中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > པར་མཛོད། > པར་མཛོད། >
༄༅།། མཛེས་སྡུག་ཡིད་འོང་གི་རྐྱང་ཐང་མཚོ།
དུས་ཚོད།2016-03-28 15:53:30     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
   རྐྱང་ཐང་མཚོ་མོ་ནི་ཀན་སུའུ་ཞིང་ཆེན་གྱི་ཚྭ་མེད་མཚོ་དང་བོ་ཡིན་ལ། དེའི་ཆགས་གནས་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་ཁོངས་སུ་ཡོད། གནས་དེ་ནི་མཚོ་བོད་མཐོ་སྒང་ཤར་ཕྱོགས་ཀྱི་བརླན་ས་གཙོ་བོ་ཡིན། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུའི་འབྱུང་ཁུངས་གཙོ་ཞིག་ཀྱང་ཡིན་པས། མཐོ་སྒང་གི་མཁལ་མ་དང་མཐོ་སྒང་གི་ནོར་བུ་ཞེས་པའི་མཚན་སྙན་ཕྱོགས་ཀུན་ཁྱབ་ཡོད།
    བོད་རིགས་སྤུན་ཟླ་རྣམས་ཀྱིས་རྐྱང་ཐང་མཚོ་མོ་ཆགས་སའི་གནས་དེར་མཚོ་སྙིང་ཞེས་འབོད་ཀྱིན་ཡོད། རྐྱང་ཐང་མཚོ་འགྲམ་དུ་རྩྭ་དང་རྩི་ཤིང་འཛོམས་ཤིང་འདབ་ཆཊ་མང་བོས་དེར་ངལ་གསོ་རྒྱག་ཅིང་རྒྱུད་སྤེལ་བཞིན་ཡོད། ཁྲུང་ཁྲུང་སྐེ་ནག་དང་། ངང་བ་སོཊ་རྩ་ཆེན་འདབ་ཆགས་མང་བོ་མཚོ་འགྲམ་གྱི་རྩྭ་ཐང་དུ་གནས་ཡོད།
    དུས་བསྟུན་གནས་སྤོའི་བྱ་རིགས་མང་བོས་རླབས་ཕྲེང་ཆིལ་ཆིལ་གྱི་མཚོ་ངོས་སུ་རང་མོས་ཀྱིས་འཕུར་ལྡིང་བྱེད་པ་དང་དགའ་སྣང་གིས་བརྟས་ཏེ་རྩེད་དགའ་ལ་རོལ་བཞིན་མཆིས། མུ་མཐའ་བྲལ་བའི་རྩྭ་ཐང་དུ་ནོར་ལུག་གི་ཚོགས་ཀྱིས་སོས་དལ་བག་ཕེབས་ངང་རྩྭ་ཆུའི་བཅུད་ལ་རོལ་ཞིང་རྟ་མཆོག་གིས་བང་རྩལ་འགྲན་བཞིན་འདུག སྔོ་བསང་གི་ནམ་མཁའ་དང་སྤྲིན་དཀར་གྱི་བར་དུ་རང་བྱུང་གི་མཛེས་རིས་མཆོག་གྱུར་ཅིག་མངོན་འདུག
    ཡིན་ཡང་རང་བྱུང་གི་མཛེས་ལྗོངས་འདིའི་བཀྲག་མདངས་བར་སྐབས་ཤིག་ལ་ཉམས་སོང་སྟེ། དུས་རབས་སྔོན་མའི་ལོ་རབས་ལྔ་བཅུ་ནས་བཟུང་ཐན་པ་བྱུང་བ་དང་། ཕྱུགས་ཟོག་འཚོ་སྐྱོང་ཚད་ལས་བརྒལ་བ། སྐྱེ་དངོས་ལ་གཏོར་བརླག་ཐེབས་པ་བཅས་ཀྱི་དབང་གིས་རྐྱང་ཐང་མཚོ་མོའི་རྒྱ་ཁྱོན་ཇེ་ཆུང་དུ་སོང་སྟེ། སྤྱི་ལོ༡༩༩༥ལོ་དང༡༩༩༧ལོ། ༢༠༠༠ལོ་བཅས་ལ་སྔ་གཞུག་ཏུ་མཚོ་ཆུ་སྐམ་ནས་མཚོ་ཞབས་མཐོང་ཐུབ་པའི་ཚད་དུ་བསླེབས། ཉེ་འགྲམ་གྱི་རྩྭ་ཆུ་ཡང་ཉུང་དུ་ཕྱིན་ནས་ཕྱུགས་ཟོག་ལ་རྩྭ་ཟ་རྒྱུ་མེད་པར་གྱུར་པ་མ་ཟད་མི་ལའང་འཐུང་ཆུ་མེད་པར་གྱུར། ༡༩༩༨ལོར་རྐྱང་ཐང་མཚོ་མོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་གྲས་སུ་བཀོད། ༢༠༠༠ལོ་ནས་བཟུང་རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་ནས་རྐྱང་ཐང་བརླན་ས་སླར་གསོའི་བྱེད་སྒོ་སྤེལ་འགོ་བརྩམས་པས། རྐྱང་ཐང་མཚོ་མོའི་མཐའ་འཁོར་ས་ཁུལ་གཙོ་བོ་དག་ལ་ལྕགས་དྲ་བསྐོར་བ་དང་། ཆུ་དྲངས་ཤིང་། ཆུ་རགས་བཟོས་ཏེ་ཆུ་ཁུངས་གཏན་འཇགས་བྱས་པའི་ཞོར་ལ་ས་གནས་སྲིད་གཞུང་གིས་ཀྱང་རྩྭ་ས་བརྗེས་སྤོ་དང་རྩི་ཤིང་གསོ་སྐྱོང་། འབྲོག་པ་མང་ཚོགས་ལ་ལུགས་མཐུན་གྱིས་ཕྱུགས་ཟོག་འཚོ་སྐྱོང་གི་ཐབས་ལམ་བསྐྲུན་པ་སོགས་བརླན་ས་སླར་གསོའི་ལས་འགུལ་མང་བོ་སྤེལ།
    རྐྱང་ཐང་བརླན་ས་སྲུང་སྐྱོང་དང་སླར་གསོ་བྱེད་མགོ་ཚུགས་པ་ནས་བཟུང་། འདི་གའི་ཆུ་སྐྱེས་སྐྱེ་དངོས་རིགས་སྣ༤༩ལ་འཕར་བ་དང་། ཉ་རིགས་དང་སྐམ་ཆུ་གཉིས་འཚོའི་སྲོག་ཆགས། ལྟོ་བགྲོད་སྲོག་ཆགས། འདབ་ཆགས། གཅན་གཟན་སོགས་བརླན་སའི་སྲོག་ཆགས་རིགས་སྣ༩༥རུ་སླེབས་འདུག་ཟེར། ཆུ་བྱའི་རིགས་ཀྱི་ཁྲོད་དུ་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་གི་གྲས་སུ་བཀོད་པའི་ཁྲུང་ཁྲུང་སྐེ་ནག་དེ༢༠༠༤ལོར་བཅུ་ལྷག་ཙམ་ལས་མེད་པ་དང་། ད་ལྟ༡༣༠བར་འཕར་འདུག་ཟེར།
    རྐྱང་ཐང་མཚོ་མོས་ཀླུ་ཆུའི་འབྲོག་པ་མང་ཚོགས་གསོ་སྐྱོང་བྱེད་བཞིན་ཡོད་ལ། མི་རྣམས་ཀྱིས་ཀྱང་རྐྱང་ཐང་མཚོ་མོར་མཐོ་སྒང་གི་བླ་མཚོ་ཞེས་འབོད་ཀྱིན་ཡོད།
    ༢༠༡༡ལོའི་ཟླ་བཅུ་བར་རྐྱང་ཐང་མཚོ་མོ་རྒྱལ་སྤྱིའི་བརླན་ས་གལ་ཆེན་གྱི་མིང་མཛོད་དུ་བཀོད།
    མཚོ་བོད་མཐོ་སྒང་གི་མུ་མཐའ་བྲལ་བའི་རྩྭ་ཐང་གི་དབུས་དང་། ཨ་སྔོན་དང་མཚོ་མོའི་བར་ན་བྱ་བྱེའུ་སྣ་ཚོགས་འཕུར་ལྡིང་གི་གར་ལ་རོལ་བཞིན་པ་དང་། ཕྱུགས་ཟོག་སྣ་ཚོགས་བག་ཕེབས་ངང་རྩྭ་ཆུའི་བཅུད་ལ་རོལ་བཞིན་ཡོད་པས། ད་ལྟ་གནས་དེ་མི་ཡུལ་གྱི་དག་ཞིང་ཞིག་ཏུ་གྱུར་ཡོད།།  




Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།