中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > རིག་གནས་མི་སྣ >
༄༅།། བོད་ཀྱི་སྐད་བརྡ་རིག་པའི་ཆེད་མཁས་པ་ཡེ་ཤེས་འོད་གསལ་ཨ་ཚོགས་ལགས་ཀྱི་མི་ཚེའི་འགྲུལ་བཞུད།
དུས་ཚོད།2017-09-08 16:30:10     རྩོམ་གྱི་ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།    ཆུང་། | འབྲིང་། | ཆེ།
བོད་ཀྱི་སྐད་བརྡ་རིག་པའི་ཆེད་མཁས་པ་ཡེ་ཤེས་འོད་གསལ་ཨ་ཚོགས་ལགས་ཀྱི་མི་ཚེའི་འགྲུལ་བཞུད།

\

  ཀུན་གྱིས་ཁོང་གི་མིང་ལ་ཨ་ཚོགས་ཞེས་འབོད་ཅིང་། དོན་དམ་དུ་ཁོང་གི་མིང་ལ་ཚེ་རིང་ཕུན་ཚོགས་ཟེར། ཁོང་ནི་བོད་བརྒྱུད་ནང་བསྟན་གྱི་འཇིམ་བཟོའི་སྒྱུ་རྩལ་པ་ཞིག་ཡིན་ལ། ཡེ་ཤེས་འོད་གསལ་ཨ་ཚོགས་ཞེས་པའི་མིང་འདི་ནི་ཁོང་གི་དགེ་རྒན་གྱིས་བཏགས་པའི་མིང་ཞིག་ལགས། ཁོང་ནི་སྤྱི་ལོ1969ལོར་ཁམས་མི་ཉག་ནུབ་ཕྱོགས་ཀྱི་ད་ལྟའི་ཉག་ཆུ་རྫོང་དུ་སྐྱེས་ཤིང་། སྐད་བརྡ་རིག་པའི་འབུམ་རམས་པ་དང་ནན་ཁའེ་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན། ནན་ཁའེ་སློབ་གྲྭ་ཆེན་མོའི་རྒྱ་བོད་སྐད་བརྡ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་བཅས་ཡིན་པར་མ་ཟད། ཀྲུང་གོའི་མི་རིགས་སྐད་ཡིག་སློབ་ཚོགས་ཀྱི་ལས་འཛིན་པ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་སྐད་ཡིག་ཆེད་མཁས་པའི་མཛུབ་སྟོན་ཨུ་ཡོན། སློབ་གསོ་པུའུ་ཡི་དུས་རབས་གསར་པའི་འཇོན་ཐང་ལྡན་པའི་འཆར་གཞིའི་ཆེད་མཁས་པ་བཅས་ཡིན། སྔོན་ཆད་དབྱིན་ཇིའི་ལོན་ཏོན་སློབ་གྲྭ་ཆེན་མོའི་འབུམ་རམས་པ་ཕྱི་ཚར་གྱི་ལས་གཞིའི་ཞིབ་འཇུག་པ། ཉི་ཧོང་ཏུང་ཅིན་སློབ་གྲྭ་ཆེན་མོ་དང་ཨ་མེ་རི་ཁའི་མཱ་ལི་ལན་སློབ་གྲྭ་ཆེན་མོའི་འཚམས་འདྲིའི་ཆེད་མཁས་པ་ཡིན།
  ང་ཚོས་དགེ་རྒན་ཨ་ཚོགས་ལགས་ཀྱི་མི་ཚེ་འགྲུལ་བཞུད་གཙོ་བོ་ཕྱོགས་གསུམ་ནས་ངོས་འཛིན་བྱས་ཆོག་སྟེ། གཅིག་ནི་དཀའ་བ་ཁྱད་དུ་བསད་ནས་ཤེས་རིག་གི་ཐང་ཆེན་ནས་བརྩོན་འགྲུས་ཀྱི་རྟ་ཕོར་ལྕག་གིས་སྐུལ་བའི་བྱིས་དུས་ཀྱི་ལོ་ཟླ་དང་། གཉིས་ནི་རྣམ་དཔྱོད་ཀྱི་གཤོག་ཟུང་ཆེ་ཆེར་བརྐྱངས་ནས་རིག་གཞུང་ཉམས་ཞིབ་ཀྱི་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པའི་གཞོན་པའི་ལོ་ཟླ། གསུམ་ནི་ཕ་སྐད་དང་སློབ་གསོའི་ལས་དོན་ལ་བརྩོན་པ་ལྷུར་བཞེས་ཀྱི་དར་མའི་ལོ་ཟླའོ། །
