中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > པར་མཛོད། > པར་མཛོད། >
༄༅།། ལྷ་རིས་པ་ཆོས་འཁོར་བསྟན་འཛིན་ལགས་ཀྱི་གནས་ཚུལ་རགས་བཀོད།
དུས་ཚོད།2017-06-17 09:52:48     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
ཡོན་ཏན་རྒྱ་མཚོ།
  མདོ་སྨད་ཀླུ་ཆུའི་ཤིས་ཚང་དགོན་པའི་གྲྭ་རིགས་རྣམ་དཔྱོད་ཡངས་པ་ལྷ་རིས་པ་ཆོས་འཁོར་བསྟན་འཛིན་ལགས་ནི། ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ནང་གསེས་ཆོས་འཁོར་རུ་བཞི་ཞེས་པའི་སྡེ་བར་རབ་བྱུང་བཅུ་དྲུག་པའི་ཆུ་ཡོས(སྤྱི་ལོ༡༩༦༣)ལོར་སྐུའི་ལང་ཚོའི་མེ་ཏོག་གསར་དུ་བཞད། ཆུང་བྱིས་པའི་དུས་ནས་རི་མོ་དང་ཡིག་གཟུགས་འབྲི་བ་སོགས་ལ་ཧ་ཅང་དགའ་བའི་རྐྱེན་གྱིས་ཡུལ་ལས་ཀྱི་ཞོར་དུ་བོད་ཀྱི་རྣམ་ཐར་འགྲོ་བ་བཟང་མོ་དང་། ཧོར་གླིང་གཡུལ་འགྱེད་སོགས་ཀྱི་གཏམ་རྒྱུད་ཀྱི་ནང་དོན་རི་མོའི་ལམ་ནས་གསོན་ཉམས་ལྡན་པའི་ངང་མཚོན་པར་བྱས་པ་ཡུལ་མི་ཀུན་གྱི་མཐོང་ཆོས་སུ་གྱུར་བས་ལྷན་སྐྱེས་ཀྱིས་རི་མོའི་སྒྱུ་རྩལ་ལ་མཁས་ཞེས་གླེང་ངོ་།
 
  ཆུ་བྱི(སྤྱི་ལོ༡༩༨༢)ལོར་ཁོང་ཤིས་ཚང་དགོན་པའི་ཆོས་སྒོར་ཞུགས་ཏེ་གཞུང་བཀའ་པོད་ལྔས་བསྡུས་པའི་མདོ་རྒྱུད་རིག་གནས་ཀུན་ལ་གསན་བསམ་ལྷོད་མེད་གནང་ཞིང་། སྔ་ཕྱིར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཐེངས་མང་བྱོན་ནས་དགེ་བའི་བཤེས་གཉེན་དམ་པ་ཁོང་སྨད་སོག་བཛྲ་ཚང་དང་། སྨྱུག་འཛིན་དབང་བོ་སོག་པོའི་དཀོན་མཆོག་ཚང་། ཨ་ཁུ་ཐབས་མཁས་ཚང་སོགས་ཀྱི་མདུན་ནས་སུམ་རྟགས་དག་གསུམ་དང་། ལཉྪ། ཝརྟུ། ཀུན་མཁྱེན་འཇིགས་མེད་དབང་བོའི་ཕྱག་རྒྱུན་ལྟར་གྱི་བོད་ཀྱི་ཡི་གེ་དབུ་ཅན་དང་། ཀུན་མཁྱེན་སྐུ་ཕྲེང་ལྔ་བའི་སྐུ་རིང་སློབ་གྲྭ་ཚུགས་སྐབས་མདོ་སྨད་དུ་ཕྱག་རྒྱུན་བྱུང་བ་དགའ་ལྡན་ཡིག་གསར་ཞེས་པ་སོགས་ལ་སྦྱངས་པ་མཐིལ་ཕྱིན་མཛད།
