中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > རིག་གནས་མི་སྣ >
༄༅།། རྒན་གྱའི་དཀོན་མཆོག་རྒྱ་མཚོ་ངོ་སྤྲོད་མདོར་བསྡུས།
དུས་ཚོད།2017-09-27 17:09:02     རྩོམ་གྱི་ཡོང་ཁུངས། ཨ་མྱེས་རྨ་ཆེན་འཕྲིན་སྟེགས། རྩོམ་པ་པོ། རི་སྔོན་འཕྲིན་ལས།    ཆུང་། | འབྲིང་། | ཆེ།
རྒན་གྱའི་དཀོན་མཆོག་རྒྱ་མཚོ་ངོ་སྤྲོད་མདོར་བསྡུས།

\
  རྒན་གྱའི་དཀོན་མཆོག་རྒྱ་མཚོ་ལགས་ནི་སྤྱི་ལོ་1979ལོར་མདོ་སྨད་རྒན་གྱའི་ཞོ་ཕུག་ཁས་པ་རུ་སྐུ་འཁྲུངས་ཤིང་། དགུང་ལོ་བཅུ་གསུམ་སྟེང་ནས་རྗེ་དགེ་འདུན་རྒྱ་མཚོའི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅོ་ལྔ་ནས་བཟུང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྩིས་རམ་པ་༧རྗེ་བསམ་འགྲུབ་རྒྱ་མཚོ་ཚང་གི་མདུན་ནས་ལམ་རིམ་དང་སྐྱབས་ཁྲིད་སོགས་གཙོས་སུམ་རྟགས་དག་གསུམ་དང་སྐར་རྩིས་རིག་པ་ལ་སྦྱང་བ་མི་དམན་པ་བྱས།
དགུང་ལོ་ཉི་ཤུའི་སྟེང་དབུས་ཉི་མ་ལྷ་སར་ཕེབས་ནས་འབྲས་སྤུངས་དགོན་པའི་རིག་གནས་དགེ་རྒན་གྱི་འགན་ཁུར་ཞོར་དགེ་བཤེས་སོག་པོ་བློ་བཟང་བསྟན་འཛིན་ཚང་གཙོས་དགེ་བཤེས་ཆོས་འཕེལ་རྣམ་རྒྱལ་དང་དགེ་བཤེས་ཡེ་ཤེས་དངོས་གྲུབ། དགེ་བཤེས་དཀོན་མཆོག་ཉི་མ་སོགས་བསྟེན་ཏེ་བསྡུས་གྲྭ་ནས་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱང་བ་དཔྱིས་ཕྱིན་པ་གནང་།
  སྤྱི་ལོ་2001ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་དགེ་བཤེས་ཀོའུ་བ་བརྩོན་འགྲུས་ཚང་དང་སྒྱིས་ཚང་བ་སྐལ་བཟང་ཡར་འཕེལ་སོགས་ཀྱི་མདུན་ནས་སྙན་ངག་མེ་ལོང་མ་དང་དབྱངས་ཅན་དགྱེས་གླུ། བོད་མཁས་པའི་སྒྲ་དབྱངས་རྒྱ་མཚོའི་འཇུག་ངོགས་སོགས་ཀྱི་ཁྲིད་རྒྱས་པར་གསན། ད་དུང་གུང་ཐང་འཇམ་པའི་དབྱངས་དང་བདེ་ཐང་ཞབས་དྲུང་རྗེ་དཀོན་མཆོག་མཁྱེན་རབ་རྒྱ་མཚོ་རྣམ་གཉིས་ལས་གསང་བ་སྔགས་ཀྱི་ཆོས་སྐོར་མང་ཙམ་གསན། དགུང་ལོ་ཉེར་ལྔའི་སྟེང་རྔ་ཡུལ་སྒོ་མང་དགོན་དུ་ཞུགས་ནས་ཡང་བསྐྱར་རྟགས་རིགས་ནས་བཟུང་སྟེ། གཞུང་ཆེན་བཀའ་པོད་ལྔར་སྦྱང་བ་བྱས། ཞོར་དུ་ཧྭར་བ་འཇམ་དབྱངས་བློ་གྲོགས་ཚང་གི་མདུན་ནས་དགའ་ལྡན་ལྷ་བརྒྱ་མ་དང་སུམ་རྟགས་སོགས་ཀྱི་ཁྲིད་མང་དུ་ཞུས།
