༄༅།། མངའ་རིས་གུ་གེའི་ཤོན། - གུས་ལུགས། - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > དམངས་སྲོལ། > གུས་ལུགས། >
༄༅།། མངའ་རིས་གུ་གེའི་ཤོན།
དུས་ཚོད།2020-10-10 09:43:37     རྩོམ་གྱི་ཡོང་ཁུངས།མཚོ་སྔོན་པོའི་དྲ་བ།    ཆུང་། | འབྲིང་། | ཆེ།
    ཤོན་ནི་གནའ་བོའི་ཞང་ཞུང་ཤེས་རིག་ལ་ཁུངས་གཏུགས་ཆོག་པ་ཞིག་ཡིན་ཞིང་། ཕྱིས་སུ་གུ་གེ་རྒྱལ་རབས་སྐབས་འཕེལ་རྒྱས་བཏང་ནས་ད་ལྟའི་བར་དར་ཁྱབ་བྱུང་ཡོད་པས། དེར་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཀྱང་ལྡན་ཡོད། དེའང་གུ་གེའི་གནའ་ཤུལ་གྱི་ལྷ་ཁང་དམར་པོའི་ལྡེབས་རིས་ཁྲོད་དུ་གསལ་པོར་འཁོད་ཡོད་ཅིང་། ལྡེབས་རིས་ཀྱི་སྒྲུང་གཏམ་ལྟར་ན། གུ་གེ་རྒྱལ་པོས་ཇོ་བོ་རྗེ་གདན་ཞུའི་སྐབས་རྒྱ་ཆེ་བའི་གུས་སྲོལ་མཛད་སྒོ་སྤེལ་བ་དང་། དེའི་ནང་མཛེས་ཤིང་ལྟ་ན་སྡུག་པའི་ཤོན་ཆས་གྱོན་པའི་བུ་མོ་འཁྲབ་སྟོན་པ་བཅུས་ཤོན་འཁྲབ་ཅེས་འཁོད་འདུག ལོ་རྒྱུས་དེབ་ཐེར་ནང་གསལ་བར་གཞིགས་ན། སྤྱི་ལོ༡༠༤༢ལོར་མཐོ་ལྡིང་དགོན་པས་ཤོན་གྱི་ཆོ་ག་ཞབས་བྲོར་བྱས་ཏེ། ཇོ་བོ་རྗེ་གདན་ཞུའི་གུས་སྲོལ་མཛད་སྒོའི་ཐོག་ཏུ་འཁྲབ་སྟོན་བྱས་པ་རེད།
    གུ་གེའི་ཤོན་ལ་ཤོན་ཆེན་བཅུ་གསུམ་ཙམ་ཡོད་དེ། ཤོན་གྱིས་གུས་སྲོལ་མཛད་སྒོར་དུས་ཚོད་དང་ས་གནས། ཞབས་བྲོ་བ། གྱོན་ཆས་དང་བཅས་པ་དམིགས་བསལ་གྱིས་གཏན་འཁེལ་བྱས་པ་བཞིན་འཁྲབ་སྟོན་བྱེད་པ་དང་། ཤོན་རིགས་བཅུ་གསུམ་ནི་དམངས་ཁྲོད་དུ་འཁྲབ་སྟོན་བྱེད་པ་ཞིག་མིན། འོན་ཏེ་ཤོན་ཆེན་བཅུ་གསུམ་ལས་མཆེད་པའི་ཤོན་དེང་རྩ་མདའ་རྫོང་ཁོངས་ཀྱི་ཏི་གཡག མཚོ་རུ་གསུམ་རྒྱས། ཟག་རང་ལ་སོགས་པའི་ས་ཆར་འཁྲབ་སྟངས་སྣ་ཚོགས་སུ་དར་ཞིང་། ཞབས་བྲོ་བས་ཤོན་ཆས་གྱོན་གྱི་ཡོད། སྐྱེས་པ་ཚོས་རྔ་འཁྱེར་ཏེ་གཞས་སྣ་འཁྲིད་པ་དང་། བུད་མེད་ཚོས་དཔུང་པ་མཉམ་གཤིབ་ཀྱིས་ཤོན་གྱི་གར་འགྲོས་ལྟར་རྐང་བྲོ་གླུ་གཞས་འཁྲབ་ལེན་བྱེད། དེའང་གཞས་ཀྱི་རྣམ་པ་ཐོག་མར་དལ་ཞིང་། འཁྲུག་ཆ་དོད་པའི་ཞབས་བྲོའི་དབྱངས་རྟ་བཞིན་འཁྲབ་སྟོན་བྱེད་པ་ཡིན། གཞས་ཚིག་གི་ནང་དོན་ཕུན་སུམ་ཚོགས་ལ་དབྱངས་རྟའི་ཉམས་དང་ལྡན་པས། ད་ལྟ་མི་ཚོས་གུ་གེའི་ཤོན་ཆེན་བཅུ་གསུམ་དང་དམངས་ཁྲོད་ཤོན་གྱི་སྤྱི་མིང་ལ་གུ་གེའི་ཤོན་ཞེས་འབོད་དོ།
    ཤོན་ནི་བོད་རིག་པའི་མཁས་ཅན་བློ་བཟང་རྡོ་རྗེས་ཁུངས་འཚོལ་ར་སྤྲོད་བྱས་པ་ལྟར་དེ་ནི་ཞང་ཞུང་གི་སྐད་ཡིན་པ་དང་། གླུ་གར་ཞེས་པའི་དོན་ཡིན་པར་གསུངས། དེའང་བོད་ཀྱི་གནའ་བོའི་བུད་མེད་ཀྱི་གླུ་གར་ཞིག་ཀྱང་ཡིན། དེར་ཡུན་རིང་གི་ལོ་རྒྱུས་དང་། ངོ་མཚར་ཆེ་བའི་འཁྲབ་ཆས། སྙན་འཇེབས་ཡིད་དབང་འཕྲོག་པའི་གླུ་སྒྲ། མགྱོགས་དལ་རན་པའི་གར་འགྲོས་དང་ལྡན་ཞིང་། ཕལ་ཆེ་བ་མང་ཚོགས་རང་བཞིན་གྱི་བྱེད་སྒོ་དང་། ཆོས་ལུགས་མཛད་སྒོར་འཁྲབ་སྟོན་བྱེད་ཀྱི་ཡོད། རྒྱུན་དུ་རང་དགར་རོལ་མྱོང་བྱེད་མི་ཐུབ་ཀྱང་དེ་ནི་མངའ་རིས་མང་ཚོགས་ཚོས་དགའ་བསུ་ཚད་མེད་ཐོབ་པའི་གླུ་གར་གྱི་ཡ་གྱལ་ཞིག་ཡིན། ལོ་ལྟར་ལོ་གསར་གཏོང་སྐབས་ཁོང་ཚོ་ལྷན་འཛོམས་ཀྱིས་སྙན་ཞིང་འཇེབས་པའི་གླུ་སྒྲ་དང་། གཟབ་བརླིང་ལྡན་པའི་གར་འགྲོས་ཀྱིས་མ་འོངས་འཚོ་བའི་བདེ་སྐྱིད་ལ་རེ་སྨོན་བྱེད་པའང་མཚོན་ནོ།
    བློ་བཟང་རྡོ་རྗེས་ངོ་སྤྲོད་གནང་བར་དཔགས་ན། གནའ་བོའི་ཆོས་ལུགས་ཀྱི་ཞབས་བྲོ་སྟེ་འཆམ་ལའང་ཤོན་ཞེས་འབོད་ཅིང་། ཤོན་ནི་ཞབས་བྲོའི་དོན་ཡིན། དེར་འབག་ཤོན་དང་ཨར་ཤོན་གཉིས་སུ་ཕྱེ་ཞིང་། འབག་ཤོན་ལ་འབག་བྲོ་ཟེར་བ་དང་། ཨར་ཤོན་ལ་རྔ་བྲོ་ཟེར་བ་ཡིན་ཡང་སྤྱི་མིང་དུ་འཆམ་ཞེས་འབོད་དོ།
    ཤོན་ནི་མངའ་རིས་ས་ཁུལ་གྱི་རྩ་མདའ་དང་། སྤུ་ཧྲེང་། རུ་ཐོག སྒར་རྫོང་སོགས་སུ་དར་ཁྱབ་བྱུང་ཞིང་། ས་ཁུལ་དེའི་རྫོང་ཁག་གི་ས་ཁམས་ཁོར་ཡུག་དང་། ཡུལ་སྲོལ་གོམས་གཤིས། རིག་གནས་ཀྱི་བྱང་ཚད་བཅས་མི་འདྲ་བས། ཤོན་གྱི་འཁྲབ་སྟངས་དང་ཁྱད་ཆོས་མི་འདྲ་ལ་འབོད་ཚུལ་ཡང་མི་འདྲ་བར་སྣང་། རྒྱུ་མཚན་དེའི་དབང་གིས་ཤོན་དང་གར་ཞེས་པ་སྤྱིར་གར་སྟེགས་གཅིག་ཐོག་ཏུ་འཁྲབ་པར་བརྟེན། སྤུ་ཧྲེང་རྫོང་གིས་གར་ཤོན་ཞེས་གར་དང་ཤོན་ཟེར་བ་ཡིན། རྩ་མདའ་རྫོང་གིས་གར་མ་ཤོན་ཞེས་གར་མིན་ལ་ཤོན་ཡང་མིན་པས་ཕན་ཚུན་མཉམ་བསྲེས་བྱས་པའི་རྣམ་པ་ཞིག་ཡིན་མོད། འོན་ཀྱང་འདིར་གར་དང་ཤོན་ཞེས་པའི་དོན་ཡིན། རུ་ཐོག་རྫོང་གིས་ཡ་པ་ཡ་མ་ཞེས་ཤོན་བྲོ་བ་ཕོ་མོ་ལ་ཟེར་བ་ཡིན་ནོ།
    དམངས་ཁྲོད་དུ་ལོ་ལྟར་ལོ་གསར་སྐབས་སུ་ཤོན་དང་གར་མཉམ་དུ་འཁྲབ་སྟོན་བྱེད་པ་ཡིན་ཏེ། སྔོན་ལ་གར་འཁྲབ་པ་དང་དེ་རྗེས་ཤོན་འཁྲབ་པ། མཐའ་མར་གར་དང་ཤོན་གཉིས་མཉམ་དུ་འཁྲབ་པ་དེས་བཀྲ་ཤིས་པའི་ངང་ནས་མཇུག་བསྡུ་བ་མཚོན་པར་བྱས་སོ། གཞན་ཡང་ཆོས་ལུགས་ཆོ་གའི་སྐབས། ཆོས་ལུགས་ཞབས་བྲོ་སྟེ་འཆམ་གྱི་ནང་དུ་མཉམ་བསྲེས་ཀྱིས་འཁྲབ་སྟོན་བྱེད་ཅིང་། དེར་ཉམས་འགྱུར་ཁ་སྣོན་བྱེད་ཆོག་ལ་འཆམ་འཁྲབ་སྐབས་ལྟད་མོ་ཆེ་ཙམ་ཡོད། འོན་ཀྱང་གཙོ་བོར་མི་རྣམས་ཀྱིས་བཀྲ་ཤིས་པ་དང་ལྷག་བསམ་དག་པ་མཚོན་པར་བྱེད་པ་དེའོ།
