༄༅།། བོད་གནའ་རབས་ཀྱི་རྡོ་རྐོས་སྐོར་ཅུང་ཟད་བརྗོད་པ། - གོམས་སྲོལ། - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > དམངས་སྲོལ། > གོམས་སྲོལ། >
༄༅།། བོད་གནའ་རབས་ཀྱི་རྡོ་རྐོས་སྐོར་ཅུང་ཟད་བརྗོད་པ།
དུས་ཚོད།2020-09-29 09:32:50     རྩོམ་གྱི་ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།    ཆུང་། | འབྲིང་། | ཆེ།
རྡོ་རྐོས་ངོ་སྤྲོད།
 
   རི་མཐོ་ས་གཙང་གི་ཕུ་མདའ་དང་རི་ཀླུང་ཀུན་ན་ཆར་རླུང་གིས་འཇིག་པར་མི་ནུས་ལ། རང་བཞིན་གྱིས་ཡལ་བར་མི་འགྱུར་བའི་མི་ལོ་སྟོང་ཕྲག་གོང་གི་རྡོ་རྐོས་ཡིག་འབྲི་དང་། གཟུགས་བརྙན་རྣམས་ད་ལྟ་གང་སར་དངོས་སུ་མཐོང་རྒྱུ་ཡོད་པས། རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་ཅན་རྣམས་གྱིས་མཚོ་བོད་མཐོ་སྒང་ནི་གྱང་གིས་མ་བསྐོར་བའི་རྡོ་རྐོས་རིག་གནས་ཀྱི་བཤམས་མཛོད་ཁང་ཞིག་ཡིན་ཞེས་བརྗོད་ཡོད་པའང་བདེན་པར་འཁུམས་ཤིང་། རྡོ་རྐོས་ཀྱི་ལག་རྒྱུན་དེ་ཚོ་ནི་སྔོན་བྱོན་གྱི་མཁས་པ་གྲགས་ཅན་དང་ལག་རྩལ་ཅན་གྱི་ངལ་རྩོལ་བ་མང་པོས་བཞག་པའི་མཛད་རྗེས་ངོ་མཚར་ཅན་ཞིག་ཡིན་ལ་དེ་ནི་རང་རེའི་ལག་རྩལ་རིན་ཆེན་བང་མཛོད་ནང་གི་རིན་བྲལ་ནོར་བུ་ཞིག་ཀྱང་ཅི་ལ་མིན། རྡོ་རྐོས་ནི་དང་ཐོག་མེས་པོ་ཚོའི་ཐོན་སྐྱེད་འཚོ་བའི་རྣམ་པ་ཙམ་མཚོན་པའི་བྲག་རྐོས་རི་མོ་སྟེ་དམག་འཐབ་བྱེད་པ་དང་། རྔོན་རྒྱག་པ། འདས་མཆོད་སྒྲུབ་པ། སྐྱ་སྤོ་བྱེད་པ་སོགས་ཀྱི་རྣམ་པ་ཞིབ་ཕྲ་བརྐོས་ཡོད་པ་དང་ཕྱིས་གཏིང་ཇེ་ཟབ་དང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པས་རིམ་བཞིན་ནང་དོན་གཙོ་བོ་ནི་བན་བོན་གྱི་བསྟན་བཅོས་དང་གཟུངས་སྔགས། མནའ་ཚིག་གི་རྡོ་རིང་། ལྷ་སྐུ་དང་སྐྱེས་ཆེན་དམ་པའི་འདྲ་སྐུ་སོགས་ཡིན་ལ། སྤྱི་ཚོགས་དང་རིག་གནས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད། རྡོ་རྐོས་ལག་རྩལ་ལ་བརྟེན་ཏེ་བོད་ཀྱི་ཆོས་དང་རིག་གནས་སྣ་ཚོགས་ཉར་ཚགས་དང་རྒྱུད་འཛིན་གྱི་འཕྲིན་ལས་ལེགས་པར་བསྐྱངས་དང་སྐྱོང་བཞིན་ཡོད་ཕྱིར། རྡོ་རྐོས་རིག་གནས་ནི་མཚོ་བོད་མཐོ་སྒང་གི་རིག་གནས་ཀྱི་འབྱུང་ཁུངས་ཆེན་པོ་ཞིག་དང་ཤེས་རིག་གི་མྱུ་གུ་འབུས་ས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

\
                                                                       ▅ བསམ་ཡས་རྡོ་རིང་།
 
