中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > དམངས་སྲོལ། > གོམས་སྲོལ། >
༄༅།། ཀན་ལྷོའི་ཐེ་བོ་ཡུལ་གྱི“གཏོ་གཞས”དུས་ཆེན་དང་འབྲེལ་ཏེ་དམངས་ཁྲོད་སྒྱུ་རྩལ་སྐོར་གླེང་བ།
དུས་ཚོད།2020-04-17 12:06:04     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། རྩོམ་པ་པོ། ཆུ་བཟང་རྡོ་རྗེ་རིན་ཆེན།    ཆུང་། | འབྲིང་། | ཆེ།
    ལོ་རེ་ཟླ་བཅུ་བའི་རྗེས་སུ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཐེ་བོ་རྫོང་གི་དབང་བཟང་དང་ཉིན་ངོ་། ཁ་པ་ཡུལ་གྱི་བོད་རིགས་འདུས་སྡོད་བྱེད་པའི་རི་གྲོང་ཁག་ཅིག་ཏུ། སྔ་གཞུག་ཏུ་རིམ་པ་གཉིས་སུ་བགོས་ཏེ་ལོ་རེར་འཁོར་བསྐྱོད་བྱེད་བཞིན་པའི་གཏོ་གཞས་དུས་ཆེན་རོལ་བ་ཡིན། ཡུལ་དེའི་མི་རྣམས་ཀྱི་བཤད་པ་ལྟར་ན“གཏོ”ཞེས་པ་ནི་ཟས་ལ་རོལ་བའི་དུས་ཆེན་དང་ཡང་ན“དགའ་སྤྲོ་མཁན”དང“དགའ་སྤྲོ་ལ་རོལ་བ”ཞེས་པའི་དོན་ལ་གོ་བ་ལེན་སྲོལ་ཡང་ཡོད། གང་ལྟར། འཁྲབ་ཡུལ་གྱི་ཆ་དང་འཁྲབ་མཁན། འཁྲབ་པའི་གོ་རིམ་བཅས་ལ་གཞིགས་ན་དེ་ནི་གཞས་གཏོང་བ་དང་ཞབས་བྲོ་གཉིས་འཛོམས་ཀྱི་གཞི་གཅིག་ཏུ་གྲུབ་པའི་དམངས་ཁྲོད་ཀྱི་ཐུན་མོང་མ་ཡིན་པའི་ཞབས་བྲོའི་སྒྱུ་རྩལ་རྣམ་པ་ཞིག་ཡིན། དེའི་འབྱུང་ཡུལ་གྱི་ཐད་ནས་ད་སྔ་ཡིག་ཆ་གསལ་འགོད་ཅིག་ལག་ཏུ་མ་ཟིན་ཡང་ཡུལ་དེའི་རྒན་པ་ཚོས་བཤད་པ་ལྟར་ན། རྒྱ་གར་ནས་དར་སྤེལ་བྱས་ཤིང་ཐང་རྒྱལ་རབས་སུ་རྒྱ་བོད་ས་མཚམས་བདེ་འཇགས་ལ་སྲུང་སྐྱོབ་ཆེད་དང་ཡུལ་གྱི་སྐལ་བའི་དབང་གིས་བོད་དམག་ཀུན་གནས་འདིར་རེ་ཞིག་ལ་འདུས་སྡོད་བྱེད་དགོས་པའི་ཆབ་སྲིད་ཀྱི་དགོས་མཁོའི་དབང་གིས་རིམ་བཞིན་རྒྱུད་སྤེལ་མཛད། རྗེས་སུ་ཆེས་སྤྲོ་སྣང་ལྡན་པའི་གཏོ་གཞས་འདི་ཉིད་མི་རབས་ནས་མི་རབས་སུ་འཛིན་སྐྱོང་སྤེལ་གསུམ་བྱས་ནས། དེང་གི་ཆར་རྒན་གཞོན་ཕོ་མོ་ཀུན་སྤྲོ་བ་འབུམ་ལྡན་གྱིས་གཙེས་ཏེ་སྤེལ་འགོ་གནང་བཞིན་ཡོད།
    དང་བོ། ཞབས་བྲོ་སྤྱིའི་རྣམ་པ།