  རབ་བྱུང་བཅུ་བདུན་པའི་ས་འབྲུག(སྤྱི་ལོ༡༩༨༨)ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་བཟོ་གྲགས་ཅན་རེབ་གོང་བ་ཁོང་ཨ་ཁུ་ཆོས་གྲགས་ལགས་ཀྱི་མདུན་ནས་ལྷ་རིས་སྒྱུ་རྩལ་ལ་སྦྱང་འགོ་བརྩམས་པ་སྟེ། ཐོག་མར་ལྷ་རིས་ཀྱི་ཐིག་རྩ་ནས་བཟུང་ལྷ་བྲིས་ཀྱི་གོ་རིམ་ཚང་མར་བརྩོན་སེམས་དྲག་པོས་སྦྱངས་པ་བྱས་མཐར་ཁོང་གི་སློབ་མ་ཀུན་གྱི་གྲས་ནས་སྦྱངས་པ་རྩེར་སོན་པར་གྱུར།
  ལྷ་རིས་སྒྱུ་རྩལ་ལ་སྦྱོང་བ་བྱེད་པའི་དུས་སྐབས་དེར་བླ་བྲང་དགོན་པའི་ཚོགས་ཆེན་འདུ་ཁང་ཆེན་མོའི་རྒྱ་མཐོང་གི་གྱན་ཐང་དང་མགར་རྩེ་དགོན་པར་གྱན་ཐང་མི་ཉུང་བ་ཞིག་བཞེངས། དེ་མིན་འབོ་ར་དགོན་དང་མགར་རྩེ་དགོན། ཀླུ་ཆུའི་སྒར་རྙིང་དགོན། བང་ཚང་དགོན་པ་བཅས་ཀྱི་སྨོན་ལམ་གོས་སྐུ་གསར་བཞེངས་མཛད་ཅིང་། ཀྲུང་གོའི་ནང་ལོགས་ཀྱི་ཀྲེ་ཅང་ཞིང་ཆེན་ནས་ཡོང་བའི་རི་མོའི་ཆེད་མཁས་པ་རྣམས་དང་ཉམས་མྱོང་བརྗེ་རེས་ཀྱིས་གནའ་དེང་ཟུང་འབྲེལ་གྱི་རི་མོའི་འབྲི་རྩལ་ལ་སྦྱངས་པས་གྲུབ་འབྲས་མི་དམན་པ་ཐོབ།
  རང་དགོན་དུ་ཚོགས་ཆེན་འདུ་ཁང་གསར་བཞེངས་སྐབས་གདུང་བྲིས་ལཉྫ་གཟུངས་ཆེན་སྡེ་ལྔ་སོགས་གཟུངས་རིགས་སྣ་ཚོགས་ཕྱག་བྲིས་གནང་ཞིང་། བླ་བྲང་བཀྲ་ཤིས་འཁྱིལ་དུ༧སྡེ་ཁྲི་རིན་པོ་ཆེའི་ཀུན་གཟིགས་ལྷ་ཁང་གི་ལཉྫ་ཆ་ཚང་དང་དེའི་ཤིང་བརྐོས་རི་མོའི་མ་ཕྱི། རྟེན་བཞེངས་ཀྱི་ཇུས་འགོད། ༧ཀུན་མཁྱེན་རིན་པོ་ཆེའི་འཁྲུངས་རབས་དང༧སྡེ་ཁྲི་རིན་པོ་ཆེའི་འཁྲུངས་རབས་གཉིས་ཀྱི་ཤོག་འབུམ་མ་ཕྱི་དང་། ༧ཇུན་དཀར་མཁན་པོ་ཚང་གི་ཇོའི་ཁང་གི་ལཉྫ། རང་དགོན་གྱི་འདུ་ཁང་སྒོ་ཆེན་གྱི་ལཉྫ་དང་བཀའ་གདམས་ལྷ་ཁང་གི་གདུང་བྲིས་ལཉྫ་སོགས་ཕྱག་བྲིས་གནང་བར་མ་ཟད། དགོན་པའི་ལོ་