    ཤོན་དེ་མངའ་རིས་ས་ཁུལ་རྩ་མདའ་རྫོང་ཏི་གཡག་ཁུལ་ནས་དར་འཕེལ་བྱུང་ལ། དེར་ཡུན་རིང་གི་ལོ་རྒྱུས་ཀྱང་ལྡན་ཡོད། སྨན་རིའི་བསྟན་འཛིན་རྣམ་དག་གིས་བརྩམས་གནང་བའི《ཞང་ཞུང་སྲིད་པའི་གྲེ་འགྱུར》ཞེས་པའི་བོད་ཡིག་དཔེ་ཆའི་ལྡེབ་གྲངས༡༧༥ནང་དུ། མི་ཚོས་སྟོན་པ་གཤེན་རབ་མི་བོ་ཆེ་གདན་ཞུའི་སྐབས་ཤོན་འཁྲབ་པ་ཡིན་ཞེས་གསལ་ལོ། ང་ཚོས་ཤེས་གསལ་ལྟར་ན་ཤོན་དེར་ལོ་ངོ་སྟོང་ཕྲག་གསུམ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་ནི་ཀུན་གྱི་དོགས་པའི་གནས་ལས་འདས་ཤིང་། ཕྱིས་སུ་རིམ་བཞིན་རྩ་མདའ་རྫོང་ལ་སོགས་པའི་རྫོང་ཁག་ཏུ་དར་ཁྱབ་ཕྱིན་ཡོད། སྤྱི་ལོའི་དུས་རབས་བཅུ་པ་ཙམ་ལ་མངའ་རིས་ཞང་ཞུང་ཁུལ་དུ་མཐོ་བོད་བཙན་པོའི་རྒྱུད་པ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་གུ་གེ་རྒྱལ་རབས་བཙུགས་པ་རེད། ༡༠༣༠ལོའི་ཡས་མས་སུ་གུ་གེ་རྒྱལ་པོ་བྱང་ཆུབ་འོད་ཀྱིས་ཡེ་ཤེས་འོད་ཀྱིས་བཀའ་མངགས་ལྟར་གསེར་གྱི་རྫོང་བ་རྒྱ་ཆེར་བསྐུར་ནས་རྒྱ་གར་ནས་ཆོས་གདན་དྲངས་བར་བཏང་ངོ་། དེ་ནས་ལོ་ཆེན་རིན་ཆེན་བཟང་པོ་ལ་སོགས་གཞོན་ནུ་ཉི་ཤུ་རྩ་གཅིག་ ཅ་ས་མི་ལོ་སྟེ་དེང་གི་ཁ་ས་མིར་མངགས་ཏེ། ས་དེ་གའི་སྐད་དང་ཡི་གེ དེ་བཞིན་ཆོས་ལུགས་སྔགས་གཞུང་གི་ཁྲིད་རྒྱུན་ལ་སོགས་སློབ་སྦྱོང་ཡང་བྱས་ཡོད། ལོ་རྒྱུས་ཡིག་ཆ་ལྟར་ན། ལོ་ཆེན་རིན་ཆེན་བཟང་པོས་སྐུ་ཚེ་ཧྲིལ་པོར་སྡེ་སྣོད་གསུམ་ལ་སོགས་པའི་གཞུང་ཤིན་ཏུ་མང་པོར་བསྒྱུར་བས། རིན་ཆེན་བཟང་པོ་ཐོ་རེངས་སྐར་ཆེན་འདྲ་ཞེས་གསུངས་པ་ལྟར་ལམ་ཚད་རྡོ་རིང་ལྟ་བུ་ཞིག་ཏུ་གྱུར་ཡོད་ཅིང་། ལྷག་དོན་དུ་དམངས་ཁྲོད་ཞབས་བྲོ་འཕེལ་རྒྱས་བཏང་ཡོད་པ་མ་ཟད། ཞབས་བྲོའི་རྣམ་པ་གསར་པ་ཞིག་ཀྱང་མངོན་པར་བྱས་ཡོད། མངའ་རིས་མཐོ་ལྡིང་དགོན་པའི་ལྷ་ཁང་དམར་པོའི་ལྡེབས་རིས་ཡི་གེའི་ཁྲོད་དུ་སྤྱི་ལོ་༡༠༤༢ལོར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་ཕེབས་པ་དང་། སྐབས་དེ་དུས་བླ་མ་བྱང་ཆུབ་འོད་ཀྱིས་རྒྱ་ཆེའི་བསུ་མི་སྒྲིག་འཛུགས་བྱས་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤར་གདན་ཞུ་གཟབ་རྒྱས་གནང་ཞིང་། གོས་དཀར་གྱིས་བརྒྱན་པའི་རྟ་པ་གསུམ་བརྒྱའི་ལག་ཏུ་གདུགས་དང་། རྒྱལ་མཚན་ལ་སོགས་པ་བསྣམས་ཤིང་དར་གོས་ལྷབ་ལྷུབ་ཏུ་གཡོ་བཞིན་པ་བསུ་བ་མཛད། ཕེབས་ལམ་གྱི་གཡས་གཡོན་དུ་གཞོན་ནུ་ཕོ་མོས་གཟབ་མཆོར་རྒྱས་པར་སྤྲས་ཏེ་ཤོན་འཁྲབ་པ་དང་། གྲྭ་བཙུན་ཚོས་རྒྱལ་པོར་ཆེད་སྤྱོད་ཀྱི་དུང་མདའ་རྒྱ་གླིང་གཏོང་བཞིན་བསུ་བ་མཛད་པ་མ་ཟད། མངའ་རིས་གུ་གེའི་གནའ་ཤུལ་དུ་ཡོད་པའི་ལྷ་ཁང་དམར་པོའི་ལྡེབས་རིས་ལས་གསོན་ཉམས་དོད་པའི་སྐབས་དེའི་ཤོན་གྱི་ཡིད་དབང་འཕྲོག་པའི་རྣམ་པའང་མཐོང་ཐུབ། ལྡེབས་རིས་དང་ཐོ་འགོད་ལས་ཀྱང་སྤྱི་ལོའི་དུས་རབས་བཅུ་པར་ཤོན་གྱི་དུས་སྐབས་གསར་པ་ཞིག་ཏུ་འཕེལ་རྒྱས་ཕྱིན་ཡོད་པ་གསལ་པོར་རྟོགས་ཐུབ། དེ་རྗེས་དུས་རབས་བཅུ་གཅིག་པའི་དུས་འགོར་སྤུ་ཧྲེང་ལ་སོགས་པའི་རྫོང་ཁག་ཏུ་དར་ཁྱབ་བྱུང་སྟེ། ས་དེ་གའི་རྒན་རབས་ཚོས་ངོ་སྤྲོད་གནང་བ་ལྟར་ན། ཁ་རྒྱ་དགོན་པ་བཞེངས་པའི་འགོ་འཛུགས་མཛད་སྒོར་མི་དམངས་ཚོས་ཤོན་འཁྲབ་སྟོན་བྱས་ཡོད།
    ལར་ཕྱིས་སུ་གུ་གེའི་ཤོན་ནམ་གུ་གེའི་ཤོན་བཅུ་གསུམ་ཞེས་པའི་འབོད་ཚུལ་དེ་བྱུང་ཞིང་། མངའ་རིས་ས་ཁུལ་གཟུགས་མེད་རིག་གནས་གནའ་ཤུལ་གཞུང་ལས་ཁང་གི་འགན་འཁུར་མི་སྣས་ངོ་སྤྲོད་གནང་བར་གཞིགས་ན། གུ་གེའི་ཤོན་བཅུ་གསུམ་དེར་ཤོད་ཚུལ་རིགས་གཉིས་བྱུང་ཡོད་དེ། གུ་གེའི་ཤོན་བཅུ་གསུམ་ནི་གུ་གེ་རྒྱལ་རབས་སྐབས་ཀྱི་དར་རྒྱས་ཆེ་ཤོས་ཀྱི་ཤོན་ཞིག་ཡིན་ཞིང་། དེར་དུམ་བུ་བཅུ་གསུམ་ཡོད་ཟེར་བའི་ཤོད་ཚུལ་གཅིག་དང་། མངའ་རིས་སྒར་དཔོན་སྐབས་གཏན་འབེབས་བྱས་པའི་རིགས་བཅུ་གསུམ་གྱི་ཤོན་ཡིན་ཟེར་བ་དང་གཉིས་སོ། སྐབས་ཤེད་དུ་གུ་གེའི་ཤོན་བཅུ་གསུམ་ནི་མངའ་རིས་ས་ཁུལ་རྩ་མདའ་རྫོང་མཐོ་ལྡིང་དགོན་པའི་གལ་ཆེའི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་སྐབས་དགོན་པ་དེའི་ལྷ་ཁང་དཀར་པོ་དང་། ལྷ་ཁང་དམར་པོ། དེ་བཞིན་རྒྱལ་སྲས་ལྷ་ཁང་བཅས་སུ་ཁག་བགོས་ཀྱིས་འཁྲབ་སྟོན་བྱེད་པ་ལས་གཞན་དུ་ནི་གང་བྱུང་འཁྲབ་སྟོན་བྱེད་མི་རིགས་སོ། རྒྱུ་མཚན་དེའི་དབང་གིས་དམངས་ཁྲོད་དུ་སླར་ཡང་སྲང་ཤོན་ཞེས་པའི་ཤོན་བྱུང་ཞིང་། སྲང་ངམ་སྲང་པ་ཞེས་མངའ་རིས་ཀྱི་སྐད་དུ་ཁྲོམ་ལམ་ཞེས་པའི་དོན་ཡིན་ལ། དེས་ཤོན་དེ་རིགས་ནི་ཁྲོམ་གཞུང་དུ་འཁྲབ་ཆོག་པ་དང་། དམངས་ཁྲོད་ཀྱི་བྱེད་སྒོའི་ཐོག་ཏུའང་འཁྲབ་སྟོན་བྱེད་ཀྱང་ཆོག་པ་ཡིན་པས། ས་དེ་གར་དར་ཁྱབ་ཆེན་པོ་བྱུང་རྐྱེན་ཡོངས་ཁྱབ་ཀྱི་རང་བཞིན་ལྡན་ཡོད། དེར་བརྟེན་དམངས་ཁྲོད་ངག་རྒྱུན་དུ། ཤོན་ལ་ཉིན་འཁྲབ་མཚན་འཁྲབ་ཅེས་ཤོན་བྲོ་ནི་ཉིན་མོར་འཁྲབ་པ་མ་ཟད། མཚན་མོར་ཡང་འཁྲབ་ཆོག་པས། ཉིན་མཚན་ཀུན་ཏུ་འཁྲབ་ལེན་བྱེད་པར་ཚོད་འཛིན་དང་བཀག་རྒྱ་གང་ཡང་མེད་པ་མཚོན་ཡོད།
    གུ་གེའི་ཤོན་བཅུ་གསུམ་ནི་རིགས་རྒྱུད་ཀྱིས་རྒྱུན་འཛིན་བྱེད་ཅིང་། སྒྱུ་རྩལ་པ་ཤེས་མོ་ནི་དེང་གུ་གེའི་ཤོན་བཅུ་གསུམ་གྱི་རིགས་རྒྱུད་རྒྱུན་འཛིན་བྱེད་མཁན་གཅིག་པུ་དེ་ཡིན། མངའ་རིས་ས་ཁུལ་གཟུགས་མེད་རིག་གནས་ཤུལ་བཞག་གཞུང་ལས་ཁང་གི་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ཤེས་མོའི་རྐང་པའི་ཐོག་ཏུ་ཤ་རྟགས་ཅེས་མངལ་རྟགས་ཅིག་ཡོད་པར་གསུངས། མངལ་རྟགས་དེ་ནི་གསོ་བ་རིག་པའི་ཐོག་ནས་མ་ཐིག་གམ་སྨེ་བ་ཞིག་ཡིན་པར་བཤད། དེའང་མའི་མངལ་དུ་ཆགས་སྐབས་རིམ་གྱིས་ཆེ་རུ་འགྲོ་བ་དང་། དེའི་བཟོ་ལྟ་དང་ཁ་མདོག་མངོན་ཆེར་འགྲོ་བའང་རྒྱུན་གཏན་རང་བཞིན་ཡིན་མོད། འོན་ཀྱང་ཤ་རྟགས་དེ་མང་ཚོགས་ཀྱི་བཤད་སྟངས་དང་གསོ་བ་རིག་པའི་བཤད་སྟངས་གཉིས་མཐུན་སྣང་དུ་མི་གྲུབ་སྟེ། བོད་ཀྱི་སྲོལ་རྒྱུན་གོམས་སྲོལ་ཞིག་ཡོད་པ་ལྟར་འཆད་ན། རང་ཁྱིམ་གྱི་ཕྲུ་གུ་ན་བ་དང་ཡང་ན་བཀྲ་མ་ཤིས་པར་ཚེ་འདས་སོང་ན་ནག་པོའམ་ནག་མུག་ཞིག་གིས་ལུས་སྟེང་གི་ཆ་ཤས་སུ་རྟགས་བཀོད་པ་དེས་ཕྲུ་གུ་སླར་ཡང་ཁྱིམ་དེར་ལོག་འོང་བའི་རེ་སྨོན་མཚོན་པ་དང་། རྗེས་སུ་ཨ་མར་ཕྲུ་གུ་བྱུང་ན་ཚེ་འདས་ཀྱི་ཕྲུ་གུ་དེར་བཀོད་པའི་རྟགས་དེ་ཡོད་མེད་བརྟག་པའོ། གཞན་ཡང་ཤེས་མོའི་ལུས་སྟེང་དུ་བཀོད་པའི་རྟགས་དེས་ཀྱང་ཁོང་སྔོན་མ་གུ་གེའི་ཤོན་བཅུ་གསུམ་གྱི་ཤོན་བྲོ་བའི་རྒྱུན་འཛིན་ཡིན་པ་གསལ་པོར་རྟོགས་ཐུབ་བོ།
    ཤོན་བཅུ་གསུམ་དེའི་འབོད་ཚུལ་ཡང་མངའ་རིས་ས་ཁུལ་དུ་སྔར་ནས་ཡོད་ཅིང་། བོད་སྐད་དུ་ཤོན་སྣ་བཅུ་གསུམ་སྟེ་ཤོན་བཅུ་གསུམ་ཞེས་པའོ། དེ་ལྟར་འབོད་ཚུལ་ནི་བོད་ཀྱི་དམངས་ཁྲོད་གླུ་གར་གཞན་གྱི་ནང་དུའང་མཆིས་པ་དཔེར་ན། གར་སྣ་བཅུ་གསུམ་སྟེ་གར་བཅུ་གསུམ་ཞེས་པ་དང་། གཞས་སྣ་བཅུ་གསུམ་སྟེ་གཞས་ཆེན་བཅུ་གསུམ་ཞེས་པ་ལ་སོགས་ཡོད། འོན་ཀྱང་ཤོན་བཅུ་གསུམ་གྱི་སྔོན་དུ་གུ་གེ་ཞེས་ཡིག་འབྲུ་གཉིས་བསྣན་ཏེ་རང་ཤུགས་ཀྱིས་ཁུངས་འཚོལ་བ་ར་སྤྲོད་བྱས་ཡོད་དོ།
    ས་ཁུལ་ཁག་ཏུ་ཤོན་འཁྲབ་སྟོན་བྱེད་པའི་དུས་ཚོད་དང་ས་གནས་མི་འདྲ་འབའ་ཞིག་བྱུང་སྟེ། རྩ་མདའ་རྫོང་ཏི་གཡག་ཁུལ་དུ་ལོ་ལྟར་བོད་ཟླ་དང་པོ་ནས་ལྔ་བའི་བར་ཟླ་བ་སོ་སོའི་ཚེས་བཟང་ཞིག་བདམས་ཏེ། དམངས་ཁྲོད་དུ་མཆོད་སྦྱིན་བྱེད་སྒོ་སྤེལ་ནས་ས་དེ་གའི་མང་ཚོགས་ཚོས་ལྷ་མཐོ་ཞེས་སུ་འབོད་ཅིང་། ཞོགས་པར་བསང་ཁ་བསང་གསོལ་གྱིས་ལྷར་མཆོད་པའི་ཆོ་ག་སྤེལ་རྗེས་ཤོན་འཁྲབ་སྟོན་བྱེད་པ་དེས་ལྷར་ལྷག་བསམ་རྣམ་དག་གིས་དད་མོས་ཡོད་པ་མཚོན་ཡོད། ལོ་གསར་གྱི་ཟླ་བ་དགུ་བའི་ཟླ་མཇུག་གམ་ཟླ་བ་བཅུ་བའི་ཟླ་མགོར་ལོ་གསར་གཏོང་བའི་སྐབས། ཞོགས་པ་གཟབ་མཆོར་རྒྱས་པར་སྤྲས་ནས་ཆང་ཕུད་དང་ཞལ་ཟས་བསྣམས་ཏེ་ཕན་ཚུན་ལོ་གསར་དགའ་གཏོང་བྱེད་པ་དང་། ཕྱི་དྲོ་ཚང་མ་མཉམ་འཛོམས་ཐོག་ཇོ་བོ་ལྷ་ཁང་གི་སྒོ་རའི་ནང་ཤོན་འཁྲབ་སྟོན་བྱེད་པ་དེས་ལོ་གསར་པའི་ནང་བཀྲ་ཤིས་བདེ་ལེགས་ཡོང་བ་མཚོན་པར་བྱེད་ཅིང་། རྒྱུན་དུ་ཚེས་བཟང་དུས་བཟང་འབའ་ཞིག་བདམས་ཏེ། ཚང་མ་མཉམ་འཛོམས་ཐོག་ཤོན་འཁྲབ་སྟོན་བྱེད་པ་དེས་ཀྱང་མཛའ་མཐུན་མཉམ་གནས་ཀྱིས་དགའ་སྟོན་བྱེད་པའང་མཚོན་ཐུབ་བོ།