    དེ་ཡང“གཏོ་གཞས”ཞེས་པའི་ཞབས་བྲོ་འདི་ནི་གནའ་བོའི་གདོད་མའི་ཆོས་ལུགས་དང་འབྲེལ་བ་དམ་ཟབ་ཡོད། དེའི་འཁྲབ་པའི་སྟངས་སྟབས་དང་གཞས་དབྱངས་ཀྱི་གོ་རིམ་བཅས་ལ་ཞིབ་ཏུ་གཞིགས་ན་དགོན་པའི་ལྷ་འཆམ་དང་གཉིས་སུ་མ་མཆིས། འཁྲབ་མཁན་གྱི་ཆ་ནས་གཙོ་བོ་སྐྱེས་པ་དག་ཡིན་ལ། སྐྱེས་མ་ཚོ་དེའི་ཉེ་མཐའ་རུ་འདུས་ཏེ་ལྟད་མོར་བྲེལ་ནས་སྤྲོ་བ་འབུམ་ལྡན་གྱིས་ཁེངས་པའི་རོལ་རྩེད་ཞིག་ཡིན། འཁྲབ་ཚན་གྱི་རྣམ་པའི་ཕྱོགས་ནས་རྐྱང་བྲོ་དང་ཕོ་མོ་མཉམ་བྲོ། ཚོཊ་པའི་བྲོ། ལྐུགས་བརྡ་ཟློས་གར། ཟློས་གར། གཞས་གཏམ་དང་རོལ་རྩེད་སོགས་ཀྱིས་གྲུབ། གླུ་ཚིག་གི་ཆ་ནས་ཚིག་བཅད་གསུམ་གྱི་གྲུབ་ཅིང་། དེ་ལ་མཛའ་གཞས་དང་ལྷ་སྒྲུང་། བསྟོད་གཞས་བཅས་ནང་དོན་གསུམའདུས། གཏོ་གཞས་དུས་ཆེན་སྐབས་ཀྱི་གཏོ་གཞས་སྤྱིའི་རྣམ་པའི་ཐད་ནས་ཕྱོགས་འགའ་དབྱེ་ཡོད་པ་ལ།
    ༡.ཡུལ་ལྷ་མཆོད་པ། ཡུལ་འདི་སྡེ་བ་རེ་རེ་ལ་རང་ཉིད་ཀྱི་ཡུལ་ལྷ་དད་མོས་བྱེད་པའི་སྲོལ་བཟང་ཞིག་ཡོད། སྲོལ་དེ་ནི་རང་ཉིད་དད་མོས་བྱེད་པའི་རུ་བླ་འམ་ཡུལ་ལྷའི་མདུན་ནས། ཐོག་མར་བསང་མཆོད་བྱེད་པའི་གོ་རིམ་ཆ་ཚང་བརྒྱུད་ལ། འདོན་ཆོས་ཕྱོགས་ནས་བསང་མཆོད་ཀྱི་ཆོ་ག་ཕུད་གཞས་ཚིག་གཏན་ཁེལ་ཞིག་མེད་ལ། རྔ་བརྡུང་གི་སྒྲ་དང་མཉམ་དུ་ཞབས་བྲོའི་འགོ་བརྩམས་པ་ཡིན། ཞབས་བྲོའི་སྒྲ་དབྱངས་ལ་སྙན་འགྱུར་ལྡན་ཞིང་ནང་དོན་འཐུས་ཚང་ལྡན། འཁྲབ་པའི་སྟངས་སྟབས་འགྲོས་མཉམ་ཞིང་ཉམས་འགྱུར་ཕུན་སུན་ཚོགས་པའི་ཁྱད་ཆོས་དུ་མས་ཕྱུག  དེའི་སྲོལ་མཆོད་ཀྱི་ནང་དོན་སྐོར་མདོར་སྤྲོས་ན།
    ༄༅ །།  མཆོད། ཨོཾ་ཨཱ༔ཧཱུཾ༔   ཨོཾ་ཨཱ༔ཧཱུཾ༔ ཨོཾ་ཨཱ༔ཧཱུཾ༔
    མཆོད།   མཆོད་མཆོད་མཆོད།
    ནམ་མཁའི་སྙིང་བོ་གཡུ་ཡིས་མཆོད།།
    བར་གྱི་སྙིང་བོ་དུང་གིས་མཆོད།།
    ས་གཞི་སྙིང་བོ་གསེར་གྱིས་མཆོད།།
    རྡོ་ཡི་སྙིང་བོ་དངུལ་གྱིས་མཆོད།།
    བདུད་རྩི་སྙིང་བོ་ཆང་དང་ཆང་གིས་མཆོད།།
    མཆོད།  ཤར་རྡོ་རྗེ་སེམས་དཔའ་མཆོད།།
    ལྷོ་རིན་ཆེན་འབྱུང་ལྡན་མཆོད།།
    ནུབ་སྣང་བ་མཐའ་ཡས་མཆོད།།
    བྱང་དེ་བཞིན་གཤེགས་པ་མཆོད།།
    ཨེ་གནམ་པ་གནམ་རྩི་མཆོད།།
    མཆོད།  དགུང་ངེ་དཀྱིལ་རུ་སྙིང་བ་བཟུང་ན།།
    དགུང་གཡུང་དྲུང་མང་བོ་སྙིང་ལམ་མཆོད།།
    བར་སྣང་དཀྱིལ་དུ་སྙིང་བ་བཟུང་བར།།
    ཉི་ཟླ་མང་བའི་སྙིང་ལམ་མཆོད།།
    དགུང་དཀར་དཀྱིལ་དུ་སྙིང་བ་བཟུང་ན།།
