中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > དམངས་སྲོལ། > དུས་སྟོན། >
༄༅།། རྭ་སྒྲེང་ཁུ་བྱུག་མཆོད་པའི་དུས་ཆེན།
དུས་ཚོད།2017-06-14 15:24:17     རྩོམ་གྱི་ཡོང་ཁུངས། མཚོ་སྔོན་པོའི་དྲ་བ།    ཆུང་། | འབྲིང་། | ཆེ།
    རྭ་སྒྲེང་ཁུ་བྱུག་མཆོད་པ་ནི་བོད་ཟླ་བཞི་བའི་ཚེས་གཅིག་ནས་ཚེས་བཅོ་ལྔའི་བར་ས་ག་ཟླ་བའི་དུས་མཆོད་དང་སྟབས་གཅིག་ཏུ་ཁེལ་ཡོད་ལ། ལྷ་ས་འཕན་པོ་རྫོང་གི་བཀའ་གདམས་པའི་དགོན་པ་གྲགས་ཆེན་བྱང་རྭ་སྒྲེང་དགེ་འཕེལ་གླིང་དུ་ལོ་རེ་བཞིན་སྤེལ་བའི་སྲོལ་རྒྱུན་གྱི་དུས་ཆེན་ཞིག་ཡིན། རྭ་སྒྲེང་དགོན་པ་ནི་བོད་ཁམས་ནས་བཤད་ན་ལོ་རྒྱུས་ཧ་ཅང་རིང་བའི་དགོན་རྙིང་ཁྱད་པར་ཅན་ཞིག་རེད། རྒྱལ་དབང་བདུན་པ་བསྐལ་བཟང་རྒྱ་མཚོའི་སྐུ་དུས་སུ་ཁོང་གི་ཡོངས་འཛིན་དམ་པ་ཁྲི་ཆེན་ངག་དབང་མཆོད་ལྡན་ལ་ཏཱ་ལའི་བླ་མས་རྭ་སྒྲེང་དགོན་གྱི་མཁན་ས་འཛིན་སྐྱོང་གི་བདག་ཐོབ་གནང་བ་ནས་བཟུང་ཁྲི་ཆེན་ངག་དབང་མཆོད་ལྡན་གྱི་སྐྱེ་སྤྲུལ་རྣམས་ལ་རྭ་སྒྲེང་སྐུ་ཕྲེང་ཞེས་འབོད་པ་རེད། འབྲེལ་ཡོད་མཁན་པས་བཤད་པ་ལྟར་ན། “རྭ་སྒྲེང”ཞེས་པ་ནི་མཁའ་འགྲོའི་བརྡ་སྐད་ཡིན་ཞིང་། དེ་ལས་རྭ་ནི་ཉོན་མོངས་རྡུལ་དང་བྲལ་པ་སྟེ་ཆོས་ཀྱི་སྒོ་མོ་ཡིན་པའི་དོན་དང་། སྒྲེང་ཞེས་པ་ནི་རྒྱལ་བསྟན་སྲིད་པའི་མཐར་ཐུག་བར་མི་ནུབ་པར་སྒྲེང་བར་བྱེད་པའི་དོན་ཡིན་ཟེར།
    མཁའ་འགྲོའི་ལུང་བསྟན་ལྟར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་དངོས་སློབ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་རབ་བྱུང་དང་བོའི་མེ་བྱ་སྤྱི་ལོ1057ལོར་བཀའ་གདམས་བསྟན་པའི་ཆུ་མགོ་བྱང་རྭ་སྒྲེང་དགོན་པ་ཐོག་མར་ཕྱག་བཏབ་པ་ནས་བཟུང་། དགོན་དེར་ལོ་གཅིག་ནང་བྱ་ཟླ་མཆོད་པ་དང་ཁུ་བྱུག་མཆོད་པ། མེ་ཏོག་མཆོད་པ། ཉ་དྲུག་མཆོད་པ་བཅས་བཀའ་གདམས་མཆོད་པ་དུས་བཞི་སྤེལ་བའི་དཔེ་ཡོད། དེའི་ནང་ནས་ཁུ་བྱུག་མཆོད་པ་ནི་ཡུལ་ཕྱོགས་གཞན་དུའང་མཚན་སྙན་ཅུང་ཟད་ཁྱབ་ཡོད་པས། ད་ལྟ་ཡང་རྒྱུན་སྲོལ་དེ་མ་ཉམས་པར་སྐྱོང་བཞིན་མཆིས་ལ། ས་ཟླའི་དུས་མཆོད་དང་མཉམ་དུ་དད་ལྡན་སེར་སྐྱ་མང་ཚོགས་རྣམས་རྭ་སྒྲེང་དགོན་དུ་ཁུ་བྱུག་མཆོད་པར་མཇལ་བར་འགྲོ་བའི་སྲོལ་ཡོད་དེ། དགེ་འདུན་པ་རྣམས་ཀྱིས་དུང་དང་རྒྱ་གླིང་གི་སྒྲ་དབྱངས་ཁྲོད་གོས་སྐུ་ཆེ་ཆུང་གཉིས་ཡོད་པ་གདན་འདྲེན་ཞུས་ཏེ་དགོན་པའི་ཡང་སྟེང་ནས་བཤམས་པར་དད་ལྡན་མང་ཚོགས་ཀྱིས་མཆོད་ཅིང་མཇལ་ལ། གོས་སྐུ་ཆེ་བའི་མཐོ་ཚད་སྤྱི་ཁྲེ་བཅུ་དྲུག་དང་ཞེང་ཚད་སྤྱི་ཁྲེ་ཉི་ཤུ་ཡོད་ཅིང་། རྟེན་གཙོ་རྒྱལ་བ་ཤཱཀྱ་ཐུབ་པར་བླ་མ་ཡིན་དམ་སངས་རྒྱས་བྱང་སེམས་དང་ཆོས་སྐྱོང་བསྟན་སྲུང་དག་གིས་བསྐོར་བ་དང་། གོས་སྐུ་ཆུང་བ་བཤམས་པ་ལ་རྟེན་གཙོ་རྒྱལ་བ་བྱམས་པའི་མཐའ་འཁོར་དུ་རྒྱན་དྲུག་མཆོག་གཉིས་སོགས་ཀྱི་སྐུ་བཞེངས་ཡོད། མཛད་སྒོ་ཐོག་མར་ཕྱེ་དུས་རྗེ་རྭ་སྒྲེང་རིན་པོ་ཆེས་དབུ་དྲངས་ནས་གོས་སྐུར་ལྷ་རྫས་ནང་མཛོད་ཆེན་མོ་རེ་བསྒྲོན་ཏེ་རྟེན་འབྲེལ་གྱི་མཆོད་སྤྲིན་གཟབ་རྒྱས་འབུལ་བ་དང་། དགོན་པའི་གཡས་གཡོན་རི་མགོ་ནས་ལྷ་བསང་གི་དུད་སྤྲིན་འཁྲིགས་པ། དད་ལྡན་སྐྱེ་བོ་རྣམས་ཀྱིས་གོས་སྐུའི་ཞལ་མཇལ་ཞུ་བ་དང་སྨོན་ལམ་འདེབས་པ། དགོན་པའི་གླིང་ནས་དགེ་འདུན་པ་ཚོས་གར་དགུའི་ཉམས་འགྱུར་ཕུན་སུམ་ཚོགས་པ་བསྟན་ནས་གར་འཆམ་ཉིན་འཁྱོངས་བྱེད་པ་དང་། མཚན་མོ་སྨོན་ལམ་ཚོགས་པ་སོགས་རྭ་སྒྲེང་ཁུ་བྱུག་མཆོད་པའི་ཆོ་ག་གྲ་རྒྱས་གྱ་ནོམ་པ་ཞིག་གནང་བ་ཡིན།
     རྭ་སྒྲེང་དགོན་པ་དང་རྭ་སྒྲེང་གནས་རིའི་ལྷ་ཤིང་ཤུག་པའི་དྲི་བསུང་རྣམ་པར་འཐུལ་ཞིང་ཤུག་གསེབ་ཀྱི་འཇོལ་མོ་དང་ཁུ་བྱུག་གི་གསུང་དབྱངས་སྙན་མོ་དགོན་པའི་དུང་དང་རྒྱ་གླིང་གི་སྒྲ་དབྱངས་དང་བསྡེབས་ནས་ལྷང་ལྷང་གྲགས་པ་དེ་ཁུ་བྱུག་མཆོད་པའི་སྐབས་ཀྱི་རྣ་དབང་འཕྲོག་བྱེད་གཙོ་བོ་ཡིན་ལ། ད་དུང་དྭངས་བསིལ་གཙང་ཞིམ་གྱི་ཁྱད་ཆོས་ལྡན་པའི་ཆུ་མིག་བརྒྱ་རྩ་བརྒྱད་བཞུར་བ་དང་ཕུ་མདའ་ནགས་ཚལ་སྟུག་པོ་ཕུན་སུམ་ཚོགས་པར་མ་ཟད། དབྱར་བསིལ་དགུན་དྲོ་བསམ་གཏན་འཕེལ་བའི་དབེན་གནས་ཉམས་དགའ་བ་ཡིན་པས་དབྱར་ཟླ་བཞི་བའི་ནང་དགོན་དེའི་ཁོ་ར་ཁོར་ཡུག་ཀུན་ན་ལྷ་བྱ་ཁུ་བྱུག་གི་གསུང་སྙན་བར་མེད་དུ་འཁྲོལ་བ་སྐྱེ་བོ་ཀུན་གྱིས་མངོན་སུམ་རྣ་ཡིས་ཐོས་ཐུབ་པས་རྭ་སྒྲེང་ཁུ་བྱུག་མཆོད་པ་ཞེས་ཐོགས་པ་ཡང་མིང་དོན་དང་མཐུན་ནོ།།
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།