  དགེ་རྒན་ཨ་ཚོགས་ལགས་ཀྱིས་དགུང་ལོ་ལྔའི་སྟེང་ཕ་དབང་འདུས་དང་མཉམ་དུ་ཨ་ཕས་སློབ་གསོའི་ལས་དོན་བསྒྲུབ་སའི་ཞིང་གྲོང་གི་སློབ་ཆུང་ནས་སློབ་སྦྱོང་གི་དབུ་ཁྱུད་བྲིས་ཤིང་། རྗེས་ནས་རིམ་བཞིན་དམའ་འབྲིང་དང་འབྲིང་རིམ་དགེ་ཐོན་སློབ་གྲྭར་འགྲིམས། ཁོང་སློབ་ཆེན་འགྲིམ་མ་མྱོང་ཞིང་སློབ་མཐར་ཕྱིན་རྗེས་བོད་ཁུལ་གྱི་གྲོང་མཐའ་ཞིག་ཏུ་དགེ་རྒན་དང་། ཚེམས་བཟོ། ཤིང་བཟོ། ལྷ་སྐུའི་འཇིམ་བཟོ། རྩོམ་རིག་གསར་རྩོམ། སྦྲེལ་མཐུད་ཚོང་གཉེར་སོགས་དངོས་གཞི་དང་ལས་ཞོར་གྱི་ལས་ཀ་ལོ་ངོ་བཅུ་ལྷག་ལ་གཉེར།
  དགུང་ལོ་བཅོ་བརྒྱད་དེ་སྤྱི་ལོ1987ལོར་རང་སྦྱོང་རྒྱུགས་སྤྲོད་ལ་ཞུགས་ཤིང་། དུས་དེ་ནས་བཟུང་ཁོང་གི་དམིགས་བསལ་གྱི་སློབ་གཉེར་དངོས་སུ་མགོ་བརྩམས། ཕ་ཡུལ་གྱི་འགྲིམ་འགྲུལ་སྟབས་བདེ་མིན་ཞིང་གློག་དང་དེང་རབས་འཕྲིན་སྦྱོར་སོགས་ཀྱི་ཆ་རྐྱེན་ཞན་ཕྱིར་ཁོང་དར་རྩེ་མདོར་རྒྱུགས་སྤྲོད་དུ་ཕྱིན་ཐེངས་རེར་ཧ་ལམ་ཉིན་དྲུག་ལ་རྐང་ཐང་དང་ཉིན་གཉིས་ལ་རླངས་འཁོར་ལ་བསྡད་དེ་འགྲོ་དགོས། ཁོང་རང་སྦྱོང་རྒྱུགས་སྤྲོད་ཀྱི་དངོས་གཞི་སློབ་མཐར་ཕྱིན་རྗེས་རྐང་ཐང་ལ་སློབ་གྲྭར་རྒྱུགས་སྤྲོད་དུ་ཕྱིན་པའི་ལམ་ཐག་ལ་ཁྱོན་བསྡོམས་སྤྱི་ལེ2600ཡོད་པ་དང་། དེ་ནི་ཁོང་གི་ཕ་ཡུལ་ནས་སྟོད་ཉི་མ་ལྷ་སའི་བར་གྱི་ཕར་ཕྱིན་ཚུར་ལོག་གི་ལམ་ཐག་ཡིན་འདུག དགུང་ལོ་བཅུ་དགུའི་སྟེང་ཁོང་ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མིར་གྱུར་བ་དང་། དགུང་ལོ་ཉེར་གཉིས་ཀྱི་སྟེང་སྔོན་མའི་དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་གཡུང་དྲུང་བསྟན་པའི་རྒྱལ་མཚན་གྱིས་ཁོང་ལ་ནང་བསྟན་འཇིམ་བཟོ་སྒྱུ་རྩལ་པའི་མིང་སྟེ་ཡེ་ཤེས་འོད་གསལ་ཞེས་གསོལ། དགུང་ལོ་ཉེར་བརྒྱད་ཀྱི་སྟེང་རྒྱུགས་འབྲས་ཨང་དང་པོ་བླངས་ཏེ་ལྷོ་ནུབ་དགེ་ཐོན་སློབ་གྲྭ་ཆེན་མོའི་མཚན་ཉིད་རིག་པའི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད། དུས་དེ་ནས་བཟུང་ཁོང་ཐོག་དང་པོར་རང་ཉིད་གཉོམ་ལག་རྒྱས་སའི་ཕ་ཡུལ་དང་ཁ་བྲལ་ནས་ནང་ལོག་ལ་ཕྱིན་ཏེ་གློག་སྒྲོན་འོག་ཏུ་འཛམ་གླིང་ཤར་ནུབ་ཀྱི་མཚན་ཉིད་རིག་པར་འབད་པ་བརྒྱ་དང་བརྩོན་པ་སྟོང་གིས་སྦྱངས། དགུང་ལོ་སོ་བཞིའི་སྟེང་ནན་ཁའེ་སློབ་གྲྭ་ཆེན་མོ་ནས་འབུམ་རམས་པའི་སློབ་མཐར་ཕྱིན་ཏེ་སློབ་གྲྭ་དེ་གར་དགེ་རྒན་གྱི་ཕྱག་ལས་གནང་། ལོ་གཉིས་པར་སློབ་ཆེན་གྱི་འཆད་ཁྲིད་པའི་གོ་གནས་ཐོབ་པར་མ་ཟད། ཁོང་ལ་དམིགས་བསལ་གྱིས་སློབ་དཔོན་ཆེན་མོ་གཞོན་པའི་གོ་ཐོབ་སྤྲད། ལོ་གསུམ་པ་སྟེ་དགུང་ལོ་སོ་བདུན་གྱི་སྟེང་ཁོང་ལ་དམིགས་བསལ་གྱིས་སློབ་དཔོན་ཆེན་མོའི་གོ་ཐོབ་སྤྲད་ཅིང་། ཁོང་ནན་ཁའེ་སློབ་གྲྭ་ཆེན་མོའི་ལོ་ན་ཆེས་གཞོན་པའི་རིག་ཚན་དགེ་རྒན་དུ་གྱུར།
  ཁོང་གིས་ད་ལྟའི་བར་སྙན་ངག་དང་ལྷུག་རྩོམ། བརྩམས་སྒྲུང་གཙོ་བྱས་པའི་སྒྱུ་རྩལ་བརྩམས་ཆོས་མང་པོ་བརྩམས་ཤིང་། དགོན་པ་དང་ལྷ་ཁང་ཁག་ཏུ་ཁོང་གིས་བཟོས་པའི་བོད་བརྒྱུད་ནང་བསྟན་གྱི་འཇིམ་བཟོའི་བརྩམས་ཆོས་བཅུ་ལྷག་མཆིས། ཁོང་གིས་སྐད་བརྡ་རིག་པའི་ཐད་ཀྱི་རིག་གཞུང་དཔྱད་འབྲས་ཀྱིས་རིག་གཞུང་ཞིབ་འཇུག་པའི་སྡེར་ཤུགས་རྐྱེན་ཆེན་པོ་ཐེབས་ཤིང་། སྔ་རྗེས་སུ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་རིག་གཞུང་བྱ་དགའ་བདུན་དང་སྐད་བརྡ་རིག་པའི་ཆེད་ལས་དང་འབྲེལ་བའི་རྒྱལ་སྤྱིའི་རྩེར་སོན་བྱ་དགའ་གཉིས་ཐོབ། ཁོང་གི་ཚབ་མཚོན་རང་བཞིན་གྱི་རིག་གཞུང་ཞིབ་འཇུག་གཙོ་བོ་གཤམ་གསལ་ལྟར།
  གཅིག་ནི་སྐད་ཡིག་གི་འབྲེལ་བ་དང་མཉམ་འདྲེས་གཞུང་ལུགས་ཐད་ཀྱི་ཞིབ་འཇུག་སྟེ། སྔོན་མའི་ཀྲུང་གོའི་སྐད་བརྡ་རིག་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐུ་ཞབས་ཧོ་མིན་དབྱང་གིས་མིང་དུ་གྲགས་པའི་《ཀྲུང་གོའི་སྐད་ཡིག》(2006)དུས་དེབ་ཏུ་ཁ་བྱང་ལ《མཉམ་འདྲེས་སྐད་ཡིག་གཞུང་གི་ཐོད་བརྒལ།》ཞེས་པའི་ཆེད་རྩོམ་ཞིག་བྲིས་ཏེ་ཆེད་དུ་རྒན་ཨ་ཚོགས་ལགས་ཀྱི་རིག་གཞུང་དཔྱད་འབྲས་ལ་གདེང་འཇོག་གནང་། སྐུ་ཞབས་ཧུའུ་མིང་དབྱང་གིས་ཆེད་རྩོམ་དེ་ལས། “རྩོམ་པ་པོས་བཏོན་པའི་སྐད་ཡིག་མཉམ་འདྲེས་དང་འབྲེལ་བའི་གཞུང་ལུགས་ནི་སྔོན་གྱི་སྐད་ཡིག་མཉམ་འདྲེས་དང་འབྲེལ་བའི་གཞུང་ལུགས་ཀྱི་ཐོད་བརྒལ་ཆེན་པོ་ཞིག་ཡིན་པར་མ་ཟད། སྐད་རིགས་ཁྱབ་ཁོངས་མང་པོ་ཞིག་གི་ཞིབ་འཇུག་ལ་མཛུབ་སྟོན་དང་བློ་འབྱེད་ཀྱི་ནུས་པ་ཐོན་པ་རེད།”ཅེས་བསྟན། རྒན་ཨ་ཚོགས་ལགས་ཀྱི་སྐད་ཡིག་མཉམ་འདྲེས་ཀྱི་ཞིབ་འཇུག་ལ་སྐབས་བཞི་པའི་ཀྲུང་གོའི་མཐོ་རིམ་སློབ་གྲྭའི་མི་ཆོས་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་དཔྱད་འབྲས་ཀྱི་བྱ་དགའ་ཨང་གཉིས་པ་དང་། སློབ་གསོ་པུའུ་ཡི་ཧུའོ་དབྱིན་ཏུང་གི་ཞིབ་འཇུག་བྱ་དགའ་སོགས་ཞིབ་འཇུག་ཁྱབ་ཁོངས་ཀྱི་བྱ་དགའ་ཆེན་པོ་ཐོབ་མྱོང་།
  གཉིས་ནི་བོད་སྐད་ཀྱི་སྒྲའི་སྡེབ་སྦྱོར་ཐད་ཀྱི་ཞིབ་འཇུག་སྟེ། སྤྱི་ལོ2003ལོའི་འབུམ་རམས་པའི་དཔྱད་རྩོམ་ནང་ཆེས་ཐོག་མར་སྒྲ་གདངས་ཚོད་ལྟའི་དཔྱད་ཐབས་གཞིར་བཟུང་ནས་ཨམ་སྐད་ལ་སྒྲ་མཐོ་བའམ་སྒྲ་ལྕི་བའི་ཁྱད་ཆོས་ཡོད་པའི་ལྟ་ཚུལ་བཏོན། དེ་རྗེས་མུ་མཐུད་དུ་གནའ་བོའི་བོད་སྐད་དང་དེང་རབས་ཀྱི་ས་གནས་སོ་སོའི་ཡུལ་སྐད་གཙོ་བྱས་ཏེ་བོད་སྐད་ལ་སྒྲ་གདངས་ལྕི་བ(སྒྲ་གདངས་མཐོ་བ།)དང་ཤུགས་དྲགས་གདངས་ལྕི་བཅས་རིགས་མི་འདྲ་བའི་སྒྲ་གདངས་ལྕི་བའི་མ་ལག་གཉིས་ཡོད་པ་ལུང་དང་རིགས་པས་བསྒྲུབས། གཞན་དེང་རབས་སྒྲ་གདངས་རིག་པའི་གཞུང་ལུགས་གཞིར་བཟུང་ནས་རིགས་མི་འདྲ་བའི་སྒྲ་གདངས་ལྕི་བ་གཉིས་ཚད་རིམ་མི་མཚུངས་པའི་སྡེབ་སྦྱོར་གཉིས་སུ་རྣམ་པར་དབྱེ། གོང་བརྗོད་ཀྱི་ཞིབ་འཇུག་དེ་དག་ནི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་གཙོ་གནད་ཞིབ་འཇུག་ལས་གཞིར་ཚུད་པ་དང་། ཁོང་གི་སྒྲའི་སྡེབ་སྦྱོར་གྱི་ཞིབ་འཇུག་གིས་བོད་སྐད་ཀྱི་སྒྲ་གདངས་རིག་པའི་ཞིབ་འཇུག་ལ་རྨང་གཞི་བརྟན་པོ་བཏིངས།