རྡོ་རྐོས་ཀྱི་བྱུང་འཕེལ།
 
   རང་རེའི་མེས་པོ་རྣམས་ཀྱིས་ཆེས་སྔ་མོ་ཞིག་ནས་རྡོ་བཟོ་དང་རྡོ་རྐོས་ཀྱི་ལག་རྩལ་ལ་བྱང་ཆུབ་པ་དང་། ལག་རྩལ་དེ་ལས་ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་ལྡན་པའི་དངོས་པོ་མང་པོ་བྱུང་ཡོད་པ་ནི། གནའ་བོའི་བོད་མི་ཚོས་དང་ཐོག་བྲག་རྡོ་གཞི་རྟེན་དུ་བྱས་ནས་རི་དྭགས་དང་། མི། ཤིང་། བརྡ་རྟགས་སྣ་ཚོགས་བཅས་དང་དེ་བཞིན་རྔོན་རྒྱག་པ་དང་། འབྲོང་རྒོད་འདུལ་བ། ཕྱུགས་འཚོ་བ། དམག་འཁྲུག་གི་རྣམ་པ་མཚོན་པ་བཅས་ཀྱི་རི་མོ་བརྐོ་བའི་སྒྱུ་རྩལ་དེར་བརྟན་པོའི་རང་བཞིན་དང་དོན་མཚོན་གྱི་ནུས་པ་ཆེན་པོ་ལྡན་ཡོད་ལ་ཐད་ཀར་ཟིན་ཐོ་འགོད་པའི་སྟབས་བདེའི་ནུས་པའང་ལྡན་ཡོད་པ་རེད། དེ་ལྟར་སྟོད་མངའ་རིས་ཕྱོགས་ནས་མི་ལོ་ལྔ་སྟོང་ཡན་དུ་བརྐོས་པའི་བྲག་རྐོས་ཀྱི་རི་མོ་རྙེད་པ་དང་། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་སྐབས་ཕོ་བྲང་ཡུམ་བུ་བརླ་སྒང་བརྩིགས་པ་དང་། ལྷ་ཐོ་ཐོ་རི་གཉན་བཙན་སྐབས་མཆོད་རྟེན་བང་རིམ་གསུམ་པ་རྡོ་ལ་བརྐོས་ཚུལ་འཁོད་པ་དང་། སྲོང་བཙན་གྱི་དུས་ཐུ་མིའི་ཕྱག་བྲིས་རྡོ་ལ་བརྐོས་པའི་ཀ་ཆེན་གྱི་ཡི་གེ་དྲུག་མ་དང་།   འབིས་རྣམ་པར་སྣང་མཛད་ཀྱི་སྐུ་གཟུགས་དང་རྡོ་ལ་བརྐོས་པའི་མཚན་བྱང་བཅས་ད་ལྟའང་མཇལ་དུ་ཡོད་པ་དང་། ཁྲི་སྲོང་ལྡེ་བཙན་སྐབས་བསམ་ཡས་བཀའ་གཙིགས་ཀྱི་རྡོ་རིང་དང་། ངོ་མཚར་རྡོའི་མཆོད་རྟེན་རྣམ་པ་ལྔ་ལ་སོགས་བཟོ་དངོས་ཁྱད་དུ་འཕགས་པ་དང་།  གྲུབ་ཆེན་ཐང་སྟོང་པ་སོགས་ཀྱིས་རྡོའི་རིན་ཆེན་རིགས་ལ་བརྐོས་པའི་མཁའ་འགྲོ་སྡེ་ལྔ་དང་།   གཡུའི་སྒྲོལ་མ་དང་།   དུང་གི་ཐུགས་རྗེ་ཆེན་པོ།   བྱུ་རུའི་ཚེ་དཔག་མེད།  པདྨ་ར་གའི་འོད་དཔག་མེད་སོགས་བྱིན་རླབས་ཀྱི་ཚན་ཁ་འབར་བ་རྣམས་དང་།   ཕྱིས་སུ་བརྐོས་པའི་རྒྱ་ནག་མ་ཎི།  དཔལ་སྤྲུལ་མ་ཎི།  མི་ཉག་གསེར་རྒྱ་སྒོའི་འབུམ་ཆེན་པོ་སོགས་སྲིད་ན་འགྲན་ཟླ་དང་བྲལ་བ་མང་པོ་བཞུགས་ལ། ཁྱད་པར་དུ་བོད་བཙན་པོའི་དུས་ནི་རྡོ་རྐོས་རིག་གནས་དར་ཁྱབ་ཆེས་ཆེ་བའི་དུས་རབས་ཤིག་ཡིན་ལ་རྡོ་རྐོས་ཀྱི་ནང་དོན་དང་ལག་རྩལ་ཡང་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་པ་དང་སྦྲགས་ཆོས་ལུགས་ཀྱི་ཤན་ཞུགས་ཆེན་པོ་ཐེབས་པས་སྐུ་བརྙན་དང་མ་ཎི་ཡིག་དྲུག་མང་པོ་བརྐོས་ཡོད་པ་མ་ཟད། སངས་རྒྱས་བྱང་སེམས་དང་ཆོས་སྐྱོང་སྲུང་མ་དེ་དག་ཞི་རྒྱས་དབང་གྲགས་ཀྱི་རྣམ་འགྱུར་མ་ཚང་བ་མེད་པ་དང་ལྷག་དོན་ལྷ་སྐུའི་བཞེངས་བཀོད་ལེགས་པ་དང་རྒྱན་དང་ཆ་ལུགས་ཚང་མ་ཧ་ཅང་གསོན་ཉམས་དོད་པོ་ཡོད་ཅིང་། སྐབས་དེར་རྡོ་རྐོས་ཀྱི་སྒྱུ་རྩལ་དངོས་པོ་མང་ཤོས་ཐོན་ཡོད་པས་། ལྷོ་བྲག་གི་བྲག་རྐོས་ཡི་གེ་དང་། བྲག་ཡེར་པའི་རྡོ་རྐོས་ཡི་གེ ལྷོ་ཁའི་རྫོང་སྐུ་འབུམ། ལྷ་སའི་ཕ་བོང་ཁ་དང་བྲག་ལྷ་ཀླུ་སྒུག་སོགས་གང་སར་བཙན་པོའི་དུས་ཀྱི་རྡོ་རྐོས་རིག་གནས་ཀྱིས་ཁྱབ་ཡོད་པ་རེད། ལྷག་དོན་དུ་ད་ཆ་རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་ཁྱབ་ཁོངས་ཀྱིས་ཧ་ཅང་རྩ་ཆེར་འཛིན་པ་དང་སྐབས་དེའི་རྡོ་རྐོས་རི་མོའི་དཔེ་མཚོན་ལྟ་བུར་གྱུར་བ་ནི་སྤྱི་ལོ813ཙམ་ལ་བརྐོས་པའི་བྲག་ཡབ་རི་མདའ་ལྡན་མ་བྲག་བརྐོས་ཀྱི་རི་མོ་ཡིན་ཅིང་། དེ་ནི་བོད་ཤར་ཕྱོགས་ཀྱི་ཆབ་མདོ་ས་ཁུལ་བྲག་གཡབ་རྫོང་རི་མདའ་ཡུལ་གྱི་ལྡན་མ་བྲག་རྩ་ཞེས་འབོད་པའི་བྲག་ལྡེབས་ཆེན་པོ་ཞིག་མཆིས་པ་དེའི་དབུས་སུ་རྣམ་པར་སྣང་མཛད་ལ་ཉེ་བའི་སྲས་ཆེན་བརྒྱད་ཀྱིས་བསྐོར་བའི་སྐུ་བརྙན་དང་། འཕགས་པ་བཟང་སྤྱོད་ཀྱི་སྨོན་ལམ། སྦྱར་བྱང་ཡི་གེ་བཅས་ཁག་གསུམ་བརྐོས་ཡོད་པའི་ཕྱི་མ་དེ་ནི་རི་མདའ་ལྡན་མའི་བྲག་རྐོས་ཡི་གེ་ཞེས་ཀུན་ལ་གྲགས་པ་དེ་ཡིན་པ་དང་། ད་དུང་ཀོང་པོ་གཡུང་དྲུང་འཛིན་གྱི་རྡོ་རྐོས་ཡི་གེར་ཡང་བོད་རིག་པའི་ཞིབ་འཇུག་ཁྱབ་ཁོངས་སུ་གྲགས་པ་ཧ་ཅང་ཆེན་པོ་ཡོད་ཅིང་། དེ་ནི་ཉིང་ཁྲི་རྫོང་ཁོངས་སྨན་རི་ཤང་གཡུང་དྲུང་འཛིན་བྱ་བའི་བྱང་ངོས་ཀྱི་ལམ་ཟུར་ཞིག་གི་ཁ་ལྷོར་ཕྱོགས་པའི་རིང་ཚད་ལ་སྨི1.85དང་ཞེང་ཚད་ལ་སྨི1.75ཡོད་པའི་ཕ་བོང་ཆེན་པོ་ཞིག་གི་སྨི0.25ཡོད་པའི་ཞབས་རར་གཡུང་དྲུང10བརྐོས་ཡོད་པ་དང་ལྡེབས་ངོས་སུ་ཁྱོན་ཚིག་འབྲུ365ཡོད་པའི་ཡིག་ཕྲེང21བརྐོས་པ་ཕལ་ཆེ་བ་གསལ་པོ་ཡོད་པ་རེད། ད་དུང་ལོ་རྒྱུས་ཐོག་གལ་ཆེའི་གནས་བབ་བཟུང་བའི་རྡོ་རྐོས་གཞན་ཞིག་ནི་སྐྱིད་གྲོང་རྫོང་གི་བལ་བོད་གནའ་ལམ་གྱི་རིགས་གསུམ་མགོན་པོའི་རྡོ་རྐོས་སྐུ་བརྙན་དེ་ཡིན་ཞིང་། དེ་ནི་སྐྱིད་གྲོང་ཚོང་འདུས་ཀྱི་མཆོད་རྟེན་བརྒྱ་རྩའི་ཉེ་འགྲམ་གྱི་རྡོ་ཆེན་པོ་ཞིག་གི་ལོགས་སུ་བརྐོས་ཡོད་པ་དང་བཞེངས་སྟབས་ཀྱི་སྐུ་བརྙན་དེ་དག་གི་མཐོ་ཚད་ལ་སྨི2.2དང་ཞེང་ཚད་ལ་སྨི3ཙམ་ཡོད་པ་དང་ཞལ་བྱང་ཤར་ལ་ཕྱོགས་ཡོད། སྐུ་བརྙན་དེ་དག་གི་སྐོར་ལ་ཤོད་རྒྱུན་སྣ་ཚོགས་ཡོད་རུང་ཡོངས་གྲགས་ལྟར་ན་སློབ་དཔོན་པད་མ་འབྱུང་གནས་ཀྱིས་དུས་རབས་བདུན་པའི་དུས་དཀྱིལ་ཙམ་ལ་རྡོ་སྦྲུལ་སྲིན་མོའི་ཁ་གནོན་དུ་བཞེངས་པ་དང་བལ་བཟོའི་ལག་རྒྱུན་ཡིན་པར་གྲགས། སྐུ་བརྙན་དེ་དག་ལ་ཡ་གླིང་ལྷོ་མའི་བརྐོས་དཀྲོལ་ལག་རྩལ་གྱི་ཁྱད་ཆོས་ཟབ་མོ་ལྡན་ཡོད་པས་ལོ་རྒྱུས་དང་། ཆོས་ལུགས། གནའ་རྫས་རིག་པ། བརྐོས་དཀྲོལ་ལག་རྩལ་གྱི་འཕེལ་རིམ་སོགས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞི་རིན་ཐང་ཅན་ཞིག་ཡིན། དེ་མིན་མཚོ་སྔོན་སྦིས་མདོའི་རྡོ་རྐོས་ནི་བཟང་སྤྱོད་སྨོན་ལམ་དང་མཚོ་སྔོན་སྐྱེ་རྒུ་མདོའི་ལེབ་ཁོག་གི་རྡོ་རྐོས་ནི་ཚེ་དཔག་མེད་མདོ་དུམ་བུ་གཅིག་བརྐོས་པ་བཅས་ལས་བོད་ལ་དུས་རབས8-9པའི་ནང་དུ་སངས་རྒྱས་ཆོས་ལུགས་ཀྱི་གནས་སྟངས་དང་སྐབས་དེ་དུས་ཆོས་ལུགས་ཀྱི་གཞུང་ཅི་ཞིག་དར་ཁྱབ་བྱུང་ཡོད་མེད་སྐོར་ལ་ཞིག་འཇུག་གི་རིན་ཐང་ཆེན་པོ་ལྡན་ཡོད། ད་དུང་བཙན་པོའི་དུས་ཀྱི་རྡོ་བརྐོས་རིག་གནས་ཀྱི་མཛེས་ལྗོངས་གཞན་ཞིག་ནི་བོད་ཀྱི་ས་ཕྱོགས་གང་སར་ཁྱབ་པའི་རྡོ་རིང་གི་ཡི་གེ་དག་ཡིན་ཅིང་། དེ་དག་གི་ཁྲོད་ནས་ཀྱང་དབོན་ཞང་རྡོ་རིང་དང་། བསམ་ཡས་གཙུག་ལག་ཁང་གི་རྡོ་རིང་། སྤུ་ཧྲེང་རྡོ་རིང་། སྟོད་ལུང་མཚུར་ཕུའི་རྡོ་རིང་། དེ་བཞིན་སྐར་ཆུང་ལྷ་ཁང་དང་ཞྭ་ལྷ་ཁང་རྡོ་རིང་སོགས་ཀྱི་བཀའ་ཚིག་ཡི་གེ་དེ་དག་ནི་གསོན་པོར་གནས་པའི་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་པ་མཚོན་ལ། དོན་དངོས་དེའི་ཐོག་ནས་ཀྱང་ལོ་ངོ་སྟོང་ཕྲག་ལྷག་གི་སྔ་རོལ་དུའང་རང་རེའི་མེས་པོ་རྣམས་ནི་རིག་གནས་དང་ཚན་རིག་ལག་རྩལ་གང་ཡང་མེད་པར་ཟ་འཐུང་ཙམ་ལས་མི་ཤེས་པའི་མི་སྐད་སྨྲ་བའི་དུད་འགྲོ་ལྟ་བུ་ཞིག་མ་ཡིན་པར་ཤེས་རིག་གི་དཔལ་ཡོན་འབར་བ་ཞིག་ཡིན་ཞེས་རང་ཅག་ཕྱི་རབས་རྣམས་ལ་གསལ་པོར་སྟོན་བཞིན་ཡོད།
 
 \
                                         ▅ རྒྱལ་ཆེན་བང་སོའི་རྡོ་རིང་།
 
རྡོ་རྐོས་ཀྱི་ལག་ཆ་དང་རྡོ་རིགས།
 
   བོད་ས་མཐོའི་ཐོག་གདོད་མའི་དུས་ནས་བཟུང་རྡོ་རྐོས་རི་མོའི་སྒྱུ་རྩལ་གྱི་ཆུ་རྒྱུན་ཆད་མྱོང་མེད་པས་དེ་སྔའི་ཉི་ཟླ་དང་ཤིང་ལོའི་མཚོན་དོན་ཙམ་ནས་ད་ཆའི་གསོན་ཉམས་དོད་པའི་འཚོ་བའི་དོན་མཚོན་གྱི་རི་མོ་དང་ལྷ་སྐུ་སྣ་ཚོགས་བརྐོ་སྲོལ་བར་འཕེལ་རྒྱས་བྱུང་བ་མ་ཟད། ཞིབ་ཕྲའི་དཔེ་རིས་ཁ་ཤས་ཐད་ཕྲ་མཐོང་ཆེ་ཤེལ་སྤྱད་ནས་ཉམས་ཞིབ་བྱེད་དགོས་པའི་སྒྱུ་རྩལ་གྱི་ཆུ་ཚད་མཐོ་པོར་སླེབས་ཡོད་པ་ནི་རྡོ་རྐོ་རྒན་པོའི་ཉམས་མྱོང་དང་ལག་ཆའི་བཟང་ངན་ལ་རག་ལས་ཡོད་ཕྱིར། རྡོ་རྐོས་ལེགས་པ་ལ་ཐོག་མར་རྡོ་མགར་བྱེད་དང་། རྡར་བྱེད་དང་། གཞོག་བྱེད། རྐོ་བྱེད། འབིག་བྱེད་བཅས་བརྐོས་བཟོ་དངོས་ལ་མཁོ་བ་དང་། དེའི་གཞོགས་འདེགས་ལ་མཁོ་བའི་ཐིག་སྐུད། ཚད་ཤིང་། ཚགས་པར་རིགས་སྣ་ཚོགས་སོགས་ཏེ། ལྷ་སྐུ་དང་། གཟུགས་བརྙན་སྣ་ཚོགས་བརྐོ་སྐབས་ཐོག་མར་ཐིག་བཏབ་ནས་དབྱིབས་གཟུགས་ལེགས་པོར་བྲིས་རྗེས་གཟོང་གིས་བརྐོ་དགོས་ཤིང་། རྐོ་བྱེད་ལག་ཆས་ཀྱི་གཙོ་བོར་གཟོང་དང་ཐོ་བ་གཉིས། རྐོ་བྱེད་གཟོང་གི་རིགས་ལ། ཐོག་མར་ལྕགས་ཀྱི་རྒྱུ་གལ་ཆེ་སྟེ། ལྕགས་ཀྱི་རྒྱུ་མཁྲེགས་ཆེ་ན་ཆག་སླ་ཞིང་གཟོང་སོ་གྲུག་ཉེན་ཡོད། མཉེན་དྲགས་ན་གཟོང་ཡུ་འཁྱོག་ཉེན་དང་སོ་ཁ་འགྱུར་ཉེན་ཡོད། ངར་མེད་ན་སོ་རྡུགས་སླ་བ་ཡིན་པས། རྡོ་རྐོས་ཀྱི་གཟོང་གི་རྒྱུ་ནི་རྣོ་དབལ་ངར་གསུམ་ཅུང་ཟད་མཉེན་དང་ལྡན་ལ་ཁྱད་པར་རྡོའི་རིགས་ལ་མཆོག་ཏུ་རྣོ་བའི་གངས་ལྕགས་ཀྱི་རིགས་ལས་བཟོ་དགོས་པར་བཤད། ཐོ་བ་ལ་དབུ་ཆེན་དང་སྐུ་འདྲ་ཆེན་པོ་རིགས་བརྐོ་བར་མཁོ་བའི་ཐོ་བ་ཕྱོགས་ཆ་ལྡན་དབྱིབས་རིལ་ཞིང་ཅུང་ཆེ་ལ་ཡུ་བ་རིང་ལ་སྦོམ་ཙམ་པ། སྐུ་དང་ཡི་གེ་ཆུང་འབྲིང་བརྐོ་བའི་ཐོ་བ་ཕྱོགས་གཅིག་རིལ་ཞིང་ཕྱོགས་གཅིག་རྣོ་བ་ཡུ་བ་རིང་ཐུང་འཚམས་ཤིང་འཛིན་བདེ་བའི་ཆེ་ཆུང་སྣ་ཚོགས། གཞན་ཡང་རྡོ་སྟ་ཞེས་རྡོའི་ཟུར་སོགས་ཆེ་གཅོད་དུ་མཁོ་བའི་དབྱིབས་དགྲ་སྟ་དང་ཕྱོགས་མཚུངས་དང་། ཐོ་བ་མཆུ་ལེབ་ཅེས་ཕྱོགས་གཅིག་ཐོ་བ་སྤྱི་དང་མཚུངས་པ་ལ་ཕྱོགས་གཅིག་ཕྲེད་ལེབ་སྨྱུ་གུའི་མཆུ་དང་མཚུངས་ལ་ཅུང་ཞིག་གུག་པ། ཐོ་བ་བྱ་མཆུ་མ་ཞེས་ཕྱོགས་གཅིག་རིལ་ཞིང་རྣོ་བ་དང་། ཐོ་དབྱིབས་གྲུ་བཞི་ཟུར་བརྒྱད་སོགས་སྣ་ཚོགས་པ་མེད་དུ་མི་རུང་བ་ཞིག་ཡིན།།
 
\
 
                                                                         ▅ རྣམ་པར་སྣང་མཛད་ཀྱི་འབུར་བརྐོས་སྐུ་བརྙན།
 
   དེ་བཞིན་བརྐོ་གཞིའི་རྡོའི་རིགས་ལ། རྡོ་ཀ་མ་རུ་དཀར་པོ། ཆུ་རྡོ་དང་དུར་ཁྲོད་ཀྱི་རྡོ་ཞེས་གྲགས་པའི་རྡོ་ནག  སྤང་རྡོ་ཕྱི་སོབ་ཅིང་རྡོ་སྙིང་སྲ་བའི་སེར་པོ། གཡའ་རྡོ་སྔོན་པོ་རིམ་པ་གོག་སླ་བ་དེ་མ་ཡིན་པ། བྲག་ལ་རིམ་བཞིན་བཀོག་ཆོག་ཏུ་ཡོད་པའི་རྡོ་སོབ་སྐྱ་བོ་བཅས་གཙོ་བོ་ལ། དེ་མིན་ཆུ་རྡོ་དང་རྫ་རྡོ། འདྲེ་རྡོ་སོགས་རྡོ་སྲ་མཁྲེགས་ཅན་གྱི་རིགས་བརྐོས་པ་ཉུང་ཙམ་དང་། པདྨ་ར་ག་དང་གཡང་ཊི། གཡུ་སོགས་རིན་ཆེན་རིགས་ཀྱི་རྡོ་ལ་བརྐོ་བའང་ཡོད་དོ། །
 
   རྡོ་སྲ་མཁྲེགས་ཅན་དང་གྲུག་སླ་བའི་རྡོ་རིགས་ལ་ཡི་གེ་དང་རི་མོ་བརྐོ་ན། རྡོ་དེ་ས་རླན་ཅན་གྱི་དོང་དུ་རླན་ཕབ་ནས་བཞག་པའམ། སྟབས་མ་བདེ་ན་རྩ་དང་ཤིང་ལོ་རླན་དང་བཅས་པས་ཡུན་དུ་བཀབ་ནས་རྡོ་སྙིང་དང་བཅས་བངས་པ་བྱས་ཏེ་བརྐོ་བ་ནི་རྡོ་མཉེན་འབོལ་སྣ་རིང་འབྱུང་བའི་མན་ངག་གོ །
 
རྡོ་རྐོས་ཀྱི་ཡིག་གཟུགས།
 
   རྡོ་རྐོས་ཀྱི་ཡིག་གཟུགས་ཐད་ལ་ཝ་མ་ཞེས་ཡིག་འབྲུ་ཀོང་ཀོང་དུ་བརྐོ་བ་དང་འབུར་མ་ཞེས་སྟེང་འོག་གཡས་གཡོན་ནས་དྲུས་ཏེ་ཡིག་འབྲུ་འབུར་དུ་ཐོན་པ་དང་ཝ་འབུར་ཁ་སྤྲོད་ཅེས་རྒྱབ་མདུན་དང་དཀྱིལ་ནས་དྲུས་ཏེ་ཡི་གེ་གཉིས་གཤིབ་འབུར་ཐོན་འབྲི་སྲོལ་ཡོད། སྔོན་མའི་རྡོ་རིང་དང་བྲག་རྐོས་ཕལ་ཆེར་ཡིག་འབྲུ་ཝ་མ་དང་སྐུ་བརྙན་ཕལ་ཆེར་འབུར་མ་མང་བ་འདུག །
 
 
\
                                                                               ▅ མཆིམས་ཕུ་ཡི་བྲག་རྐོས་རི་མོ།
 
རྡོ་བརྐོས་ཀྱི་དབྱེ་བ།
 
   དེ་ལྟར་བོད་དུ་རྡོ་བརྐོས་ཀྱི་ལག་རྩལ་དར་སྔ་ཞིང་ཆོས་རྒྱལ་གོང་མ་རྣམས་ཀྱིས་བསྐུལ་མ་ལ་བརྟེན་ནས་སྔར་ཡོད་བཟོ་རྩལ་གྱི་རྨང་གཞིའི་སྟེང་གོང་དུ་སྤེལ་བ་དང་། རྒྱ་ནག་དང་བལ་པོ་སོགས་ནས་ལག་ཤེས་བཟོ་བ་བཀུག་སྟེ་ཆེད་མངགས་བརྐོས་ལ་སོགས་ལག་རྩལ་བསླབ་ཏུ་བཅུག་པ་དང་། རང་རེའི་མེས་པོ་རྣམས་ཀྱིས་རྣམ་དཔྱོད་དང་བརྩོན་འགྲུས་ལ་བརྟེན་ནས་བརྐོས་བཟོ་སྤྱི་དང་ཁྱད་པར་རྡོ་རྐོས་ཀྱི་ལག་རྩལ་འཕེལ་རྒྱས་མི་དམན་པ་ཞིག་བྱུང་ཡོད་ཕྱིར། བོད་ཀྱི་རྡོ་རྐོས་ལ་འབུར་མ་དང་། གཤོང་མ། འོབས་འབུར་མ། གཙག་མ། ལེབ་མ། འབྲུ་མ་དྲུག་བྱུང་བར་བཤད་ལ།
 
དང་པོ། འབུར་མ་བརྐོ་བ་ནི།
   འབུར་མ་ལ་ཡོངས་འབུར་དང་ཕྱེད་འབུར་གཉིས་ཏེ། ཡོངས་འབུར་ནི་བླུགས་སྐུ་ལྟ་བུ་མདུན་རྒྱབ་ཐམས་ཅད་འབུར་དུ་ཐོན་པར་བྱེད་པ་དང་། ཕྱེད་འབུར་ནི་མདུན་འབུར་བ་ལས་རྒྱབ་ལེབ་མོ་བྱེད་པ་དེ་ཡིན། ཡོངས་འབུར་ནི་སྐུ་གཟུགས་དང་མཆོད་རྟེན་ཙམ་ཡིན་ལ་བོད་ཀྱི་ལག་ཤེས་ལས་བཞེངས་པའི་རྡོའི་ཡོངས་འབུར་གྱི་བརྐོས་མ་འབོར་ཆེན་མེད་མོད། ཕྱེད་འབུར་གྱི་གཙོ་བོར་མ་ཎི་དབུ་ཆེན་དང་ཡི་གེ་བརྒྱ་བ། བཀའ་འགྱུར་གྱི་དབུ་ལྡེབ་སོགས་ཡིན་ལ། བརྐོ་ཐབས་ལ་ཐོག་མར་རྡོ་རྐོས་སྤྱི་དང་འདྲ་བར་བརྐོ་གཞི་རྡོའི་དབྱིབས་དང་ངོས་ལེགས་པར་བཅོས་པའི་སྟེང་ཐིག་དང་རི་མོ་ལེགས་པར་བཀོད། དེ་ནས་སྐུ་གཟུགས་དང་ཡི་གེ་གང་ཡིན་པ་དེའི་སྟོང་ཆ་ཟབ་ཏུ་བརྐོ། སྟོང་ཆ་ཇི་ཙམ་ཟབ་ཏུ་བརྐོ་ཐུབ་ན་འབུར་ཆ་དེ་ཙམ་དུ་འབུར་དུ་ཐོན་པ་ཡིན་པས་ཟབ་ཏུ་བརྐོ་བ་གཅེས་ལ། ཡི་གེ་འབུར་མ་ཡིན་ན་འབུར་ཆའི་ངོས་སྙོམ་ལ་འཇམ་པོ་བྱ་ཐུབ་པས་ཆོག་མོད། སྐུ་གཟུགས་རིགས་ནི་སླར་ཡང་སྐུ་དང་རྒྱན་གོས་གཙོས་པའི་བཀོད་པ་ཐམས་ཅད་ཕྱེད་འབུར་གྱི་འགྲོས་དང་མཐུན་པར་བརྐོས་པའི་ཐོག་གཞོག་བརྡར་ལེགས་པར་ཐུབ་དགོས།
 
 
\
                                                                              ▅ ལེགས་པ་ལུང་པའི་སྐུ་རྟེན་བྲག་བརྐོས་སྐུ་བརྙན།
 
གཉིས་པ། གཤོང་མ་བརྐོ་བ་ནི།
   དེའང་བརྐོ་བྱ་ཡིག་དྲུག་དབུ་ཆེན་དང་། རྡོ་རིང་། གཟུངས་སྔགས་ཉུང་བསྡུས་སོགས་སྤུས་ཟབ་ཏུ་བརྐོ་བ་སྟེ། བརྐོ་གཞི་ལེགས་བཅོས། ངོས་བརྡར་དང་ཐིག་རིང་ཐམས་ཅད་གོང་གི་འབུར་མའི་རྐོ་ཐབས་ལས་བཤད་ཟིན་པ་དང་ཕྱོགས་མཚུངས་ལ། གཤོང་འབུར་བརྐོ་བའི་ཁྱད་པར་གཙོ་བོར། འབུར་མ་ནི་ཡིག་འབྲུ་དངོས་འབུར་དུ་ཐོན་པ་དང་། གཤོང་མ་ནི་དེ་ལས་ལྡོག་སྟེ་སྟོང་ཆ་འབུར་ཞིང་ཡིག་འབྲུ་དངོས་ཟབས་སུ་ཕབ་པ་དེ་ཡིན། དེ་ལའང་བརྐོ་སྟངས་གཉིས་ཡོད་དེ། ཡི་གེ་སྨྱུག་རིས་ཀྱི་ཕྱོགས་གཉིས་ནས་ནང་ཕྱོགས་ནས་ཟབས་སུ་བརྐོས་ཐོག་ནང་འཇམ་པོར་བརྡར་ནས་ནང་ངོས་འོབས་ལ་སྙོམ་པ་ཡི་གེ་དངོས་ཟབས་སུ་བརྐོས་པའི་དབྱིབས་ལེབ་མོར་གྱུར་བ་དང་།
 