    དགུང་སེམས་ཅན་མང་བོའི་སྙིང་ལམ་མཆོད།།
    མཆོད།  དོག་མོ་དཀྱིལ་དུ་སྙིང་བ་བཟུང་ན།།
    མགོ་ནག་མང་བོའི་སྙིང་ལམ་མཆོད།།
    ངེད་རང་ཞང་རྩ་སྙིང་བ་བཟུང་ན།།
    ཁ་ཤ་ཚ་བཤུ་དུ་རྒྱུད་མི་ཆད།།
    སོག་པོའི་བུ་དང་སྙིང་བ་བཟུང་ན།།
    གསེར་དངུལ་དོང་ཚེ་རྒྱུན་མི་ཆད།། ཅེས་བསང་མཆོད་ཀྱི་འདོན་ཆ་སྐོར་ཞིབ་ཏུ་བཏོན་ཚར་རྗེས་གཞི་ནས་འཁྲབ་ཚན་གྱི་གོ་རིམ་བཞིན་དུ་གཏོ་གཞས་གཏོང་འགོ་བརྩམས་དགོས་སོ།།
    ༢.བག་མར་གཏོང་བ། འཁྲབ་ཚན་འདིའི་ནང་དོན་ནི་གསར་སྐྱེས་གཞོན་ནུ་ཀུན་གྱིས་བཀག་སྡོམ་རང་བཞིན་དང་བཀག་རྒྱ་ཐེབས་ཟིན་པའི་གཉེན་སྟོན་ལ་དགག་རྒྱག་མཛད་ནས། རང་དབང་དང་རང་སྣང་གིས་སྐྲུན་པའི་བརྩེ་དུང་ལ་རེ་སྨོན་བྱེད་པ་ཡིན། བག་མ་གཏོང་ལེན་བྱེད་པའི་ཞབས་བྲོ་འདིའི་ཁྲོད། ལྟད་མོ་བ་ཀུན་ལ་གོང་གི་ནང་དོན་གསལ་སྟོན་བྱེད་ཆེད། བག་མ་བརྐུ་བའི་མི་སྣ་གཙོ་བོ་བུ་མོའི་བྱེད་གཟུགས་སུ་རྫུས་ཤིང་། དེས་བྱེད་གཟུགས་ལ་བུ་མོའི་རྒྱན་ཆ་བཏགས་པ། ཝ་ཞྭ་གོན་པ། སྐྲ་རྫུ་མ་གྱོན་ཞིང་རྣ་རྒྱན་སྤྲས་ཏེ་མི་ཚོགས་ཁྲོད་རང་ཉིད་ཀྱི་སྒེག་ཆས་མངོན་པ་ན། སྐྱེས་པ་ཀུན་ཡིད་དབང་ཅིག་ཅར་དུ་འཕྲོག་ནས་བག་མར་རྐུ་བའི་ལས་ལ་བྲེལ་འགོ་བརྩམས་པ་ཡིན། དེའི་ནང་དོན་གཙོ་བོ་ནི།
    ད་ནང་ནངས་པ་གསལ་གསལ་ལ།།
    ང་ཤ་དུང་འགོ་དཀར་པོ་བཅད་ནས་སྣང་།།
    དུང་གི་གཟེར་མ་འདེབས་ནས་སྣང་།།
    སྒོ་གཡུ་སྒོ་སྔོན་པོ་བཅད་ནས་སྣང་།།
    གཡུ་ཡི་གཟེར་མ་འདེབས་ནས་སྣང་།།
    སྒོ་ལྕགས་སྒོ་ནག་པོ་བཅད་ནས་སྣང་།།
    ལྕགས་ཀྱི་གཟེར་མ་འདེབས་ནས་སྣང་།།
    བྱང་ཟྭ་སྒོ་དམར་པོ་བཅད་ནས་སྣང་།།
    བྱང་གི་གཟེར་མ་འདེབས་ནས་སྣང་།།
    ཨེ་སེང་གེ་སེར་པོ་བཅད་ནས་སྣང་།།
    མགྲོན་པོ་ལབས་ནས་མགྲོན་པོ་ཚོ།།
    ཁྱོད་དེ་རིང་ལམ་ལ་ལང་རིང་ནང་།།
    དེ་རིང་སྐར་མ་ཆི་ལ་ལང་།། ཞེས་པ་སོགས་འབྲེལ་ཡོད་བག་མར་གཏོང་བའི་ནང་དོན་ཤིན་ཏུ་མང་ངོ།།