  གསུམ་ནི་བོད་སྐད་ཀྱི་ལོ་རྒྱུས་བྱུང་འཕེལ་དང་ཉེ་འགྲམ་སྐད་ཡིག་བར་གྱི་འབྲེལ་བའི་ཐད་ཀྱི་ཞིབ་འཇུག་སྟེ། སྔོན་མའི་རྒྱལ་ཁབ་སྐད་ཡིག་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་མིང་དུ་གྲགས་པའི་རྒྱ་བོད་སྐད་བརྡ་རིག་པ་བ་ཝང་ཅུན་གྱིས་རྒན་ཨ་ཚོགས་ལགས་ཀྱི་དཔྱད་འབྲས་ལ་འདི་ལྟར་གདེང་འཇོག་གནང་བ་སྟེ། རྒྱ་སྐད་དང་ཨར་ཐའེ་སྐད་བར་གྱི་བོད་སྐད་ཀྱི་ཕྱོགས་ཐ་དད་པའི་གྲུབ་ཚུལ་གྱི་གསར་རྙེད་ལ་རིན་ཐང་ཆེན་པོ་ལྡན་པར་མ་ཟད། ལུང་རིགས་ཁུངས་བཙུན་གྱིས་ལེགས་པར་བསྒྲུབས་འདུག(2003ལོའི་འབུམ་རམས་པའི་དཔྱད་རྩོམ་གྱི་ཆེད་མཁས་པའི་དཔྱད་འཇོག)རྒན་ཨ་ཚོགས་ལགས་ཀྱིས་ཞིབ་འཇུག་བྱས་པ་ལྟར་ན། བོད་སྐད་དང་ཉེ་འགྲམ་སྐད་ཡིག་གི་ལོ་རྒྱུས་ཀྱི་དབྱེ་མཚམས་དེ་རིག་གཞུང་པའི་སྡེ་ཡིས་གཅིག་མཐུན་གྱིས་ཁས་ལེན་བཞིན་པའི་རྒྱ་བོད་སྐད་སྡེའི་རྣམ་པ་དེ་ཙམ་མ་ཡིན་པར། དེ་ནི་ཕྱོགས་ཐ་དད་པའི་གྲུབ་ཚུལ་གྱི་འབྲེལ་བར་གྲུབ་པའི་རྣམ་པ་ཞིག་རེད། རྒྱའི་སྐད་དང་བསྡུར་ན་བོད་སྐད་ཀྱི་ལོ་རྒྱུས་རིང་ཞིང་ཚད་རིམ་མཐོ། བོད་སྐད་ཀྱི་ཆེས་སྔ་བའི་སྐད་དེ་གནའ་བོའི་ཆཱང་མིའི་སྐད་དང་ལྷོ་ཕྱོགས་ཀྱི་གནའ་བོའི་པའེ་ཡུའེ་སྐད་ཀྱི་མཉམ་འདྲེས་ལས་ད་གཟོད་གདོད་མའི་རྒྱ་སྐད་བྱུང་། དེ་བས་གདོད་མའི་རྒྱ་སྐད་ཀྱིས་བོད་སྐད་ཀྱི་རྩ་བའི་ཐ་སྙད་མང་པོ་ཞིག་གཡར་ཡོད་ནའང་བརྡ་སྤྲོད་ཀྱི་རྣམ་པའི་ཐད་ནས་རྒྱ་སྐད་དང་བོད་སྐད་ལ་གཅིག་མཐུན་གྱི་འབྱུང་ཁུངས་ཤིག་ཡོད་པའི་ལུང་ཁུངས་རྙེད་དཀའ། གོང་བརྗོད་ཀྱི་རྒྱ་སྐད་དང་བོད་སྐད་ཀྱི་འབྲེལ་བའི་ཞིབ་འཇུག་ལ་སྔོན་མའི་ཀྲུང་གོའི་སྐད་བརྡ་རིག་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། དགེ་རྒན་ཆེན་མོ་ཧུའུ་མིང་དབྱང་(2006)དང་རྒྱལ་སའི་དགེ་ཐོན་སློབ་ཆེན་གྱི་རྒྱའི་སྐད་ཡིག་ལོ་རྒྱུས་ཀྱི་ཆེད་མཁས་པ། དགེ་རྒན་ཆེན་མོ་ཧུང་པོ་(2008)སོགས་ཆེད་མཁས་པའི་ཁས་ལེན་ཐོབ། དེ་མིན། ཁོང་གིས་བོད་སྐད་དང་བྱང་རྒྱུད་ཀྱི་ཨར་ཐའེ་སྐད་ཀྱི་བརྡ་སྤྲོད་ཀྱི་གྲུབ་སྟངས་ལ་ཐུན་མོང་གི་ལོ་རྒྱུས་ཡོད་པར་ལུང་རིགས་གཉིས་ཀྱིས་བསྒྲུབས་ཏེ་བོད་དང་ཨར་ཐའེ་ཡི་བརྡ་སྤྲོད་མུ་རྒྱུན་དང་ཧི་མ་ལ་ཡ་དང་ཨར་ཐའེ་ཡི་བརྡ་སྤྲོད་མུ་རྒྱུན་ཞེས་པའི་ལྟ་ཚུལ་བཏོན། གོང་བརྗོད་ཀྱི་ཞིབ་འཇུག་ལ་རྒྱལ་ཡོངས་ཀྱི་ཕུལ་བྱུང་འབུམ་རམས་པའི་དཔྱད་རྩོམ་བརྒྱའི་བྱ་དགའ་དང་