གཙང་དཀའ་ཆེན་པ་བློ་བཟང་ཕུན་ཚོགས་ཀྱི་མདུན་ནས་རྣམ་འགྲེལ་ཐར་ལམ་གསལ་བྱེད་ཀྱི་ཁྲིད་རྒྱུན་ཡོངས་སུ་གསན་ཅིང་། རྔ་བའི་སྒྲ་བ་སྐལ་བཟང་དམ་ཆོས་ལགས་ཀྱི་མདུན་ནས་ལོ་ངོ་གསུམ་གྱི་ཡུན་ལ་སྒྲ་ཀ་ཙན་དབྱངས་གསུམ་པ་ཎི་བ་དང་བཅས་སྦྱང་བ་དཔྱིས་ཕྱིན་པ་མཛད། རྩིས་རམ་པ་རང་བྱུང་རྒྱ་མཚོའི་དྲུང་ནས་སྐར་རྩིས་ཀུན་འདུས་ནོར་བུའི་ཁྲིད་ཆ་ཚང་ལ་གསན། སྤྱི་ལོ2007ལོར་མདོ་ཁམས་འཇང་དགུན་ཆོས་ཚོགས་ཆེན་མོར་ཕེབས་ནས་མཁས་མང་འདུས་པ་རྒྱ་མཚོའི་དབུས་ནས་ཚད་མ་རྣམ་འགྲེལ་གྱི་གཞུང་གི་བགྲོ་གླེང་མཛད་པར་མདོ་དབུས་ཁམས་གསུམ་གྱི་མཁས་མང་དབུས་ནས་ཨང་དང་བོའི་བྱ་དགའ་བསྩལ།
  ད་ལྟའི་དབར་དུ་ཕྱོགས་སོ་སོའི་དགོན་པ་མང་བོར་ཕེབས་ཏེ་དཔེ་ཁྲིད་གནང་ཞིང་རང་ས་གནས་ཀྱི་རྒན་གྱའི་ཡུལ་མི་ཚོར་དུས་རྒྱུན་དབང་བཀའ་ཆོས་མང་བོ་གནང་བཞིན་མཆིས་ལ། རྒྱུན་པར་རྒན་གྱའི་བྲག་དཀར་དགོན་པར་བཞུགས་ནས་དཔེ་ཁྲིད་གནང་ཞོར་ཉིན་མཚན་དུས་དྲུག་ཏུ་དཔེ་ཀློག་གི་ལས་ལ་བྲེལ་བཞིན་མཆིས།
  ད་ལྟ་ཁོང་གི་གསུང་རྩོམ་ལ«ཨ་འདུས་དགོན་པའི་ལོ་རྒྱུས»«ཀུན་ཕན་རིག་པའི་འོད་སྣང་།»«རྒན་གྱའི་བྲག་དཀར་དགོན་པའི་གདན་རབས།»«ཨ་མདོ་ལྷ་ཁང་ཀ་མེད་ཀྱི་དཀར་ཆག»«བརྡ་སྤྲོད་དཀའ་འགྲེལ།»«རྣམ་འགྲེལ་མཐའ་དཔྱོད་ཀྱི་མཚན་འགྲེལ་ཀུན་མཁྱེན་ཞལ་ལུང་།»«ཡང་དག་རིག་པའི་ངར་སྐད།»«མདོ་སྨད་རྒན་གྱའི་ལོ་རྒྱུས་སྔོན་བྱུང་གསལ་བའི་མེ་ལོང་།»«བྱང་ཆུབ་ལམ་རིམ་ཆེན་མོའི་བརྗེད་བྱང་དྲང་སྲོང་བཤུལ་ལམ།»ས་རྩིས་སྒྲ་ཚད་ལོ་རྒྱུས་སྐོར་གྱི་ཆེད་རྩོམ་ཕྱོགས་བསྒྲིགས།»«གྲུབ་མཐའ་རྩ་བའི་གསལ་འགྲེལ་དང་དཔའ་རིས་རབ་གསལ་ཚང་གི་རྣམ་ཐར།»«ལེགས་བཤད་ཉི་མའི་སྣང་བ།»སོགས་བཞུགས། ཁོང་ནི་ད་ལྟའི་དུས་འདིར་ངེས་དོན་གྱི་དགེ་བཤེས་དང་འདུལ་འཛིན་པ། མཁས་པ་དངོས་ཤིག་གོ། །
རྩོམ་སྒྲིག་པ། རྡོ་རྗེ་བཀྲ་ཤིས།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།