    ༣.གཞོན་རྩལ་མངོན་པ། སྤྱིར་ཕོ་རྩལ་སྣ་དགུ་འཛོམས་དགོས་ཞེས་པའི་བཤད་སྲོལ་ཅིག་རང་ཅག་གནའ་རབས་པའི་སྐབས་ནས་སྐྱེས་མཆོག་ཀུན་གྱི་རང་ཉིད་ཀྱི་རྩལ་མངོན་འགྱུར་བྱེད་པའི་ཚད་གཞི་ཉག་ཅིག་ཏུ་བཟུང་ཡོད་པ་ཡིན། རིག་གནས་དེའི་ཤུགས་རྐྱེན་ཁྲོད་ཡུལ་དེའི་སྐྱེས་པ་ཁག་ཅིག་རང་ཉིད་སྲོག་ཆགས་དོམ་དང་ཁྱིའི་ཆ་བྱད་དུ་སྤྲུལ་ཏེ། མགོ་ལ་དོམ་གྱི་པགས་པ་གྱོན་ཞིང་། ལུས་སུ་པགས་རིགས་ནག་པོ་གྱོན་ཏེ། གཏོ་གཞས་འཁྲབ་མཁན་ཀུན་སྒོ་ཕྱི་རུ་ཐོན་པ་ན། དེའི་འཕྲད་གང་མགྱོགས་གང་མྱུར་སྒོས་ཁྱིམ་གྱི་ཀ་གདུང་སྟེང་འགོས་མགོ་བརྩམས་པ་ཡིན། ཉམས་མྱོང་ལྡན་ཞིང་བྱང་ཆ་ཡོད་པའི་སྐྱེས་བུ་ཞིག་ལ་མཚོན་ན། རྩེད་མོ་དེ་ནི་རང་ཉིད་ཀྱི་ནུས་རྩལ་མངོན་འགྱུར་བྱེད་པའི་གར་སྟེགས་བཟང་པོ་ཞིག་དང་། དེ་ལས་ལྡོག་པའི་མི་ཞིག་ལ་མཚོན་ན་དགོད་བྲོ་བ་དང་ངོ་གནོངས་དགོས་པའི་བྱ་འགུལ་ཞིག་ཀྱང་ཡིན། འདིར་སྐབས་དེར་འཁྲབ་སྟོན་བྱེད་པའི་འཁྲབ་ཚིག་གི་བརྗོད་དོན་འགའ་སྤྲོས་ན།
    སྲིད་པ་སྲིད་པ་བཤད་བསམ་མནོ།།
    སྲིད་པའི་སྡོང་རྒན་ཡང་མོ་ཤོད།།
    སྡོང་ཆད་པ་ག་ལས་ཆད་འོང་ཤིག།
    སྡོང་ཆད་པ་གནམ་སྤྲིན་བར་ལས་ཆོད།།
    སྡོང་འབབ་པ་ས་གཞིས་དཀྱིལ་ལ་བབས།།
    སྡོང་ས་འོག་བསྡད་ནས་ཆི་ཙམ་འགི།
    ས་འོག་བསྡད་ནས་ལོ་གསུམ་འགི།
    སྡོང་ས་ཁར་བུད་ནས་ཆི་ཙམ་འགི།
    ས་ཁར་བུད་ནས་སླ་གསུམ་འགི།
    སྡོང་མྱིག་གིས་མཐོང་ནས་ཆི་ཙམ་འགི།
    མྱིག་གིས་མཐོང་ནས་ཞག་གསུམ་འགི།
    སྡོང་མཐོང་བ་གང་གིས་མཐོང་བསྡད་སྣང་།།
    མཐོང་བ་ཟླ་དང་ཉི་མ་མཐོང་།།
    རྙེད་པ་ཤྭ་བལྡ་ཁྱི་བལྡ་རྙེད།།
    སྡོང་སྒང་རུ་སྐྱེས་ནང་མཐོན་འགྲོ་གིན།།
    ལུང་བར་སྐྱེས་ནང་དམའ་འགྲོ་གིན།།
    ཉིན་ཀར་སྐྱེས་སྣང་བཞུད་འདུག་གིན།།
    སྐྱེས་ན་ཉིན་སྲིབ་བར་དུ་སྐྱེས།།
    རྩེ་མོ་སྐྱེས་པ་ནམ་མཁའ་འཁེབས།། ཞེས་པ་ལྟར་རོ།།
    ༤.དཔོན་དམག་རྒྱང་བསྐྱོད། དམག་རྩལ་མ་སྦྱང་བའི་ཡར་སྔོན་དུ་འཁྲབ་གཞུང་རྩེད་མཁན་ཀུན་གྱིས་རྔ་སྦུགས་རོལ་དབྱངས་དང་མཉམ་དུ། ལག་ཏུ་མདའ་གཞུ་མདུང་གསུམ་བཟུང་སྟེ་སྐད་ངན་སྣ་ཚོགས་བསྒྲོགས་ཏེ་ཁྱིམ་ཚང་རེ་རེར་བསྐྱོད་པ་ཡིན། ལག་གིས་དབྱུག་པས་ཁྱིམ་གྱི་གྲུ་ཟུར་རེ་རེར་དབྱུག་བསྣུན་བྱེད་པ་ནི། ལྷ་འདྲེ་གདོན་གསུམ་མཐར་བསྐྲོད། ནད་རིགས་ཆོམ་རྐུན་དགྲ་ཇག་ཐན་པ་དང་། སད་སེར་བ་ལོ་ཉེས་ཕུགས་ཉེས་སོགས་བར་ཆད་ཆག་སྒོ་ཉེར་འཚེ་མ་ལུས་པ། ལམ་སང་ཞི་ཞིང་གཏན་དུ་བཟློག་པ་དང་། ཆོས་སྲིད་དཔལ་འབྱོར་ལོངས་སྤྱོད་ཚོགས་འཕེལ་པ། དཀའ་སྡུག་མ་ལུས་དག་བསལ་བར་བྱེད་པ་དང་གསོལ་འདེབས་བྱེད་པའི་སྔོན་འགྲོའི་ཆོ་ག་ཞིག་ལ་བརྩིས། མཐར་རྩེད་མོ་བ་དང་དམངས་ཀུན་སྡེ་དཀྱིལ་གྱི་ཐང་ཆེན་ཞིག་ཏུ་འཛོམས་ཏེ་ཞབས་བྲོ་འཁྲབ་པ་དང་དམངས་གཞས་ལེན་པ། མདའ་རྩེད་མངོན་པ། བདུད་རྩི་ཆང་གིས་མྱོས་ཤིང་ཞིམ་མངར་ཟས་ལ་རོལ་རྗེས་མཐར་དགའ་སྤྲོའི་དགོད་སྒྲའི་ཁྲོད་མཇུག་རྫོགས་པ་ཡིན། དེ་ན་འདིར་སྐབས་དེར་ངེས་པར་དུ་དབྱངས་སུ་གྱེར་ཏེ་འཁྲབ་སྟོན་བྱེད་པའི་གཞས་ཚིག་གི་ནང་དོན་འགའ་བརྗོད་ན།
    ཨེ་ཡིན་ཀེ་ཧེའོ།   ཨེ་ཡིན།   ཨེ་ཡིན་ཀེ་ཧེའོ།   ཨེ་ཡིན། ཨེ་ཡིན་ཀེ་ཧེའོ།   ཨེ་ཡིན།
    དམྱལ་བ་ཡུལ་དུ་ཚ་གྲང་གསུམ།           ཧ་ཡིན།
    དམག་བསྡུས་པ་ག་ལས་བསྡུ་འཁུར་རྒྱུ།       ཧ་ཡིན།
    དམག་བསྡུས་པ་ནམ་མཁའི་ཁོག་ལས་སྡུད།     ཧ་ཡིན།
    དམག་བསྡུས་པ་ག་ལས་བསྡུ་འཁུར་རྒྱུ།       ཧ་ཡིན།
    དམག་བསྡུས་པ་བར་སྣང་ཁམས་ལས་སྡུད།     ཧ་ཡིན།
    བར་སྣང་གཉན་དམག་འབུམ་ཅིག་སྡུད།      ཧ་ཡིན།
    མྱི་དང་ལྷ་དང་ལྷ་མ་ཡིན་གསུམ།          ཧ་ཡིན།
    དམྱལ་བ་ཡུལ་དུ་ཚ་གྲང་གསུམ།           ཧ་ཡིན།
    དམག་བཙན་པ་གང་ལ་བཙན་པོ་བྱིན།       ཧ་ཡིན།
    དམག་བཙན་པ་ནམ་མཁའི་ལྷ་ལ་བཙན།      ཧ་ཡིན།
    ལྷ་བཙན་པའི་བཙན་གཡང་བྱིན་བཞག་སྣང་།    ཧ་ཡིན།
    དམག་བཙན་པ་གང་ལ་བཙན་པོ་བྱིན།       ཧ་ཡིན།
    དམག་བཙན་པ་བར་སྣང་གཉན་ལ་བཙན།     ཧ་ཡིན།
    གཉན་བཙན་པའི་བཙན་གཡང་བྱིན་བཞག་སྣང་།  ཧ་ཡིན།
    དམག་བཙན་པ་གང་ལ་བཙན་པོ་བྱིན།       ཧ་ཡིན།
    དམག་བཙན་པ་ས་གཞི་ཀླུ་ལ་བཙན།        ཧ་ཡིན།
    ཀླུ་ཕྱུག་པའི་ཕྱུག་གཡང་བྱིན་བཞག་སྣང་།      ཧ་ཡིན།
    དམག་རྒྱབ་པ་གང་ལ་རྒྱབ་པོ་བྱིན།         ཧ་ཡིན།
    དམག་རྒྱབ་པ་བདུད་ལ་རྒྱབ་པོ་བྱིན།        ཧ་ཡིན།
    བདུད་སྡུག་པོ་འདུལ་གྱི་ཁ་གནོན་ཡིན།       ཧ་ཡིན།
    དམག་པོ་ཐུགས་རྗེ་ཆེན་པོ་ཡིན།          ཧ་ཡིན།
    ཨེ་ཡིན་ཀེ་ཧེའོ།  ཨེ་ཡིན།  ཨེ་ཡིན་ཀེ་ཧེའོ།  ཨེ་ཡིན།  ཨེ་ཡིན་ཀེ་ཧེའོ།  ཨེ་ཡིན།
    གཉིས་པ། གྱེར་བའི་གཞས་དབྱངས་ཐད།
    ཇི་སྐད་དུ། དབྱངས་ཀྱི་བསྟན་བཅོས་བློ་གསལ་མགུལ་རྒྱན་ལས། གང་དུ་བསླབ་པར་བྱ་བའི་གནས།། གཙང་ཞིང་དབེན་པའི་ས་ཕྱོགས་སམ།། སྐད་ལ་བོགས་འབྱིན་ཡིད་དང་མཐུན།། ཅེས་དང་། དབྱངས་ལ་མཁས་ཤིང་གྲགས་པ་ཐོབ།། ངང་རིགས་རྒྱུད་འཇམ་སྤོབས་པ་བཟོད།། རྣམ་གཡེང་དབང་དུ་མི་འགྲོ་ཞིང་།། སློབ་པའི་དྲོད་ཚད་ཤེས་པའོ།། ཞེས་པ་ནང་བཞིན། གཏོ་གཞས་ཀྱི་གཏོང་ལུགས་ཐད་ནས་ཐོག་མར་དབྱངས་སྙོམ་ཞིང་ལྡིར་སྒྲ་དང་བཅས་ཏེ་གོམ་པ་དལ་གྱིས་སྤོ་མགོ་བརྩམས། བར་དུ་མགྲིན་པ་བཙུམ་ཞིང་དོག་པར་བྱས་ནས་སྟོད་དུ་ཤུགས་མང་བསྐྱེད་དེ་འདོན་དགོས། མཐར་མགྲིན་པ་ཕྱེ་ཞིང་གློད་དེ་ཡངས་པར་བྱས་ནས་སྨད་དུ་ཤུགས་བསྐྱེད་དེ་འདོན་པ་ལ“གཏོ་གཏོ་གཏོ”ཞེས་དབྱངས་ཀྱི་འགྲོས་དང་བསྟུན་དེ་མདུན་བསྐྱོད་བྱེད་དགོས། དབྱངས་ཀྱི་ནང་དོན་རིགས་ལ་ཆང་གཞས་དང་རི་གླུ། མཛའ་གཞས། རྒྱང་བསྐྱོད་བྱེད་པའི་གཞས་བཅས་རིགས་བཞི་ཡིས་གྲུབ་ཡོད།
    གསུམ་པ། འཁྲབ་པའི་གོ་རིམ་སྐོར།
    “གཏོ་གཞས”འཁྲབ་པའི་དུས་ཆེན་ནི་ཐེ་བོ་ཡབ་མེས་རྣམས་ཀྱི་བདེ་ཐང་དང་འཚོ་བ་གསར་བར་རེ་སྨོན་བྱེད་པ། འབྲུ་རིགས་སྣ་ལྔས་སྲོལ་མཆོད་བྱེད་པའི་ཁྱད་པར་ཅན་གྱི་དམངས་ཁྲོད་ཞབས་བྲོ་འཁྲབ་པའི་དུས་ཆེན་བཟང་ཤོས་ཞིག་ཡིན། དེའི་དགའ་སྟོན་བྱ་འགུལ་ནི་སྟོན་སྡུད་ཚར་བའི་གནས་ཚུལ་དང་བསྟུན་ཏེ་འཁྲབ་འགོ་རྩོམ་པ་ཡིན། སྤྱིར་བཏང་གིས་ལུགས་རྙིང་གི་ཟླ་བཅུ་བའི་ཟླ་དཀྱིལ་དང་ཟླ་བཅུ་གཅིག་པའི་ཟླ་མཇུག་ཏུ་སྔ་གཞུག་རིམ་པ་གཉིས་སུ་བགོས་ཏེ་འཁྲབ་འགོ་བརྩམས། སྐབས་དེར་མཚོན་ན་ནོར་ལུག་ལ་ཤ་ཤེད་རྒྱས་ཤིང་འབྲུ་མཛོད་དུ་འབྲུ་རིཊ་རི་བོའི་གཏོས་དང་མཉམ་པ་བཞིན་དུ་ཁེངས་ཡོད། དགའ་སྤྲོའི་བྱ་འགུལ་འདི་འཁྲབ་ཡུན་གྱི་ཆ་ནས་ཉིན་གཉིས་དང་གསུམ་གྱི་ནང་ཚུན་དུ་མཇུག་སྒྲིལ་བ་ཡིན། ལོ་རེར་གཏོ་གཞས་དུས་ཆེན་ཐོན་ཐེངས་རེར། ཐོག་མར་སྡེ་མི་སོ་སོར་བརྡ་སྦྱར་ཏེ་སྔོན་འགྲོའི་བྱ་བ་མཐའ་དག་གྲ་སྒྲིག་གང་ལེགས་བྱེད་པ་ཡིན། བར་དུ་གཏོ་གཞས་འཁྲབ་མཁན་གྱི་མི་ཁག་ཅིག་ཁྱིམ་ཚང་རེ་རེར་བསྐྱོད་དེ་ཟས་རིགས་ལོངས་སྤྱོད་ལ་རོལ་བ་ཡིན། མཐར་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་ངལ་གསོ་མཛད་ཅིང་། འཁྲབ་པའི་གོ་རིམ་ཁྲོད་བདུད་རྩི་ཆང་ལ་རོལ་ནའང་རྒྱ་མ་གཉིས་མ་གཏོགས་འཐུང་མི་རུང་། དེ་ལྟར་ཉིན་གསུམ་གྱི་རིང་དུ་སྟ་གོན་གྱི་བྱ་བ་མཇུག་རྫོགས་རྗེས། ཉིན་གསུམ་ལ་ངལ་གསོ་བྱེད་པ་ཡིན།
    ཉིན་གསུམ་གྱི་རྗེས། གཏོ་གཞས་དུས་ཆེན་དངོས་སུ་འགོ་བརྩམས་པ་ཡིན། ཕོ་གསར་ཚོས་ལུས་ལ་བོད་ལ་ཆ་ཚང་ཞིག་གྱོན་ཞིང་གདོང་ལ་ཚོན་མདོག་ནག་པོས་བྱུགས་པ། བལྟས་པ་ཙམ་གྱིས་གཞན་སྡེ་ལ་འཇིག་སྣང་དང་མ་རུང་བདུད་འདུལ་ལས་ལ་སྦྱོར་བའི་དྲག་སྦྱོར་མཁན་ཞིག་ཏུ་སྒྱུར་བ། ཁོ་ཚོས་ལག་ཏུ་གྲི་རིང་གྲི་ཐུང་དང་། མདའ་རིང་། དབྱུག་པ། མེ་མདའ་སོགས་བཟུང་སྟེ། དཔའ་བོ་རྒྱང་བསྐྱོད་ཀྱི་རྣམ་པའི་ཚུལ་དུ་འཛིན་དགོས། གཏོ་གཞས་འཁྲབ་མཁན་གྱི་མི་རྣམས་གྲལ་རིང་ཅིག་བསྒྲིགས་དགོས་པ་དང་དེའང་གཡུ་འབྲུག་ཐང་ལ་བབས་པ་ལྟར་ཡིན་དགོས་པ། སྣེ་ཁྲིད་མཁན་གྱི་མི་གྲངས་བརྩིས་རྗེས། གྲལ་འགོ་ན་ཡོད་པའི་སྐྱེས་བུ་ཞིག་གིས་ལག་ཏུ་ཟོག་གི་རྔ་མ་བཟུང་བ། ལག་གཞན་ཞིག་ཏུ་དབྱུག་པ་ཞིག་བཟུང་སྟེ་དཔུང་བསྐྱོད་ཀྱི་སྣེ་ཁྲིད་མཛད་པ་ཡིན། དེའི་རྗེས་སུ་ཡོད་པའི་མི་ཞིག་གིས་དབྱུག་པ་ཞིག་ལ་ཞོན་ཅིང་ལག་ཏུ་ལྕག་ཚན་བཟུང་ནས་རྟ་ལ་ལྕག་གིས་བསྐུལ་བའི་རྣམ་པ་བཟུང་ནས་གཏོ་གཞས་འཁྲབ་ཞོར་ཁྱིམ་ཚང་རེར་བསྐྱོད་པ་ཡིན། གཏོ་གཞས་འཁྲབ་མཁན་གྱི་མི་རྣམས་ཁྱིམ་ཚང་རེར་ཐོན་པ་ན། ཁྱིམ་བདག་གིས་ཟས་ཆང་གིས་སྣེ་ལེན་བཟང་བོ་བྱེད་པ་ཡིན། རྔ་རྡུང་གི་སྒྲ་དབྱངས་དང་རྐང་བའི་སྟངས་སྟབས། སྐད་ངན་སྒྲོག་པའི་སྒྲ་དབྱངས་ཁྲོད་ཁྱིམ་དེར་གནས་པའི་མ་རུང་བདུད་སྲིན་དག་རིམ་གྱིས་མཐར་བསྐྲོད་གཏོང་བའི་བཤད་སྲོལ་ཡོད་པ་ལ་དམིགས་ཏེ། ཕྱོགས་གཅིག་ནས་སྡེ་མི་ཀུན་གཞི་གཅིག་ཏུ་འཛོམས་ཏེ་ཟས་རིགས་ལ་རོལ་བ་དང་ཕྱོགས་གཞན་ཞིག་ནས་སྤྲོ་བ་འབུམ་ལྡན་གྱིས་ཁེངས་ཏེ་གཏོ་གཞས་འཁྲབ་པ་ཡིན།