སྐབས་བཞི་བ་དང་ལྔ་བའི་ཀྲུང་གོའི་མཐོ་རིམ་སློབ་གྲྭའི་མི་ཆོས་སྤྱི་ཚོགས་ཚན་རིག་གི་དཔྱད་འབྲས་སོགས་རྒྱལ་ཁབ་རིམ་པའི་གཙོ་གནད་བྱ་དགའ་ཐོབ་པར་མ་ཟད། རྒྱལ་སྤྱིའི་ཀྲུང་གོའི་སྐད་བརྡ་རིག་པའི་མཐུན་ཚོགས(ཨ་མེ་རི་ཁ)ཀྱི་ན་གཞོན་ཞིབ་འཇུག་པའི་བྱ་དགའ་དང་ཆོའོ་པིན་ཝན་ཐེ་ཝང་རྒྱ་སྐད་ལོ་རྒྱུས་ཀྱི་སྒྲའི་སྡེབ་སྦྱོར་རིག་པའི་བྱ་དགའ་སོགས་སྐད་བརྡ་རིག་པའི་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་རྩེར་སོན་བྱ་དགའ་མང་པོ་ཐོབ།
  དམིགས་བསལ་གྱི་སློབ་གཉེར་འགྲུལ་བཞུད་དང་འབུར་ཐོན་གྱི་རིག་གཞུང་དཔྱད་འབྲས་ལས་གཞན། ཕ་སྐད་ཀྱི་སློབ་གསོ་དང་ཕ་སྐད་སྲུང་སྐྱོབ་ཐད་ལ་འབད་པ་བྱ་རྒྱུའང་རྒན་ཨ་ཚོགས་ལ་མཚོན་ན་གཡོལ་ཐབས་མེད་པའི་ཁ་ཕྱོགས་ཤིག་ལགས། ཁོང་གིས་ཁ་བཤད་ཆུ་ཡི་ལྦུ་བ་ལས་ལག་ལེན་གསར་གྱི་ཐིགས་པ་གཙོ་བའི་དཔེ་ལྟར་ཕ་སྐད་ལ་བཅངས་པའི་འགན་འཁྲི་དེ་ཁ་བཤད་དང་སྟོང་བསམ་ཙམ་མ་ཡིན་པར་དེ་འབྲེལ་གྱི་ཞིབ་འཇུག་དང་དངོས་མཐོང་གི་བྱ་བ་མང་པོ་བསྒྲུབས། ཁོང་གིས་ཞིབ་འཇུག་གི་གོ་རིམ་ཁྲོད“ཕ་སྐད་ཀྱི་ཡིག་རྨོངས”སོགས་ཀྱི་བརྡ་དོན་མང་པོ་ཞིག་གསར་དུ་བཏོན་ཞིང་།“འབྲེལ་འདྲེས་ཀྱི་གནོན་ཤུགས་ཚད་རིམ”སོགས་ཀྱི་བརྡ་དོན་སྤྱད་དེ་ཕ་སྐད་དར་རྒུད་ཀྱི་སྣང་ཚུལ་ལ་རིག་གཞུང་གི་ངོས་ནས་དབྱེ་ཞིབ་གནང་། དེ་མིན་ཁོང་གིས“ནུས་ཞན་སྐད་ཡིག་གི་གོམས་འདྲིས་ཀྱི་གནད་འགག་དུས་སྐབས”ཀྱི་ཐོག་མའི་ལྟ་ཚུལ་བཏོན་པར་མ་ཟད་ལུང་དང་རིགས་པས་ལེགས་པར་བསྒྲུབས། ཁོང་གིས་སྒྲིག་ལུགས་ཀྱི་གྲུབ་སྟངས་དང་གནད་འགག་གི་རིམ་པ། མཇུག་མཐའི་འབྲས་བུ་བཅས་ཟུར་ངོས་དུ་མར་མ་ལག་ལྡན་པའི་སྒོ་ནས་ཕ་སྐད་ཀྱི་དར་རྒུད་སྣང་ཚུལ་ལ་ཞིབ་འཇུག་གནང་བར་མ་ཟད། པེ་ཅིང་སློབ་གྲྭ་ཆེན་མོ་དང་ཞང་ཀང་སྐད་ཡིག་སློབ་གྲྭ་ཆེན་མོ། ཨ་མེ་རི་ཁའི་མ་ལེ་ལན་སློབ་གྲྭ་ཆེན་མོ། ཁེ་ན་ཏའི་མེ་ཅིར་སློབ་གྲྭ་ཆེན་མོ་སོགས་ཀྱི་རིག་གཞུང་དཔྱད་གླེང་ཚོགས་འདུ་གལ་ཆེན་ཁག་ཏུ་ཕ་སྐད་ཀྱི་དར་རྒུད་དང་འབྲེལ་བའི་གནད་དོན་ལ་བགྲོ་གླེང་གནང་། ཁོང་གིས“ནུས་ཞན་སྐད་ཡིག་གི་གོམས་འདྲེས་ཀྱི་གནད་འགག”གི་དུས་སྐབས་དང་དམའ་འབྲིང་བར་གྱི་རྨང་གཞིའི་སློབ་གསོའི་ཁྲོད་མི་རིགས་སྐད་ཡིག་དང་རྒྱ་སྐད་ཀྱི་ཡུལ་སྐད་སློབ་གསོར་ཤུགས་སྣོན་དང་ཕ་སྐད་སློབ་གསོ་ལ་མཐོང་ཆེན་བྱས་ཏེ་ཕ་སྐད་ཡིག་རྨོངས་སེལ་དགོས་པའི་བླང་བྱ་བཏོན། 