    ལོ་ལྟར་ལོ་གསར་གྱི་ཟླ་བ་དང་པོར་མཐོ་ལྡིང་དགོན་པས་ཆོས་ལུགས་ཀྱི་བྱེད་སྒོ་སྨོན་ལམ་ཆེན་མོ་ཞེས་ཆོས་འཚོགས་རྒྱ་ཆེར་སྤེལ་སྐབས། ཟླ་དེའི་ཚེས་གཅིག་དང་བཅོ་ལྔ་ཉིན་གཉིས་སུ་ཤོན་འཁྲབ་སྟོན་བྱེད། དེས་སྨོན་ལམ་ཆེན་མོ་བཀྲ་ཤིས་པའི་ངང་ནས་འགོ་བཙུགས་པ་དང་ཡང་བཀྲ་ཤིས་པའི་ངང་ནས་མཇུག་སྒྲིལ་བ་ཡིན། ཟླ་བ་ལྔ་བར་དམངས་ཁྲོད་དུ་མཆོད་སྦྱིན་བྱེད་སྒོ་སྟེ་ཕུ་སྐོར་ཞེས་སྤེལ་བ་ཡིན། ཞོགས་པ་སྔ་པོར་བསང་ཁ་བསང་གསོལ་གྱིས་གནས་མཇལ་དུ་འགྲོ་བ་དང་། གྲོང་མི་ཡོངས་ཀྱིས་རྔམ་བརྗིད་ལྡན་པའི་ངང་ཞིང་ཁར་བསྐོར་བ་ཡིན། ཕྱི་དྲོ་ལྷན་འཛོམས་ཀྱིས་ལོ་ལེགས་ཡོང་བར་སྨོན་ནས་ཤོན་འཁྲབ་སྟོན་བྱེད་དོ། བོད་ཟླ་བཅུ་གཅིག་པར་སྟོན་ཐོག་བརྔ་བསྡུ་ལེགས་འགྲུབ་ཟིན་རྗེས། མི་ཚོས་གཟབ་མཆོར་ལེགས་པར་སྤྲས་ཏེ་ཆང་དང་ཟས་རིགས་སྣ་ཚོགས་འཁྱེར་ནས་མ་གྲོས་གཅིག་མཐུན་གྱིས་འཛོམས་ཤིང་། ལོ་ལེགས་བྱུང་བར་དགའ་སྟོན་རྟེན་འབྲེལ་མཚོན་ཆེད་དུ་ཤོན་འཁྲབ་སྟོན་བྱེད་ཀྱི་ཡོད།
    སྤུ་ཧྲེང་རྫོང་ཅུས་པ་ཁུལ་ཁ་རྒྱ་ཤང་དུ་ལོ་ལྟར་ལོ་གསར་གྱི་ཚེས་གཅིག་ཉིན་ལོ་གསར་སྤྲོ་བོ་དང་བསམ་དོན་ཡིད་བཞིན་འགྲུབ་ཆེད་དུ་ཤོན་ཐེངས་ཅིག་འཁྲབ་ཅིང་། བོད་ཟླ་བཅུ་གཅིག་གི་ཚེས་བཅུ་གསུམ་དང་བཅོ་ལྔ་ཉིན་གཉིས་སུ་ཁ་རྒྱ་དགོན་པའི་སྒོ་ར་ཆེན་མོར་འཁྲབ་སྟོན་བྱེད་པ་ནི་དགོན་པའི་ལོ་གཅིག་དུས་གཅིག་གི་ཆོས་ལུགས་བྱེད་སྒོ་རྒྱས་ཤོས་དེ་ཡིན། ཆོས་ལུགས་ཀྱི་ཆོ་ག་སྤེལ་བ་ཕུད། དེ་དུས་སུ་ཆོས་ལུགས་ཞབས་བྲོ་སྟེ་འཆམ་འཁྲབ་སྟོན་བྱེད་ཅིང་། དེའི་ནང་ཤོན་དང་མཉམ་བསྲེས་ཀྱིས་འཁྲབ་སྟོན་བྱེད་པས་ཆོས་ལུགས་བྱེད་སྒོ་བཀྲ་ཤིས་པའི་ངང་འགོ་འཛུགས་པ་དང། རྣམ་པར་རྒྱལ་བའི་ངང་མཇུག་སྒྲིལ་ལོ།
    སྤུ་ཧྲེང་རྫོང་ཤིང་སྤ་ཁུལ་ཞི་བདེ་ཤང་དུ་ལོ་ལྟར་ལོ་གསར་གྱི་ཚེས་གཅིག་ཉིན་ལོ་གསར་སྤྲོ་བོ་ཡོང་ཆེད་ཤོན་ཐེངས་གཅིག་འཁྲབ་ཅིང་། བོད་ཟླ་དང་པོའི་ཚེས་ཉི་ཤུ་གསུམ་དང་ཉི་ཤུ་ལྔ་ཉིན་གཉིས་པོར་ལྷ་བདེ་དགོན་པའི་སྒོ་ར་ཆེན་མོའི་ནང་འཁྲབ་སྟོན་ཐེངས་ཤིག་བྱེད་པ་ནི་ལྷ་བདེ་དགོན་པའི་ལོ་གཅིག་དུས་གཅིག་གི་ཆོས་ལུགས་བྱེད་སྒོ་རྒྱས་ཤོས་དེ་ཡིན། དེའི་ནང་ཤོན་དང་མཉམ་བསྲེས་ཀྱིས་འཁྲབ་སྟོན་བྱེད་པ་དེས་ཆོས་ལུགས་བྱེད་སྒོ་བཀྲ་ཤིས་རྣམ་པར་རྒྱལ་བའི་ངང་མཇུག་སྒྲིལ་བར་བྱེད་དོ།
