中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > པར་མཛོད། > པར་མཛོད། >
༄༅།། ཀན་ལྷོའི་བྲིས་པ་སྐལ་བཟང་ཚེ་བརྟན་དང་ཁོའི་ཡིག་གཟུགས་བརྩམས་ཆོས།
དུས་ཚོད།2017-07-14 11:49:32     རྩོམ་གྱི་ཡོང་ཁུངས།    ཆུང་། | འབྲིང་། | ཆེ།
  སྐུ་ཞབས་སྐལ་བཟང་ཚེ་བརྟན་ནམ་པིར་མིང་ལ་ཨ་སྨྱོན་དུ་འབོད་པ་ཁོང་ནི༡༩༧༧ལོར་མདོ་སྨད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་གི་ཁོངས་གཏོགས་ཟམ་ཚ་ཤང་རྡོ་གཟུགས་མདོ་སྡེ་བ་ནས་སྐྱེས་ཤིང་། ཕ་ཡུལ་ཀླུ་ཆུའི་ས་ཁུལ་གྱི་སློབ་ཆུང་དང་སློབ་འབྲིང་བརྒྱུད་ནས་མཐར༡༩༩༤ལོར་ཀན་ལྷོ་བོད་རིགས་འབྲིང་རིམ་ཆེད་གཉེར་སློབ་གྲྭའི་སྒོ་ཐེམ་ལ་ཞུགས་པའི་སྐལ་བ་ཐོབ་པ་རེད།
  ཚེ་སྔོན་ལས་དང་བསོད་ནམས་ཀྱི་དབང་གིས་སློབ་གླིང་དེ་ནས་བོད་ཀྱི་ཡིག་བྲིས་པ་གྲགས་ཅན་རྒན་རྡོ་བྷ་ལགས་དགེ་རྒན་དུ་བསྟེན་པའི་ལས་སྐལ་གྱི་མཐུ་ལས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་འདི་རང་གི་མི་ཚེ་ཧྲིལ་བོའི་འཚོལ་སྙེག་དང་དགའ་ཕྱོགས་རིགས་ཤིག་གི་མངལ་དུ་སྦྲུམ་པ་རེད། དུས་དེ་ནས་བཟུང་ཁོང་གིས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་འདི་རང་གི་མི་ཚེའི་ཚེ་ནོམ་ཞིག་ཏུ་རློམ་ནས་འབད་པ་ལྷུར་ལེན་སྒོས་སྦྱངས་པ་བྱས་ཤིང་། འཛིན་གྲྭའི་ནང་ནས་ཀུན་གྱི་བསྟོད་པ་བྱ་ཡུལ་དུ་གྱུར།
  ༡༩༩༨ལོར་སློབ་མཐར་ཕྱིན་པ་དང་མཉམ་དུ་ཕ་ཡུལ་ནས་དགེ་རྒན་གྱི་ལས་ཀ་གཉེར་བ་རེད། སློབ་གྲྭ་དེའི་སློབ་རའི་རིག་གནས་ཀྱི་མཁའ་དབུགས་ཇེ་ལེགས་སུ་གཏོང་ཕྱིར་སློབ་གྲྭའི་ཕྱི་ནང་ཀུན་ལ་རང་གི་ཐུན་མོང་མ་ཡིན་པའི་ཡིག་གཟུགས་སྤྱད་དེ་ལེགས་བཤད་དང་བསླབ་བྱ་གང་མང་བཀོད་པས་དགེ་སློབ་ཡོངས་དང་ཡུལ་དེའི་མང་ཚོགས་ཀུན་གྱི་མིག་གི་དགའ་སྟོན་ཞིག་ཏུ་གྱུར་པ་རེད། སློབ་གྲྭ་དེ་ནས་ཁོང་གིས་ཡིག་གཟུགས་ལ་དུང་བའི་སློབ་མ་རྣམས་ལ་སློབ་གསེང་གི་དུས་སུ་ཡིག་གཟུགས་ཀྱི་སློབ་ཁྲིད་སོགས་རྒྱུན་མ་ཆད་པས། ཁོང་གིས་ཁྲིད་སྟོན་བྱས་པའི་སློབ་མ་རྣམས་ཀྱི་ཡིག་གཟུགས་ཀྱང་དགེ་སློབ་ཀུན་གྱི་བསྟོད་ཡུལ་དུ་གྱུར་ཡོད། ༢༠༡༤ལོར་ཁོང་རྫོང་སློབ་གསོ་ཅུས་ལ་ལས་གནས་སྤོར་བ་དང་། ལས་གྲོགས་རེ་འགས་ཡང་ཡང་སྐུལ་ངོར་ཁོང་གིས་གློག་ཀླད་ཡིག་མཛོད་གསར་བ་ཞིག་གསར་བཟོ་བྱེད་པའི་དཀའ་ཚེགས་ཆེ་བའི་ལས་འགན་ཁུར་དུ་བླངས་ཤིང་། དུས་ཡུན་མི་ལོ་གཉིས་ཙམ་གྱི་རིང་ལ་འབད་པ་བྱས་མཐར༢༠༡༥ལོའི་ལོ་མཇུག་ལ་གཡུ་གཟུགས་དབུ་ཅན་གྱི་གློག་ཀླད་ཡིག་མཛོད་ཆ་ཚང་ཞིག་དང་གཞན་ད་དུང་གཡུ་གཟུགས་མཛེས་རྩལ་ཡིག་མཛོད་རིགས་གཉིས་ལེགས་འགྲུབ་བྱུང་ནས་ཧི་གཟུགས་བོད་ཡིག་ཕབ་འཇུག་མཉེན་ཆས་ནང་བདེ་ལེགས་སུ་སྤྱོད་ཐུབ་པ་བྱུང་ཡོད།།








Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།