中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > པར་མཛོད། > པར་མཛོད། >
༄༅།། རྒྱལ་ཡོངས་སྐབས་ལྔ་བའི་མཛེས་རྩལ་ཇུས་འགོད་འགྲན་ཞུགས་ཆེན་མོའི་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་མཁན།
དུས་ཚོད།2017-06-14 11:19:08     རྩོམ་གྱི་ཡོང་ཁུངས།    ཆུང་། | འབྲིང་། | ཆེ།
—བོད་ཀྱི་བྲིས་པ་གཙོས་ཤེས་རབ་རྒྱ་མཚོ་ལགས་ཀྱི་གནས་ཚུལ་རགས་བཀོད། གསར་འགོད་པ་གཅོད་པ་སྐྱབས།
  བོད་ཀྱི་བྲིས་པ་གཙོས་ཤེས་རབ་རྒྱ་མཚོའམ་དབྱངས་གོ་ཆ་ལགས་ནི་སྤྱི་ལོ༡༩༨༠ལོར་མདོ་སྨད་ཀན་ལྷོའི་ཁ་གྱ་ཚོ་དྲུག་གི་ཡ་གྱལ་གཙོས་ས་ཆར་སྐྱེས། ལོ་དྲུག་ནས་སློབ་ཆུང་འགྲིམས་ཏེ་སློབ་མཐར་ཕྱིན་རྗེས་གཙོས་དགའ་ལྡན་ཆོས་གླིང་དུ་རབ་ཏུ་བྱུང་། སྔ་ཕྱིར་མ་ཧཱ་པཎྜི་ཏ་རྗེ་བཙུན་བློ་གསལ་རྒྱ་མཚོ་དང་དགེ་བའི་བཤེས་གཉེན་བློ་བཟང་ཤེས་རབ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཡོངས་འཛིན་རྡོ་རྗེ་འཆང་རྗེ༧འཇམ་དབྱངས་རྒྱ་མཚོ་ཚང་། དགེ་བའི་བཤེས་གཉེན་ཆེན་པོ་རྔ་བའི་གྲགས་པ་ཚང་། གཟན་དཀར་རིན་པོ་ཆེ་ཐུབ་བསྟན་ཉི་མ། མ་ཧཱ་པཎྜི་ཏ་སྨད་སོག་བཛྲ་ཚང་། རྡོ་རམས་པ་བཀྲ་ཤིས་རྒྱ་མཚོ་ཚང་སོགས་དགེ་བའི་བཤེས་གཉེན་སུམ་ཅུ་ལྷག་གི་མདུན་ནས་མདོ་སྔགས་རིག་གནས་དང་བཅས་པ་ལ་ཐོས་བསམ་མི་དམན་པ་བྱས།

   ༢༠༠༣ལོ་ནས་ཀན་སུའུ་གཙོས་མི་རིགས་དགེ་འོས་སློབ་ཆེན་གྱི་རྒྱ་ཡིག་སྡེ་ཁག་ནས་རྒྱ་ཡིག་ཆེད་སྦྱོང་བྱས། ཞོར་དུ་དབྱིན་ཡིག་ལའང་དངོས་གཞི་སློབ་མའི་དཀྱུས་ལྟར་སྦྱངས་ནས་༢༠༠༦ལོར་སློབ་མཐར་ཕྱིན།   ད་ལྟ་གཙོས་དགོན་པའི་དཔེ་ཁྲིད་དགེ་རྒན་དང་། རྒྱ་བོད་ཐུགས་རྗེ་ཆེན་པོ་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་དང་ལས་འཛིན་པ། བོད་རྒྱའི་བཀའ་འགྱུར་གསབ་བསྒྱུར་ཚོགས་པའི་ལོ་ཙཱ་བ་དང་ཞུ་དག་པ། ཀན་ལྷོ་ཁུལ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི་དང་དྲུང་ཡིག་གཞོན་པ་བཅས་ཀྱི་འགན་ཁུར་མུས།