    རུ་ཐོག་རྫོང་རུ་ཐོག་ཁུལ་དུ་ལོ་ལྟར་བོད་ཟླ་བཅུ་གཉིས་པའི་ཚེས་པ་བཅོ་བརྒྱད་ཉིན་རུ་ཐོག་རྫོང་གི་སྒོ་ར་ཆེན་མོའི་ནང་འཁྲབ་སྟོན་ཐེངས་གཅིག་བྱེད་པ་ལས་དུས་མིན་གང་བྱུང་དུ་འཁྲབ་མི་ཆོག་པ་ཡིན། དེའང་ལོ་རྙིང་བར་སྐྱེལ་མ་དང་ལོ་གསར་བར་བསུ་བ་མཚོན་ཆེད་དུ། འཁྲབ་སྟོན་ཚར་རྗེས་རུ་ཐོག་རྫོང་ནས་ཤོན་བྲོ་བར་སྤུ་ཧྲེང་གི་ཇ་བག་དང་། མར། ཆང་ལ་སོགས་བཟའ་ཆ་སྣ་ཚོགས་སྤྲོད་པ་ཡིན། དེས་རུ་ཐོག་རྫོང་གིས་ཤོན་བྲོ་བས་གཟིགས་མོ་ཕུལ་བའི་རྟེན་དོད་མཚོན་ཞིང་། ལོ་གཅིག་དུས་གཅིག་གི་ལོ་གསར་དུས་ཆེན་རྣམ་པར་རྒྱལ་བའི་ངང་མཇུག་སྒྲིལ་བའང་མཚོན་པའོ།
    ཤོན་ལ་མདུན་ཤོན་དང་། རྒྱབ་ཤོན། བྲོ་ཤོན་བཅས་འཁྲབ་སྟངས་རིགས་གསུམ་དུ་དབྱེ་ཞིང་། མདུན་ཤོན་ནི་ལག་སྦྲེལ་བཏང་ནས་འཁྲབ་པ་དང་། རྒྱབ་ཤོན་ནི་རྒྱབ་ལག་བྱས་ནས་འཁྲབ་པ་ཡིན། གོང་རིམ་མི་སྣ་དང་དགོན་སྡེ་ཁག་གི་བླ་སྤྲུལ་ཚོར་གཟིགས་མོ་འབུལ་སྐབས་སུ་ཇ་ཤོན་ཁོ་ན་འཁྲབ་པ་ལས་སྟོན་ཤོན་འཁྲབ་མི་ཆོག་པ་ནི་གུས་སྲོལ་དུས་སྟོན་ཞིག་ཡིན་པས། ལག་མདུན་དུ་སྦྲེལ་བས་གུས་ཞབས་མེད་པ་མཚོན་པའོ། ཇ་ཤོན་གྱིས་རྒྱུན་གཏན་ལྷན་འཛོམས་སྐབས་སུ་འཁྲབ་པ་ཡིན་ནོ། བྲོ་ཤོན་ནི་རྩོད་ཤོན་ཞེས་པའི་དོན་ལ་གོ་དགོས་ཤིང་། དེ་ནི་གཞས་གཏོང་བ་དང་བྲོ་འཁྲབ་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་དང་། རྒྱུན་དུ་མི་གཉིས་ཚོ་གཅིག་ཏུ་གྲུབ་ཅིང་གཅིག་གིས་དྲིས་ནས་ཅིག་ཤོས་ཀྱིས་ལན་གདབ་པའི་རྣམ་པ་ཡིན་པས། འགྲན་རྩོད་ཀྱི་རང་བཞིན་ལྡན་པ་དང་། ཕྱོགས་གཉིས་ཀས་གཞས་གཏོང་བའི་གླུ་སྒྲ་གསལ་ལ་སྙན་ཞིང་འཇེབས་པ། འཁྲབ་བཞིན་འཁྲབ་བཞིན་གོམ་སྟབས་ཛ་དྲག་ཏུ་འགྲོ་བ། ཕྱོགས་གཉིས་ཀས་ཕམ་པར་ཁས་མི་ལེན་ཞིང་། གཞས་དང་ཞབས་བྲོ་ཚང་མ་རྩོད་ལེན་བྱེད་པ། དེའི་སྐབས་ཀྱི་བྲོ་ཤོན་ནི་མགྱོགས་ཚད་དང་། ཤུགས་ཚད། ཡིད་དབང་འཕྲོག་ཤུགས་དང་བཅས་ལྡན་ཡོད་པས་ཞབས་བྲོའི་ཚ་རླབས་ཤིག་འཕྱུར་རོ།
    ཤོན་ནི་བུད་མེད་གཙོ་བོར་བྱས་ཏེ་འཁྲབ་སྟོན་བྱེད་པ་དང་། ས་ཁུལ་ཕལ་མོ་ཆེར་ཤོན་བྲོ་བའི་གྲངས་ལ་ཚད་གཞི་མེད་ཅིང་། གཞས་གཏོང་བ་དང་འཁྲབ་པ་མ་ཟད། གྱོན་ཆས་གང་གྱོན་ཡང་འཁྲབ་ཆོག་པ་ཡིན་མོད། འོན་ཀྱང་ཤོན་ཆས་ནི་སྣ་མང་ཡིན་ལ་རྩ་ཆེ་བ་ཤ་སྟག་ཡིན། དེར་བརྟེན། སྤྱིར་མང་ཚོགས་བཀོད་སྒྲིག་མི་ཐུབ་པས་དེར་བཞུགས་མཁན་ཡང་ཉུང་ཙམ་ཡིན་རུང་། མ་མཐར་ཡང་མི་བརྒྱད་དགུ་ཙམ་ཡོད་དགོས། རུ་ཐོག་རྫོང་གི་ཤོན་བྲོ་བར་ས་དེ་གའི་མི་ཚོས་ཡར་པ་ཡར་མ་ཞེས་འབོད་ཅིང་། མི་གྲངས་ལའང་སྒྲིག་སྲོལ་ནན་པོ་ཞིག་ཡོད་པ་དང་། མི་བཅུ་གསུམ་ཙམ་བཞུགས་ཆོག་པ་དང་དེའི་ནང་ནས་གཅིག་ནི་ཤོན་མགོ་ཞེས་གཞས་སྣ་འཁྲིད་མཁན་དེའོ།