    གཏོ་གཞས་གཏོང་བའི་ཞབས་བྲོ་ཁྱིམ་ཚང་རེ་རེར་བསྐྱོད་དེ་འཁྲབ་ཚར་རྗེས། སྡེ་མི་ཀུན་གཞི་གཅིག་ཏུ་འཛོམས་ཏེ་སྦེ་ག་འགྲན་པ་དང་། མདའ་རྩེ་བྱེད་པ། མཆོང་རྒྱུགས་འགྲན་པ། འབྲུག་རྩེད་བྱེད་པ་སོགས་རིགས་མི་གཅིག་པའི་རྩེད་མོ་སྣ་ཚོགས་རྩེས་ཚར་རྗེས། རྒྱུ་སྐར་ལམ་གྱི་ཟླ་བའི་འོད་སྣང་དང་བསྡོངས་ཏེ། གཏོ་གཞས་འཁྲབ་བྱེད་ཀྱི་ལག་ཆ་ཡོད་ཚད་གཞི་གཅིག་ཏུ་སྤུངས་ཤིང་དེ་མུར་མེ་རུ་སྒྲོན་པ་ཡིན། དུས་དེར། དགའ་དགའ་སྤྲོ་སྤྲོའི་ལས་ལ་བརྩོན་པའི་རྒན་པ་ཚོས་ལོ་ལེགས་བྱུང་བའི་རྟེན་འབྲེལ་གྱི་ཐོག་མ་མྱོས་བྱེད་བཏུང་བ་དང་མཉམ་གཅིག་ཏུ་ཡིད་སེམས་རབ་ཏུ་དགའ་བས་གཙེས། རྒྱ་སྟག་ངར་མ་ནག་ནས་མཆོང་འདྲའི་གཞོན་སྐྱེས་ཚོས། མེ་དཔུང་དྲག་ཏུ་འཕྱོ་བའི་མཐའ་སྐོར་དུ། ལོ་གཅིག་གིས་ངལ་བ་རྒྱང་དུ་གཡུགས་ཏེ་མེ་དཔུང་དྲག་ཏུ་འཕྱོ་བའི་མཐའ་སྐོར་རུ་གནས་དེའི་ཁྱད་ཆོས་དང་མཐུན་པའི་ཞབས་བྲོ་ཞིག་འཁྲབ་སྲོལ་ཡོད་པ། འཇའ་ཚོན་ལུས་སུ་བཀླུབས་འདྲའི་སྐྱེས་མ་ཚོས་སྐད་གསེང་སྙན་མོའི་འགྱུར་གླུ་དང་བསྡོངས་ཏེ་དགའ་སྤྲོའི་དགོད་སྒྲ་ཐེ་བོ་ཡུལ་གྱི་ཡུལ་ཕྱོགས་སོ་སོར་ཁྱབ་འགོ་བརྩམས་པ་ཡིན།
    བཞི་བ། བརྒྱུད་པའི་རིན་ཐང་ཕྱོགས།
    “གཏོ་གཞས”དུས་ཆེན་གྱིས་ནགས་ཀློང་ཁྲོད་དུ་འཚོ་བ་རོལ་བའི་བོད་རིགས་མང་ཚོགས་ཀྱིས་མཛེས་སྡུག་གི་འཚོ་བར་ཡིད་བརྟོན་དང་རེ་སྙེག་བྱེད་པར་མངོན་འགྱུར་བྱས་པ་ལས། གཞན། གནའ་བོ༠འི་རུས་བླ་ལ་མཆོད་བཀུར་བྱེད་པའི་ཆོས་ལུགས་ཀྱི་ཆོ་ག་གལ་ཆེན་ཞིག་ཡིན། དེས་དམངས་ཁྲོད་སྒྱུ་རྩལ་གསར་སྐྲུན་དང་འགྱུར་ལྡོག་གི་གོ་རིམ་བརྒྱུད་ཐེ་བོ་ཡུལ་གྱི་མི་རིགས་ཀྱི་ལོ་རྒྱུས་དང་འཚོ་བ། རང་གཤིས། མཛེས་དཔྱོད་ཀྱི་ལྟ་བ་བཅས་གསལ་བརྗོད་བྱས་ཡོད་པ། རང་རིགས་ཀྱི་གཞས་དབྱངས་དང་ཞབས་བྲོའི་རྣམ་པ་འཕེལ་རྒྱས་སུ་གཏོང་བར་ལྟ་རྒྱུ་ཡོད་པ་དང་དཔྱད་རྒྱུ་ཡོད་པའི་དཔྱད་གཞི་རིན་ཐང་གལ་ཆེན་ཞིག་མཁོ་སྤྲོད་བྱས་པ། སྒོས་སུ་རང་རིགས་ཀྱི་དམངས་ཁྲོད་སྒྱུ་རྩལ་དུས་ཆེན་འདི་ཉིད་ལ་ཞིབ་འཇུག་བྱེད་ན་ཡིད་རྟོན་རུང་བའི་སྒྲུབ་བྱེད་ཁུངས་བཙུན་པའི་རིན་ཐང་དུ་མའི་ཁྱད་ཆོས་ལྡན་པ་ཡིན་ན། ང་ཚོ་རྗེས་རབས་པ་རྣམས་ཀྱིས་ཅིས་ཀྱང་རང་ནུས་གང་ཡོད་སྒོས“གཏོ་གཞས”དུས་ཆེན་འདི་རྒྱུད་འཛིན་དང་དར་སྤེལ་དུ་གཏོང་རྒྱུ་ཤིན་ཏུ་ནས་གལ་ཆེའོ།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།