  ཁོང་གི་བརྩམས་ཆོས་ལ《སྔགས་སྤྱིའི་ཟིན་ཏིག་བློ་བཟང་རྒྱལ་བའི་དགོངས་རྒྱན།》《དབུ་མའི་དོགས་དཔྱོད་མཁས་པ་དགའ་སྐྱེད།》《གྲུབ་མཐའ་ཆེན་མོའི་ཟིན་བྲིས་མཁས་པའི་ཡིད་འཕྲོག》སོགས་ཟིན་བྲིས་དེབ་ཆུང་ཉེར་ལྔར་ཉེ་བ་དང་། གཞན་སྒྱུ་རྩལ་རྩོམ་རིག་ཁག་གི་བརྩམས་ཆོས་དང་། རྒྱ་བོད་གཉིས་ཀྱི་སྐད་ལ་བསྒྱུར་བའི་བརྩམས་ཆོས་ཁག་བརྒྱ་ལྷག་དང་།《མདོ་སྨད་གཙོས་ཀྱི་སྲིད་དོན་ལོ་རྒྱུས་ཤེལ་དཀར་མེ་ལོང་།》《དག་ཡིག་མཁས་པ་དགའ་སྐྱེད་ཀྱི་མཆན་འགྲེལ་ཀུན་བཏུས་ཟ་མ་ཏོག》《ཆོས་རྫོང་སྐུ་ཕྲེང་རིམ་བྱོན་གྱི་རྣམ་པར་ཐར་བ་དགེ་ལེགས་པད་དཀར་གྲོལ་བའི་འདབ་བརྒྱ།》《རྗེའི་ལྷ་ཁང་གི་དཀར་ཆག་ཟླ་འོད་འབུམ་གྱི་སྙེ་མ》སོགས་ལས་སྔ་ཕྱིར་དེབ་བཞི་ཙམ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་སོགས་ནས་པར་དུ་བསྐྲུན།
  ༡༩༩༦ལོ་ནས་དགའ་ལྡན་བྲིས་གསར་ལ་ནང་བྱན་ཚུད་པའི་བཀྲ་ཤིས་འཁྱིལ་གྱི་ཡིག་མཁན་འགོ་ཚའི་རྒྱ་མཚོ་མཆོག་གི་ཐུགས་སྲས་རྗེ་དཀོན་མཆོག་རྒྱ་མཚོ་ཚང་གི་མདུན་ནས་ལོ་ངོ་བཞི་ལ་དབུ་ཅན་གཙང་བྲིས། སུག་རིང་། འབྲུ་ཚ་སོགས་ཡིག་གཟུགས་སྤྱི་དང་། ཁྱད་པར་དཔང་ལོ་ཙཱ་བའི་ཐུན་མོང་མ་ཡིན་པའི་ཕྱག་རྒྱུན་ཏེ་ལཉྫ་དང་ཝརྟུའི་བྲིས་རྒྱུན་རྣམ་པར་དག་པ་ལ་སྦྱངས། དུས་མཚུངས་སུ་དབལ་མང་ཡོངས་འཛིན་རྗེ་བཀྲ་ཤིས་རྒྱ་མཚོའི་མདུན་ནས་དབུས་བྲིས་སུག་རིང་དང་རྒྱུགས་བྲིས། དྲུང་ཡིག་སྨོན་ལམ་ཚང་གི་དངོས་སློབ་ཚུལ་ཁྲིམས་རྒྱ་མཚོ་ལས་དབུ་ཅན། སུག་རིང་། འབྲུ་ཚ། ཚུགས་རིང་ཚུགས་ཐུང་བཅས་ལ་སྦྱངས། གཙོས་དགའ་ལྡན་ཆོས་གླིང་གི་རིག་གནས་ཀུན་ལ་མཁྱེན་སྤྱན་ཡངས་པ་རྗེ་བློ་བཟང་ཤེས་རབ་ཚང་གི་མདུན་དུ་སྒོམ་ར་ཨ་ཁུ་ཚང་ནས་བརྒྱུད་པའི་ལཉྫ་དང་ཝརྟུའི་བྲིས་རྒྱུན་དང་། ཁོང་གིས་གཙོས་དགོན་གྱི་དཔེ་རྙིང་ཁམས་བྲིས་ལག་བྲིས་མའི་དཔེ་མང་བོར་གཞིར་བཅོལ་ཏེ་ཚུགས་ཐུང་ཁམས་བྲིས་མ་ལ་མཛུབ་ཁྲིད་དུ་གནང་བའི་བཀའ་དྲིན་ལེགས་པར་ཐོབ།
   ཁོང་གི་འབྲུ་ཚ་ཞབས་རིང་མ་ལ༢༠༡༦ལོའི་བོད་ཁམས་ཡོངས་ཀྱི་བོད་ཀྱི་ཡིག་གཟུགས“ཐོན་མིའི་ཡིག་རྒྱུན”དྲ་ཐོག་འགྲན་བསྡུར་ཆེན་མོའི་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ་པ་དང་། ༢༠༡༦ལོའི་སྤྱི་ཟླ༦པར་རྒྱལ་ཡོངས་སྐབས་ལྔ་བའི་མཛེས་རྩལ་ཇུས་འགོད་འགྲན་ཞུགས་ཆེན་མོའི་ཁྲོད་ཁོང་གི་ཡིག་གཟུགས་འབྲུ་ཚ་དང་མ་ཎི་ཡིག་དྲུག་ལ་བྱ་དགའ་ཨང་དང་པོ་ཐོབ།།







 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།