    ས་ཁུལ་མང་ཆེ་བར་ཤོན་འཁྲབ་པའི་རྣམ་པ་ནི་འཕྲེད་བསྟར་གཅིག་གམ་སྒོར་ཕྱེད་དུ་གྲུབ་ཅིང་། ཕྱོགས་གཅིག་ནས་གཞས་གཏོང་བ་དང་། ཕྱོགས་གཞན་ཞིག་ནས་གཡས་གཡོན་གཉིས་སུ་འགུལ་སྐྱོད་བྱེད་བཞིན་འཁྲབ་པ་དང་། ས་ཁུལ་འགར་སྒོར་སྒོར་བྱས་ཏེ། འཁྲབ་ཅིང་བཏང་ནས་ལྡོག་ཕྱོགས་སུ་འགྱུར་འགྲོ་བའོ། ཤོན་གྱི་སྟངས་སྟབས་ཁྱད་ཆོས་ཀྱང་པུས་མོའི་བརྐྱང་བསྐུམ་བྱེད་པ་དང་། རྐང་བའི་རྡེག་འཇོག ལུས་ཀྱི་སྟོད་ཆ་རྒྱབ་མདུན་གཉིས་སུ་འགུལ་བ་ཡིན། རྨང་གཞིའི་རུ་རྣམ་ཡང་སྒོར་སྒོར་དང་། སྒོར་ཕྱེད། ལྡེམ་འཁྱུག་ལྡན་པ་ལ་སོགས་སོ།
    ཤོན་གྱི་རམ་འདེགས་རོལ་མོའང་སྤྱིར་སྒྲ་གདངས་མཐོ་དམའ་ཌ་མ་རུ་དང་། གཤང་གཉིས། སྒྲ་སྙན་བཅས་ཡོད་པར་མི་དམངས་ཚོས་རྒྱུད་མངས་ཞེས་བྱ་བ་དང་། དེའི་བཟོ་ལྟ་སྒྲ་སྙན་དང་འདྲ་ཞིང་། རྒྱུ་སྐུད་གསུམ་དང་ལྡན་པའི་འཐེན་དཀྲོལ་རོལ་ཆ་ཞིག་ཡིན་པ་ཨ་ལིང་ངམ་སྒར་རྔ་དང་། ཌ་མ་རུ་བཅས་ཡིན། རམ་འདེགས་པས་སྐྱིལ་ཀྲུང་བྱས་ཏེ་འཁྲབ་སའི་དཀྱིལ་ལམ་གམ་དུ་སྡོད་པ་དང་། ཤོན་བྲོ་བས་གཞས་གཏོང་བ་དང་འཁྲབ་པར་བྱེད། གཞས་གཏོང་མི་དགོས་པའི་སྐབས་སུ་རོལ་ཆས་རམ་འདེགས་བྱེད་པ་དང་། རོལ་མོའི་རམ་འདེགས་དང་བསྟུན་ནས་འཁྲབ་པར་བྱེད་དོ། དར་ཤོན་གྱི་རམ་འདེགས་རོལ་ཆར་རྔ་གཅིག་ཁོ་ན་ཡིན་ཞིང་དེའི་བཟོ་ལྟ་ཌ་མ་རུ་དང་མི་འདྲའོ། དེའང་སྒོར་མོའི་དབྱིབས་སུ་གྲུབ་པ་ཞིག་ཡིན་པས་ས་དེ་གའི་མི་ཚོས་ཅང་ཅང་ཞེས་སུ་འབོད་ཅིང་། རྔ་བརྡུང་མཁན་ནི་ཞབས་བྲོ་བའི་དབུས་སུ་ལངས་སྡོད་པ་དང་། སྐེད་པར་རྔ་བཏགས་ཏེ་རྔའི་ངོས་གཉིས་ནི་གཡས་གཡོན་དུ་གཏད་པ། རྔ་བརྡུང་སྐབས་རྔ་དབྱུག་མི་སྤྱོད་པར་ལག་གཉིས་རེས་མོས་ཀྱིས་རྡེབ་པ། ཤོན་བྲོ་བས་རྔའི་སྒྲ་ཉན་པ་དང་དུས་མཚུངས་སུ་འཁྲབ་པ་དང་གཏོང་བཞིན་གཡས་གཡོན་དུ་འགུལ་བསྐྱོད་བྱེད་ཀྱི་ཡོད། འཁར་རྔ་སྤྱོད་པའི་ཤོན་ཡང་རྔ་བརྡུང་མཁན་སྒོར་སྒོར་བྱས་པའི་དབུས་སུ་རྔ་བརྡུང་བ་བཞིན་འཁྲབ་པར་བྱེད་ཅིང་། ཤོན་བྲོ་བ་གཞན་རྣམས་སྒོར་སྒོར་བྱས་ཏེ་འཁྲབ་པ་དང་། རུའི་བཟོ་ལྟ་འགྱུར་བའི་སྐབས་རྔ་བརྡུང་མཁན་ཡང་ཁོང་ཚོ་དང་མཉམ་དུ་རུའི་བཟོ་ལྟ་འགྱུར་བར་བྱེད་དོ།
    ཤོན་གྱི་རྨང་གཞིའི་ཁྱད་ཆོས་ནི་དོན་ལེགས་ཤིང་ཚིག་སྙན་པ་དང་། བདེ་ཞིང་བརླིང་བ། ཡིད་དབང་འཕྲོག་པ། ཕྱག་རྒྱ་ཉུང་ལ་སྟབས་བདེ་བ་ཡིན་མོད། འོན་ཀྱང་དེའི་མཚོན་དོན་ནི་བྱང་དཀའ་བ་ཞིག་ཡིན་ནོ།།
                       རྩོམ་སྒྲིག་པ།སངས་རྒྱས་འཚོ། 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།