中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > པར་མཛོད། > པར་མཛོད། >
༄༅།། གླིང་སྟོད་འབྲོང་ཡུལ།
དུས་ཚོད།2016-03-15 10:37:10     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ། རྩོམ་སྒྲིག་པ་གཅོད་པ་སྐྱབས།    ཆུང་། | འབྲིང་། | ཆེ།
 
 
 
 
 
 
 
  འབྲོང་ནི་མཚོ་ངོས་མཐོ་ཚད་མུས་3000ནས་6000ཡས་མས་ཀྱི་གངས་རི་དང་སྤང་རིར་གནས་འཆའ་བའི་མཚོ་བོད་མཐོ་གཞོངས་ཀྱི་ཁྱད་ནོར་ཞིག་ཡིན་ལ། དུས་བཞིར་རྩ་དང་ཆུ་ཁོ་ནར་བརྟེན་པའི་སྟོབས་ལྡན་གྱི་གནག་ཕྱུགས་རིགས་ཤིག་ཏེ། ལུས་ཀྱི་རྩུབ་ལ་རིང་བའི་རྩིད་པ་དེར་གྲངའགོག་གི་ནུས་པ་ཆེན་པོ་ལྡན་པ་དང་།ལུས་ཀྱི་ཆགས་ཚུལ་དང་ཤ་གནད་ཀྱི་གྲུབ་སྟངས་ལས་གཉའ་དང་སྐེ་ཡིས་ཤེད་ཤུགས་བློ་ཡུལ་ལས་འགོངས་པ་ཞིག་ཡིན་འདུག  འབྲོང་བཏུལ་ནས་གཡག་ཏུ་རྒྱུད་སྤེལ་བས་རྨོ་ཞིང་དང་ཁལ་འགེལ་བ་སོགས་འགྲིམ་འགྲུལ་ཡོ་བྱེད་གཙོ་བོ་གཡག་ཡིན་ལ། དེའི་ཤ་ཟས་སུ་སྤྱད་པས་ས་མཐོར་འཚོ་བའི་མི་ལ་རང་བཞིན་གྱིས་གྲང་བ་འགོག་པའི་ནུས་པ་བསྐྱེད་པ་དང་། ཁོལ་དང་རྩིད་པས་མགོ་སྦྲ་གྲུ་བཞི་དང་སྣོད་དང་གྱོན་པ་ཡང་བཟོ་བར་བྱེད་པ་དང་། ཐ་ན་འབྲོང་རྭ་དེ་ཡང་གནའ་མིས་སྣ་གཅུ་བྱེད་པ་ཁ་དཔེར།འབྲོང་རྭ་བཀུག་ནས་སྣ་གཅུ་བྱས། ཙན་དན་བཅག་ནས་མེ་ཡོག་བྱས་ལྟ་བུའི་མཚོན། དེ་བས།འབྲོང་ལ་མཐོ་སྒང་གི་གྲུ་གཟིངས་དང་བོད་ཀྱི་ཁྱད་ནོར་གྱི་ཆོ་ལོ་དང་སྙན་པ་གང་སར་ཁྱབ་ཡོད་པ་དང་བོད་ཡུལ་ལ་འབྲོང་གི་ཕ་ས་ཞེས་བའི་བསྔགས་བརྗོད་ཀྱི་མེ་ཏོག་གང་སར་གཏོར་བ་འདི་ཡང་དོན་དང་མཐུན་པའི་གཏམ་དུ་གནས་པས། སྟོད་མངའ་རིས་ནས་བཟུང་ཏེ་བོད་ཁམས་འབྲོག་གི་ས་ཆ་ཕལ་མོ་ཆེར་འབྲོང་ཁྱུ་འཚོ་སྡོད་བྱེད་ལ་འབྲོང་གི་རིག་གནས་ཕུན་སུམ་ཚོགས་པར་དར་ཡོད།
འབྲོང་དེ་བོད་ཀྱི་དམངས་ཁྲོད་རིག་གནས་ལོ་རྒྱུས་ལ་ཡང་འབྲེལ་བ་ངེས་ཅན་ཞིག་ཡོད་པ་དཔེར་ན། བུ་ཞིག་སྐྱེས་མ་ཐག་འབྲོང་སྙིང་བཟའ་རུ་བཅུག་ན་སྙིང་ཁམས་ཆེ་བའི་དཔའ་བོར་འགྱུར་བར་བཤད་ཅིང་། འབྲོང་ཁྲག་ཀྱང་བོད་ཀྱི་གསོ་རིག་གི་སྨན་སྦྱོར་དུ་བྱེད།  འབྲོང་མགོ་དེ་རྡེའུ་འབུམ་སྟེང་དུ་བཞག་ནས་བླ་རུ་བཀུར་བ་ལྟ་བུ་བྱེད་པ།  འབྲོང་ལོ་རྩེད་ཞེས་པའི་གར་ལ་འགྲོ་བའི་རྩེད་རིགས་དར་ཆེ་བ། གཞན་འབྲོང་གི་མིང་དེ་ཡར་ལུང་སྟོད་རྒྱུད་ཀྱི་འབྲོང་པ་ལྟ་བུའི་ཡུལ་གྱི་མིང་དང་འབྲོང་མཚོ་ལྟ་བུའི་ཆུ་མིང་། བོད་ལ་ཆེས་ཐོག་མར་དཀར་ཡོལ་དར་བར་བཤད་པའི་དུས་ཀྱི་འབྲོང་གཉན་ལྡེའུ་དང་སྤུར་རྒྱལ་བཞི་བཅུ་བ་འབྲོང་ཞེར་ལེགས་ལྟ་བུའི་སྤུར་རྒྱལ་བཙན་པོའི་རུས་སམ་མཚན་ལ་འབྲོང་འབྲི་བ་ལྟ་བུ། ཡང་གེ་སར་སྒྲུང་དུ་འང་འབྲོང་གི་སྐོར་མང་དུ་གླེང་ཡོད་པར་བཤད་པས།རིག་གནས་ལོ་རྒྱུས་འདི་དག་རེ་རེ་ལ་ཞིབ་འཇུག་གི་རིན་ཐང་ངེས་ཅན་ཞིག་ལྡན་པ་གདོན་མི་ཟ་ལ།བོད་ཀྱི་རིག་གནས་ལོ་རྒྱུས་ཀྱི་འཕེལ་རིམ་སྤྱི་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཡོད་པ་འང་བསྙོན་མེད་ཡིན་ནོ།
འབྲོང་དེ་སྤྱིར་བཏང་ཞིན་ཅང་ཡུ་གུར་གྱི་ལྷོ་རྒྱུད་དང་། མཚོ་སྔོན། བོད་ལྗོངས། ཀན་སུའུ་ནུབ་བྱང་དང་སི་ཁྲོན་གྱི་ནུབ་རྒྱུད་དུ་འཚོ་སྡོད་བྱེད།  དེས་ན། རྨ་ཆུ་རྫོང་ནི་གོང་སྨོས་འབྲོག་ཐང་འདི་དག་དཀྱིལ་རྒྱུད་དུ་གནས་བའི་འབྲོག་རྫོང་ཆེ་ཤོས་ཡིན་པས་འབྲོང་གི་སྲོག་ཆགས་དང་གོང་སྨོས་འབྲོང་གི་རིག་གནས་འདི་དག་ཆེས་ཆེར་དར་བའི་རྫོང་ཞིག་རེད། རྨ་ཆུ་ནི་རང་བཞིན་གྱིས་འབྲོག་ཐང་ཡངས་ཞིང་རྒྱ་ཆེ་བ་ཟད་གེ་སར་སྒྲུང་ལས་བཤད་པའི་མཐོན་པོ་དགུ་སྒྲིག་སོགས་ཀྱིས་མཚོན་པའི་རི་ཆེན་དགུ་ཡིས་བསྐོར་བའི་འ་སྡེ་ཆེན་པོ་ཞིག་ཡིན་པས།གནའ་ལ་གནས་འདིར་རྐྱང་དང་འབྲོང་ཁྱུ་གང་སར་བག་ཡངས་ཀྱིས་རྒྱུ་བར་རྒན་པོའི་ངག་རྒྱུན་དུ་མང་ལ། འབྲོང་རྭའི་སྒྲ་སྙན་ཅེས་པའི་རོལ་ཆས་འདི་བོད་ཁམས་ན་ཆེས་དར་ཆེ་བའི་རོལ་ཆས་ཤིག་ཀྱང་རེད། ཡུལ་དང་ས་མིང་ལས་འབྲོང་ཁིས་ཞེས་བའི་རྫོང་མཁར་ཤར་ཕྱོགས་ཀྱི་ས་མཚམས་ཀྱི་ཉག་གར་འབྲོང་གི་མིང་ཐོགས་པ་ཡོད་པར་གཞིགས་ན་ཡང་འབྲོང་ཡོད་པ་བསྙོན་མེད་རེད། རྨ་ཆུ་རྫོང་གི་བྱང་ཤར་གྱི་དཔྱི་ཁོག་ཏུ་དུས་ད་ལྟ་ཡང་འབྲོང་མགོ་ཧ་ཅང་ཆེན་པོ་རྙེད་རྒྱུ་ཡོད་པ་དང་། རྫོང་འདི་དང་ཤིན་ཏུ་ཉེ་བའི་ཁྱིམ་མཚེས་རྫོང་དེ་རྨ་ལྷོ་སོག་རྫོང་དུ་འབྲོང་དངོས་སུ་མཐོང་རྒྱུ་ཡོད་པར་བཤད་ལ། རྨ་ཆུ་རྫོང་དུ་ཨ་ཅི་ཚོད་ལྟའི་ས་ཚིགས་ཞེས་བའི་གཞུང་ཚུགས་ཞིབ་འཇུག་ས་གནས་ཤིག་ན་འབྲོང་རྒྱུད་སྤེལ་པའི་ཚོད་ལྟའི་ཕྱུགས་རྭ་ཞིག་ཡོད་པ་དེར་ད་ལྟ་འབྲོང་དང་འབྲི་མོ་སྡེབས་པའི་འབྲོང་རྒྱུད་དངོས་སུ་ཡོད། 
དེ་བས།བོད་ཁུལ་གྱི་སྙིང་ནོར་འདིར་རིམ་བཞིན་འཛམ་གླིང་དུ་མཐོང་ཆེན་བྱེད་པའི་སྒང་ཡིན་པས་འབྲོག་ཁུལ་རིག་གནས་ཀྱི་རྨང་རྡོ་ཇེ་བརྟན་དུ་གཏོང་དགོས་ན་འབྲོང་དང་འབྲོང་གི་རིག་གནས་ལ་འང་བདག་སྐྱོང་རྒྱུད་འཛིན་བྱེད་དགོས།
                                             པར་བ།  སྒར་མཚོ་ཕྲུག    ཡིག་མཁན། ཨ་དོན།
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།