུས་ལ་ཕྲུག་ལྭ་གྱོན་པ་དང་།སྟོད་གོས་བོད་བཟོ་བྲང་ཅན་གྱི་མཐའ་ལ་རྒྱ་འབྲུག་གིས་བརྒྱན་པ་དང་།སྐེ་ལ་གའུ་འདོགས་པ།རྐང་བར་ཧ་སག་དང་ཆུ་ཕྲུག་བརྒྱབ་པའི་འབོལ་རས་སྣེ་འཁྱིལ་གྱོན་པ།ཁྱད་པར་མགོ་ལ་ཨ་མྱེས་བྱ་ཁྱུང་གི་དབུ་ཞྭའི་དབྱིབས་ཅན་གྱི་ཕྱིང་ཞྭ་དཀར་པོ་ལ་ཐུར་དུ་དཔྱངས་པའི་ཅ་ལ་དམར་པོ་སྟར་བ་དེ་འདྲ་ཞིག་གོན་ནས་གཟབ་འཕྱོར་ལེགས་པར་སྤྲས་ཏེ།ཉི་རྩེ་ས་ལ་ཕོག་པའི་ཚེ་ཡུལ་ལྷའི་རྒྱལ་པོ་བྱ་ཁྱུང་གི་གནས་ཁང་དུ་འདུས་ནས་དེའི་ཕྱོགས་བཞི་ལ་སྟག་སེང་ཁྱུང་འབྲུག་གི་དམར་དར་བཞི་བསྒྲེངས་ཏེ་ལྷ་བསང་ཆེན་པོ་བཏང་ནས།  འབུད་རྡུང་དཀྲོལ་གསུམ་གྱི་རོལ་ཆ་དང་བསྟུན་ནས་མཆོད་པ་རྒྱ་ཆེན་པོ་བྱས་པའི་ཚེ།ཨ་མྱེས་བྱ་ཁྱུང་སྐུ་རྟེན་གྱི་ལུས་ཁོག་ཏུ་ཞུགས་པར་བྱེད།དེ་ནས་སྐུ་རྟེན་གྱིས་ལྷ་རྩེད་བྱེད་པ་དང་ལྷ་སྐད་གསུངས་ལ།སྟག་ཤར་ཚོས་བྱ་ཁྱུང་གི་མཛད་པ་རྣམ་ལྔའི་ཐང་ག་དང་།སྟག་སེང་ཁྱུང་འབྲུག་གི་དམག་དར་སྣ་ཚོགས།མདའ་མདུང་གྲི་གསུམ་གྱི་མཚོན་ཆ་སྣ་ཚོགས་འཕྱར་ཏེ་དམག་ལ་ཆས་པའི་སྟབས་ཀྱིས་བེ་ཧའི་གར་གྱིས་མཆོད་པ་ལན་གཅིག་འགྲོ་བ་དང་། སྟག་ཤ་ར་བཞིས་བྱ་ཁྱུང་གི་ལྷ་སྒམ་བཏེགས་ཏེ་ལྡིང་སྐོར་གྱིས་ལྷ་རྔ་ཐོགས་པའི་ལྷ་པ་དང་ལྷ་ཕྲུག་གི་རྗེས་འབྲངས་ཤིང་།གསར་བུ་རྣམས་ཀྱང་དེའི་རྗེས་དེད་དེ་གར་སྟབས་སྒྱུར་བཞིན་ཁྱིམ་ཚང་གཅིག་ཀྱང་མ་ལུས་པར་ལྷ་སྒམ་གདན་འདྲེན་ཞུ་དགོས།དེས་ཁྱིམ་དེའི་ལོ་གཅིག་གི་བར་ཆད་སེལ་བའི་ཡིད་ཆེས་བྱེད་པར་མ་ཟད།ནང་སྡེར་འཁྲུག་པ་སློང་མཁན་དང་།རྡུང་རེས་བྱེད་མཁན།ནང་མཐུན་མི་འོང་བའི་བཟའ་ཚང་བཅས་ལ་བཀའ་ཆད་དང་འདུམ་འགྲིག་ཡང་བྱེད་པ་ཡིན།དེ་ལྟར་དུད་ཁྱིམ་མ་ལུས་པར་གདན་འདྲེན་ཞུས་ཚར་རྗེས།སྔ་མ་ལྟར་ལྷ་རྩེ་རྩེད་ཞོར་ཕྱིར་ཕོ་བྲང་དུ་སོང་ནས་སང་ཉིན་གྱི་སྔོན་འགྲོ་ཚང་བར་བྱས་ནས་མཇུག་རྫོགས་པ་ཞིག་ཡིན།
 
 ས་དཀྱིལ་སྟེང་འོག་གི་ཀླུ་རོལ་རྩེད་སྟངས་ཀྱི་རིགས་རྣམས་གོ་རིམ་ལྟར་བྲིས་ན།སྐྱེས་པ་རྣམས་ཀྱི་བེ་ཧའི་གར་དང་ཕྱོགས་བཞིའི་བཀུར་སྟི།སྐྱེས་པའི་གར་སྟབས་ཀྱི་མཆོད་པ།སྐྱེས་མའི་གར་སྟབས་ཀྱི་མཆོད་པ།དགའ་བའི་རྩེད་འཇོ་སྣ་ཚོགས། སྟག་གཟིག་གི་གདོང་བ་དང་རྐང་ཤིང་གཉིས་ཀྱི་བེར་ཀའི་མཆོད་པ།ཨ་ཙ་རའི་བེར་ཀའི་མཆོད་པ།ཀི་བསྭོ་ཁ་གཡང་གི་རྩེད་འཇོ།རྔ་རྡུང་ལྷ་ངོམ་གྱི་མཆོད་པ།ཕོ་མོ་མཉམ་འཛོམས་སྒོས་ཐུགས་རྗེ་ཆེན་པོའི་ཕྱོགས་བཞིའི་གར་གྱི་མཆོད་པ།སྐྱེས་པའི་དམར་པོ་ཁྲག་གི་མཆོད་པ།ཀུ་རེ་རྩེད་འཇོའི་མཆོད་པ།རི་གླུའི་མཆོད་པ།ཡུལ་ལྷ་དང་ཞང་ལྷ་གཉིས་ཐུགས་ཤིན་ཏུ་དགྱེས་པའི་མཚོན་བྱེད་དུ་མི་གཉིས་ལྷའི་རྣམ་པར་རྩེ་བའི་མཆོད་པ།སླར་ཡང་ཐུགས་རྗེ་ཆེན་པོ་ཕེབས་སྟངས་ཀྱི་མཆོད་པས་རིག་རྩལ་གྱི་མཇུག་བསྡུ་བ་ཡིན།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།