2010ལོའི་ཟླ་10བར་སློབ་གསོ་པུའུ་དང་རྒྱལ་ཁབ་དམངས་དོན་ཨུ་ལྷན་ལ་འཕྲིན་ཡིག་བྲིས་ཏེ་མཚོ་སྔོན་གྱི་བོད་སྐད་ཡིག་གི་སློབ་གསོར་འགན་སྲུང་བྱ་དགོས་པར་འབོད་སྐུལ་བཏང་། དེ་མིན་ཁོང་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲིར་དང་ལེན་བྱས་ཏེ་དེ་འབྲེལ་གྱི་གནད་དོན་ལ་བགྲོ་གླེང་གནང་བ་དང་། བཅར་འདྲིའི་ནང་དོན་དག་བསྐྱར་དུ་བསྒྲིགས་ཏེ་ཁ་བྱང་ལ་《གྲངས་ཉུང་མི་རིགས་ས་ཁུལ་གྱི་སྐད་ཡིག་སློབ་ཁྲིད་ལེགས་པར་ཐག་གཅོད་པ་དེ་སྤྱི་ཚོགས་སྤྱིའི་འཆམ་མཐུན་དང་འབྲེལ་བ་དམ་ཟབ་ཡོད་པ།》ཞེས་བཅོས་ཏེ་ཆེད་དུ་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་མགོ་ཁྲིད་ཀྱི་ནང་ཁུལ་ཟུར་ལྟའི་དེབ་《རྒྱལ་ནང་གི་གནས་ཚུལ་ཟིན་བཀོད། 》ཞེས་པར་བདམས། 2013ལོར་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་ཁོང་ཉིད་མི་རིགས་སྐད་ཡིག་ཆེད་མཁས་པའི་བློ་འདྲི་ཨུ་ཡོན་དུ་གདན་ཞུ་གནང་བ་དང་། 2014ལོར་ཁོང་གིས་ཆེད་མཁས་པ་གཞན་དང་མཉམ་དུ་རྒྱལ་ཁབ་ལས་དོན་ཨུ་ལྷན་ལ་ཡིག་འབྲུ་ཁྲི་གསུམ་བདག་ཉིད་ཅན་གྱི་《བོད་སྐད་ཡིག་གི་བཀོལ་སྤྱོད་གནས་བབ་དང་། ཇུས་གཞི། ཁྲིམས་སྲུང་སྐོར་གྱི་བསམ་འཆར།》ཞེས་པའི་སྙན་ཞུ་ཡར་སྤྲད་ཅིང་སྙན་ཞུ་ལས་བྱེ་བྲག་གི་དོན་ཚན21བཏོན།
  སྤྱི་ལོ་2006ལོ་ནས་བཟུང་། ལོ་རེར་ནུབ་བྱང་ས་ཁུལ་གྱི་མཐོ་རིམ་སློབ་གྲྭའི་བོད་ཡིག་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ་དག་ནན་ཁའེ་སློབ་གྲྭ་ཆེན་མོར་སྐད་བརྡ་རིག་པའི་སློབ་ཁྲིད་ཟུར་ཉན་བྱེད་པའི་སློབ་སྦྱོང་གི་གོ་སྐབས་བསྐྲུན་ཞིང་། 2012ལོར་ལེགས་སྦྱར་སྐད་ནན་ཁའེ་སློབ་གྲྭ་ཆེན་མོའི་འབུམ་རམས་པའི་ཕྱི་ཡིག་རྒྱུགས་གཞིའི་གྲས་སུ་བཞག 