   སྨྱུག་རིས་ཀྱི་ཕྱོགས་གཉིས་ནས་ནང་ཕྱོགས་སུ་ཇེ་ཟབ་ཇེ་ཟབ་ཏུ་བརྐོས་པས་དབུས་ཟབ་ཅིང་སྨྱུག་རིས་ཀྱི་མཐའ་གཉིས་རིམ་བཞིན་གཡེལ་བར་གྱུར་བ་གཉིས་ཏེ། སྔ་མ་དེ་ཡིག་འབྲུ་ཆེ་ཞིང་ཉུང་བའི་རིགས་འཚམས་ཤིང་། ཕྱི་མ་དེ་ཡིག་འབྲུ་འབྲིང་བོ་སྤུས་ལེགས་རྡོ་རིང་གི་ཡི་གེ་ལྟ་བུ་ལ་འཚམས་ཤིང་ཡུན་དུ་གནས་པའི་ཁྱད་ཆོས་ཡོད་དོ། །
 
གསུམ་པ། འོབས་འབུར་ཁ་སྤྲོད་བརྐོ་བ་ནི།
    བརྐོ་གཞི་རྡོ་སོགས་བཅོས་བརྡར་གོང་ལྟར་ལ། བརྐོ་བྱ་ཡིག་དྲུག་སོགས་དབུ་ཆེན་དང་ཡིག་འབྲུ་ཉུང་ལ་ཆེ་བའི་རིགས་ལས་གཞན་ལ་བྱ་དཀའ་སྟེ། བརྐོ་ཐབས་སྨྱུག་རིས་ཀྱི་ཡས་མཐའ་མས་མཐའ་གཉིས་ནས་དཀར་བཅད་སུམ་མདངས་ཀྱི་བཅད་རིས་དང་མཚུངས་པའི་རི་མོ་སྦོམ་ལ་སྙོམ་པ་ཞིག་བརྐོས་ཐོག་དཀྱིལ་འབུར་དུ་ཐོན་པ་བྱེད་པ་དང་། ཡང་ན། གོང་སྨོས་འབུར་བརྐོའི་ཐབས་ལྟར་ཐོག་མར་སྟོང་ཆ་ཟབ་ཙམ་བརྐོ། དེ་ནས་ཡིག་འབྲུ་སྨྱུག་རིས་ནས་ཕྱོགས་ནས་ཕྱོགས་གཉིས་སུ་བཅད་རིས་སྦོམ་པོ་ལྟ་བུ་ཞིག་བཞག་ཐོག་དེའི་ནང་ཕྱོགས་ཟབ་ཏུ་བརྐོ་བ་བཅས་རིགས་གཉིས་ཡོད་ལ། གང་ལྟར་ཡང་ཡིག་འབྲུ་རེ་ལ་གཤོང་འབུར་གསུམ་རེ་འགྲོ་དགོས་པས། དཀའ་ཚེགས་ཧ་ཅང་ཆེ་ལ་དེ་བཞིན་སྒྱུ་རྩལ་གྱི་རིན་ཐང་ཡང་ཡོད་དོ། །
\
                                                                                      ▅ རྡོ་རྐོས་ཆོས་བརྩིགས་དང་མ་ཎི་དབུ་ཆེན།
 
   སྔོན་གྱི་རྡོ་རྐོས་མཁས་པས་འོབས་འབུར་ཁ་སྤྲོད་ཀྱི་དབུ་ཆེན་ཡི་གེ་དྲུག་མ་དང་། བཀའ་འགྱུར་གྱི་དབུ་ལྡེབ་རྒྱ་གར་སྐད་དུ་སོགས་ལ་སྟེང་དུ་དྲ་བ་དྲ་ཕྱེད་དང་། མཚམས་སུ་བཀྲ་ཤིས་པའི་རི་མོ། མ་དང་ཎ་ཨ་སོགས་མིག་དང་ཁུག་ལ་མེ་ཏོག་བརྐོས་པའི་སྒྱུ་རྩལ་གྱི་ཕུད་དང་བསོད་ནམས་ཀྱི་དཔལ་གྱིས་ཕྱུག་པའི་རྐོས་རྡོ་སྤུས་ལེགས་ཀྱང་མཇལ་དུ་ཡོད་དོ། །
 
བཞི་བ། བཙགས་མའམ་གཙག་མ་བརྐོ་བ་ནི།
    བརྐོ་གཞི་རྡོ་ལེབ་དང་རྡོ་རིལ་གང་རུང་གི་ངོས་ལེགས་པར་བརྡར་བའི་སྟེང་བཙགས་སྨུག་ལེབ་བྱུག་བྱས་པའི་སྟེང་ནས་ཡི་གེ་དང་རི་མོ་གང་རུང་བརྐོས་པས་བརྐོ་གཞི་དམར་སྨུག་ལ་ཡི་གེ་དང་རི་མོ་དཀར་པོ་འབྱུང་བས་མཛེས་ཁྱད་ཡོད་པ་དང་། བཙགས་སྨུག་དེ་ས་རྡོའི་རིགས་ཏེ་མདོག་མི་འགྱུར་ཡུན་དུ་གནས་པའི་ཁྱད་ཆོས་ཅན་ཏེ། གཙག་མ་ནི་དབུ་ཆེན་རིགས་ལ་བྱ་སྟེ། ཡིག་འབྲུ་གཙགས་སྨུག་རང་མདངས་ཅན་ལ་མཐའ་ནས་འབུར་མ་བརྐོ་ཐབས་ཀྱིས་འབུར་དུ་བརྐོས་ཐོག་ཡི་གེའི་མིག་དང་ཁུག་བར་སྟོང་། མཐའ་ཐམས་ཅད་ཐོ་གཟོང་གིས་བཙག་པས་སྦལ་རྒྱབ་མ་བྱས་པས་གྲུབ་ལ། བརྐོ་གཞིའི་རྡོ་ལ་བཙགས་སྨུག་བྱུག་པས་རྒྱུའི་སྒོ་ནས་བཙགས་མ་དང་། བར་སྟོང་ཐོ་གཟོང་གིས་གཙག་པས་གཙག་ཞེས་འདོད་དེ། གང་ལྟར་ཡང་རྡོ་རྐོས་ཀྱི་ལག་ལེན་འདི་བྱ་སླ་ཞིང་བཀྲག་མདངས་ཁྱད་ཆོས་ཡོད་པས་རྐོ་མཁན་མང་བ་དང་། གཞི་བཙགས་སྨུག་ལ་ཡིག་དྲུག་གི་ཡིག་འབྲུ་གཞུང་བསྟུན་ཚོན་ཁྲ་བྱས་པའང་ཡོད་དོ། །
 
ལྔ་བ། ཚེག་མ་བརྐོ་བ་ནི།
   བོད་གངས་ཅན་དུ་མ་ཎི་རྡོ་དུང་དུ་གྲགས་པ་དང་། བཀའ་འགྱུར་རྡོ་བརྐོས་མ་སོགས་ཀྱི་རྡོ་འབུམ་རྒྱ་ཆེ་བ་གང་བཞུགས་པ་ཐམས་ཅད་རྐོས་བཟོ་འདི་ལས་བྱུང་བ་ཡིན་ལ། སྤྱིར་བརྐོ་བྱ་ཆེ་ཕྱིར་དབུ་ཆེན་དང་སྐུ་གཟུགས་རིགས་བརྐོ་བའི་གཞི་དང་འདྲ་བར་རྡོའི་དབྱིབས་བཅོས་དང་ངོས་བརྡར་མི་གཏུབ་ལ། རྡོའི་རང་བཞིན་རང་སོར་བཞག་ཐོག་ཡིག་འབྲུ་ཆེ་ཆུང་གང་འདོད་ལྟར་གཟོང་ཁ་ཆེ་ཆུང་གིས་བྱ་ལ། གཟོང་ཁ་སྐོར་སྟངས་མཁས་ཤིང་བྱང་བ་ནི་ཚེག་མ་བརྐོ་ལེགས་པའི་གནད་ཀྱི་དམ་པ་སྟེ། དེའི་གོ་རིམ་ནི། ཐོག་མར་མགོ་ཚག་ལེན། དེ་རྗེས་དཔུང་བ་སྐོར། དེ་ནས་བར་ཆོད་སྐོར། དེ་ནས་སྦོ་མཉེན་དང་རྐང་བ་བརྐོ། ཐ་མར་འདོགས་དང་དབྱངས་སོགས་ཡི་གེ་བཀླག་ཐབས་ཀྱི་རིམ་པ་བཞིན་བརྐོ་དགོས།
 
   ཚེག་མ་བརྐོ་བའི་ཁྱད་ཆོས་ལ། ཐོག་མར་མགོ་ཚག་རྐོ་བར་མགོ་ཚག་ཉིས་ལེན་དགོས་པ་ནི། ཡིག་མགོ་རྐོ་བར་གཡོན་ནས་གཡས་དང་གཡས་ནས་གཡོན་དུ་གཟོང་ཁ་ཐེངས་གཉིས་ཕན་ཚུན་བསྣོལ་ནས་བརྐོ་དགོས་ལ། དེ་ལ་ཡིག་འབྲུ་གཏིང་ཟབ་པ་དང་ཡིག་གཟུགས་ལེགས་པའི་དགོས་པ་ཡོད་དོ། རྡོ་བརྐོའི་ལག་རྒྱུན་འདི་དག་གི་ཐོག་ནས་རང་རེའི་མེས་པོ་ཚོས་དུས་སྐབས་དེའི་བྱ་བ་དང་དངོས་པོའི་གནས་ཚུལ་རྣམས་ཀྱི་ལོ་རྒྱུས་ཡི་གེར་བརྐོས་ནས་མི་རབས་རྗེས་མ་ཚོར་བརྒྱུད་སྤྲོད་གསལ་བཤད་བྱེད་ཆེད་བཞག་པའི་མཛད་རྗེས་ཤིག་ཡིན་ཁར་ལག་རྩལ་དེ་དག་ནི་ཡུན་རིང་གནས་ཐུབ་པའི་ཕུལ་བྱུང་གི་བཟོ་སྐྲུན་དངོས་པོ་དེ་ཆབ་སྲིད་དང་། ཆོས་ལུགས་ཐོག་སྤྱོད་ཆོག་པ་ཙམ་མ་ཟད། འཛུགས་སྐྲུན་དང་མཛེས་ཆས། སྤྱོད་ཆས་སོགས་ལའང་བེད་སྤྱོད་ཆོག་པ་ཞིག་རེད།
 
   མདོར་ན། རྡོ་བརྐོས་ནི་བོད་ལ་མཚོན་ན་སྔོན་ཆད་ནས་དར་ཆ་ཆེ་བའི་ལག་ཤེས་བཟོ་ལས་དང་རིག་གནས་རྒྱུད་འཛིན་གྱི་ཐབས་ལམ་མཆོག་ཏུ་གྱུར་བ་ཞིག་ཡིན་ལ། ལོ་རྒྱུས་ཀྱི་ཡུན་རིང་ཞིང་གཞི་ཁྱོན་རྒྱ་ཆེ་ལ་རྣམ་གྲངས་ཕུན་སུམ་ཚོགས་ཤིང་། མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་ཞིང་སྒྱུ་རྩལ་དང་བཟོ་བཀོད་ཀྱི་རིན་ཐང་བླ་ན་མེད་པས། སྐབས་ཐོག་དེ་དག་གི་བོད་ཀྱི་སྤྱི་ཚོགས་ཀྱི་གནས་སྟངས་དང་། ཆབ་སྲིད་དང་དཔལ་འབྱོར། དམག་དོན་དང་ཁྲིམས་ལུགས། ཐོན་སྐྱེད་ནུས་ཤུགས་དང་རིག་གནས་དར་ཚུལ། དེ་བཞིན་བོད་ཀྱི་ཡུལ་གོམས་གཤིས་ལུགས་ལ་སོགས་ཕྱོགས་གང་ཅིར་ཞིབ་འཇུག་བྱ་རྒྱུར་ཉེ་ཞིང་མཁོ་བའི་དཔྱད་གཞི་རིན་བྲལ་བཤའ་མ་ཞིག་བཞག་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་རོ། །
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།