ཧྲིལ་བོའི་ཚོགས་ཆེན་གྱི་འདོན་སྒྲིག་དང་འགྲིག་ཡིག་སོགས་ཡིག་ཚགས་ཤོག་བྱང་སྟོང་ལྷག་བྲིས་གནང་མཛད། གཞན་ད་དུང་འཇིགས་བྱེད་བློས་བསླང་དང་མཆོད་རྟེན་དཀར་བོའི་ཐིག་རྩ་དང་སྲོག་ཤིང་སོགས་རྟེན་བཞེངས་གང་ཡིན་གྱི་ཇུས་འགོད་དང་ཤིང་བརྐོས་རི་མོ་སོགས་ཀྱི་མ་ཕྱི། གསེར་ཏོག་རྒྱལ་མཚན་དང་མཆོད་ཆས། འཆམ་གོས་རི་མོ། རུས་རྒྱན་སོགས་ཀྱི་མ་ཕྱི་ཡང་ཕྱག་བྲིས་གནང་བ་སོགས་དགོན་པར་བཀའ་དྲིན་ཤིན་ཏུ་ཆེ་ཞིང་མཛད་འཕྲིན་བླ་ན་མེད་དོ།
  ད་ལྟ་དགོན་པའི་རིག་གནས་སློབ་གྲྭའི་ཡིག་གཟུགས་དགེ་རྒན་གྱི་འགན་བཞེས་པ་དང་། སློབ་གྲྭའི་སློབ་གཙོ་སོགས་ཀྱིས་སྐུལ་ངོར་ཡིག་གཟུགས་ཀྱི་མ་ཕྱི་ལན་ཝར་དང་དབུ་ཅན་དབུ་མེད་བཅས་ཀྱི་དཔེ་ཆ་དེབ་གསུམ་ཕྱག་བྲིས་གནང་སྟེ་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཡོད། རང་ཤག་ཏུའང་ཡིག་གཟུགས་གསར་སློབ་ཀྱི་དོན་གཉེར་ཅན་དག་ལ་ཡིག་གཟུགས་ཀྱི་དགེ་རྒན་གནང་ཞོར་དུ་ཐང་སྐུ་དང་རྟེན་བཞེངས་ཀྱི་ཇུས་འགོད། དགོན་པའི་མར་ཚོན་མེ་ཏོག་བཟོ་བ་སོགས་ཀྱི་གཙོ་འགན་བཞེས་བཞིན་ཡོད་དོ།
  འདི་ཡང་བདག་གིས་དེང་སྐབས་བོད་ཀྱི་ལྷ་རིས་སྒྱུ་རྩལ་དང་ཡིག་གཟུགས་བྲིས་རྒྱུན། རྟེན་བཞེངས་ཀྱི་ཇུས་འགོད་དེ་བོད་རང་གི་ཐུན་མོང་མ་ཡིན་པའི་འཛུགས་སྐྲུན་རིག་གནས་སོགས་དུས་དང་བསྐལ་བའི་དབང་གིས་ཉམས་དམས་སུ་འགྲོ་བཞིན་པ་སེམས་ཀྱིས་མ་བཟོད་པར་ལྷ་རིས་པ་ཆོས་འཁོར་བསྟན་འཛིན་ལྟ་བུའི་སྐྱེ་བོ་ཐུན་མོང་མ་ཡིན་པ་དག་གི་མཛད་འཕྲིན་འདི་ཀུན་གྱི་སྤྱན་ལམ་དུ་ཞུ་འབུལ་ཐེངས་ཤིག་ཞུས་པ་ཙམ་གྱིས་ཀྱང་ཕྱི་རབས་པ་དག་ལ་ཕན་འབྲས་བླ་ན་མེད་པ་ཐོན་ལོས་འོངས་སྙམ་པས་ཀུན་ནས་བསླང་སྟེ་སྤྱི་ལོ༢༠༡༥ལོའི་ཟླ༡ཚེས༡༧ལ་བྲིས་པ་དགེའོ།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།