2016ལོར་ཁོང་གིས་སྣེ་ཁྲིད་དེ་བོད་སྐད་ཞིབ་འཇུག་པ་དག་དང་ལྷན་དུ་སྐབས་དང་པོའི་རྒྱ་བོད་སྐད་བརྡ་རིག་པའི་དབྱར་སྦྱོང་འཛིན་གྲྭ་བཙུགས་པ་དང་སྐབས་དང་པོའི་བོད་ཀྱི་སྐད་བརྡ་རིག་པའི་བགྲོ་གླེང་ཚོགས་འདུ་འཚོགས། ཁོང་ལ་མ་འོངས་པར་དེ་འབྲེལ་གྱི་དབྱར་སྦྱོང་འཛིན་གྲྭ་མུ་མཐུད་དུ་སྒྲུབ་པའི་འཆར་གཞི་ཡོད་པར་མ་ཟད། བོད་སྐད་ཡིག་ཞིབ་འཇུག་གི་མུ་འབྲེལ་དཔྱད་རྩོམ་ཕྱོགས་བསྒྲིགས་པར་དུ་བསྐྲུན་པར་འབད་པ་བྱེད་མུས་སུ་མཆིས།
  གོང་བརྗོད་ཀྱི་རིག་གཞུང་ཞིབ་འཇུག་དང་ཕ་སྐད་སྲུང་སྐྱོབ་ཀྱི་ལས་ཀ་དང་བསྡུར་ཚེ་ཁོང་གི་རིགས་ཞེན་གྱི་མཚོ་ངོས་ལ་ང་རྒྱལ་གྱི་རླབས་ཕྲེང་ཡང་དང་བསྐྱར་དུ་སྐྱོམ་པར་བྱེད་པ་ནི་རྒྱུས་མེད་ཀྱི་ནང་ལོག་གྲོང་ཁྱེར་དུ་ཁོང་གི་བྱིས་པར་ཕ་སྐད་ཀྱི་རང་མདངས་བོར་དུ་མ་བཅུག་པ་དེ་རེད། བྱིས་པའི་ཕ་སྐད་སློབ་གསོའི་ཐད་ལ་ཁོང་དང་ཁོང་གི་ཁྱིམ་མིས་དཀའ་སྡུག་མང་པོ་མྱོང་ཡོད་དེ། ཁོང་གི་བྱིས་པ་ཆེ་བ་ལོ་ལྔའི་སྟེང་ཐེན་ཅིན་ལ་ཡོང་ནས་འཚོ་བ་རོལ་ཞིང་བུ་མོ་ཐེན་ཅིན་ནས་སྐྱེས། བྱིས་པ་གཉིས་ཀྱི་ཨ་མ་ནི་ཆའང་རིགས་ཡིན་པས་བོད་སྐད་བཤད་མི་ཤེས། དེ་ལྟ་བུའི་ཁོར་ཡུག་ནང་འཚར་ལོངས་བྱུང་བའི་བྱིས་པ་གཉིས་ཀྱིས་ད་ལྟ་བོད་སྐད་བཤད་ཤེས་པར་མ་ཟད། རང་ཁྱིམ་དུ་བོད་སྐད་བཤད་པར་རྒྱུན་འཁྱོངས་བྱེད་བཞིན་འདུག དེ་ལས་ཀྱང་གླེང་འོས་པ་ཞིག་ནི་ཐེན་ཅིན་ནས་འཚར་ལོངས་བྱུང་བའི་ཁོང་གི་བུ་མོས་ལོ་བཞིའི་སྔོན་དུ་བོད་སྐད་ལས་རྒྱ་སྐད་བཤད་མི་ཤེས་པ་དེ་རེད། བོད་ཀྱི་རིག་གནས་ཀྱི་ཁོར་ཡུག་དབེན་པའི་ནང་ལོག་གྲོང་ཁྱེར་ཞིག་ཏུ་སློབ་གཉེར་དང་འཚོ་བ་སྐྱེལ་བཞིན་པའི་ཁོང་གི་ཕ་སྐད་མ་བོར་བའི་ཁྱིམ་ཚང་སློབ་གསོའི་རྒྱབ་རོལ་གྱི་དཀའ་སྡུག་དང་ཕུར་ཚུགས་ཀྱི་ལངས་ཕྱོགས་དེ་ང་ཚོས་ངང་ངམ་ཤུགས་ཀྱིས་ཚོར་ངེས། དེ་བས་ང་ཚོ་མི་རེ་རེ་ནས་སྒྲོབ་བཤད་ཙམ་མ་ཡིན་པར་སྐད་ཡིག་གི་འཇིག་ཉེན་དང་ཕ་སྐད་ཀྱི་ཉམས་རྒུད་ལ་འཕྱར་བ་གྲུ་འདེགས་ཀྱིས་རང་གི་ནུས་པ་རེ་བཏོན་ཚེ་མཛེས་སྡུག་གིས་ཕྱུག་པའི་མཐོ་སྒང་འདིའི་བར་སྣང་དུ་ཕ་སྐད་ཀྱི་རླུང་རྟ་མུ་ནས་མུ་རུ་བསྐྱོད་ཐུབ་པར་གདོན་མི་ཟའོ། །

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།