中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > རིག་གནས་མི་སྣ >
༄༅།། གཙང་མཁས་གཞན་ལ་ཕན་པའི་བཤེས་གཉེན་གང་།། བྱིས་བློའི་མུན་པ་སེལ་བའི་སྒྲོན་མེ་ཡིན།། --ཀླུ་ཆུ་རྫོང་མ་ངེ་གྲོང་བརྡལ་ལྟེ་བའི་སློབ་ཆུང་གི་དགེ་རྒན་ཐང་དགེ་སྒྲོལ་དཀར་སྐྱབས་ཀྱི་གནས་ཚུལ་རགས་བཀོད།
དུས་ཚོད།2019-12-23 10:19:57     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། རྩོམ་པ་པོ། ཅོར་འཇམ།    ཆུང་། | འབྲིང་། | ཆེ།
    དང་པོ། རྩྭ་ཐང་གི་འབྲོག་ཕྲུག་ཅིག་ནས་དཀར་ནག་གི་ཡི་གེ་འཚོ་བའི་རྫི་བོ་ཞིག་ཏུ་གྱུར་པ།
   དེ་ཡང་བོད་ཀྱི་རིག་གནས་ལ་དུངས་ཞེན་ཆེ་ཞིང་གཞན་ལ་ངོམ་རིན་དུ་ཡོད་པའི་རྐང་རྗེས་ཤར་མོ་གཅིག་རུས་པའི་རྐང་ལ་འཇོག་བཞིན་པའི་ཀླུ་ཆུ་རྫོང་མ་ངེ་ལྟེ་བའི་སློབ་ཆུང་གི་དགེ་རྒན་ཆེན་མོ་གཞོན་པའི་ལས་ཐོབ་ཅན་གྱི་སློབ་གསོ་བའམ་སྒྱུ་རྩལ་བ། རྩོམ་པ་པོ། རོལ་མོ་བ། མདོ་འཛིན་པ། རྡུང་ལེན་པ། ཡིག་བྲིས་པ། དིང་གླིང་རིག་གནས་རྒྱུན་འཛིན་པ་སོགས་ཀྱི་བདག་ཉིད་དུ་གྱུར་པའི་དགེ་རྒན་ཐང་དགེ་སྒྲོལ་དཀར་སྐྱབས་ལགས་ནི༡༩༦༨ལོའི་ཟླ༩བར་མདོ་སྨད་ཀླུ་ཆུའི་སྟོད་རྒྱུད་དུ་ཆགས་པའི་ཡུལ་ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ནང་ཚན་ཐང་འཁོར་ནས་མི་ཡུལ་ལ་ངུ་ངག་གི་དབྱངས་རྟ་ཐོག་མ་གྱེར། ཆུང་དུས་སུ་དྲིན་ཆེན་ཕ་མའི་བཀའ་དྲིན་ལས་དཀར་ནག་གི་ནོར་ལུག་འཚོ་བའི་འབྲོག་ཕྲུག་ཆུང་ཆུང་ཞིག་ནས་རིག་གནས་སློབ་གླིང་གི་ཚེ་སྲོག་ལ་འཁྱུད་པའི་ཀ་ཁའི་རྫི་བོ་ཞིག་ལ་ལས་དབང་གི་མདུད་པ་དམ་དུ་ཐེབས། དེ་ནས༡༩༨༢ལོར་རང་ཡུལ་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་རབས་དང་པོའི་སློབ་མར་གྱུར་ཅིང་སློབ་གཉེར་ལ་དཀའ་སྤྱད་འབད་བརྩོན་བྱས་ཏེ་ཀན་ལྷོ་མི་རིགས་འབྲིང་རིམ་ཆེད་གཉེར་སློབ་གྲྭར་རྒྱུགས་འཕྲོད། དེ་ནས་བགྲང་བྱ་བཞི་ཡི་རིང་ལ་སློབ་ཆུང་དགེ་རྒན་གྱི་ཆེད་ལས་ལ་རྩེ་གཅིག་ཏུ་གཞོལ། ༡༩༨༩ལོར་བསླབ་མཐར་ཕྱིན་རྗེས་ཀླུ་ཆུ་རྫོང་རྫས་ཚ་སློབ་ཆུང་དུ་ལས་བགོ་བྱས། ཁོང་གིས་རྫས་ཚ་སློབ་ཆུང་དུ་དགེ་རྒན་དཀྱུས་མ་ཞིག་གི་མི་ཚེའི་འགྲུལ་བཞུད་ཀྱི་ལམ་ལ་འོད་སྟོང་ལྡན་པའི་དཔའ་ངར་གྱི་གོམ་པ་དང་པོ་དེ་ནས་སྤོས་ཤིང་། རྩྭ་ཐང་གི་ནམ་མཁའ་ལ་འཇའ་ཚོན་གྱི་ཁ་དོག་ལྟ་བུའི་རིག་ཚན་གཞན་པའི་སྒྱུ་འཕྲུལ་ཏེ་གླུ་དང་རྡུང་ལེན། ཞབས་བྲོ། གླིང་བུ་འབུད་པ། གཏམ་རྒྱུད་བཤད་པ། རི་མོ་འབྲི་བ། ལུས་རྩལ་སྣ་ཚོགས་ཀྱི་བྱེད་སྒོ་སྤེལ་བ་སོགས་ཀྱིས་རྫས་ཚའི་རྩྭ་ཐང་ལ་དཔྱིད་རླུང་གསར་བ་ཞིག་གི་དྲི་བསུང་ལྡང་བར་བྱས། དེ་ནས་ལོ་ངོ་གསུམ་གྱི་རྗེས་སུ་ཀླུ་ཆུ་རྫོང་མ་ངེ་ལྟེ་བའི་སློབ་ཆུང་དུ་ལས་གནས་སྤོས། སློབ་གྲྭ་དེ་ག་ནས་བགྲང་བྱ་ཉེར་དགུ་ལྷག་གི་ཡུན་ལ་བར་མ་ཆད་པར་སློབ་གསོའི་ལས་དོན་ལ་རང་ཉིད་ཀྱི་བླ་དང་ཚེ་དང་རྣམ་ཤེས་བཅས་པ་ཞུ་འབུལ་གནང་བའི་དོན་དང་ལྡན་པའི་རླབས་ཆེན་གྱི་སྤྱོད་པ་མུ་རུ་སྐྱོང་བཞིན་འདུག ཁོང་གིས་ད་ལྟའི་བར་དུ་ཀླུ་ཆུ་རྫོང་མ་ངེ་ལྟེ་བའི་སློབ་ཆུང་ནས་སློབ་སྟོན་པའི་འགན་ཁུར་མྱོང་ཞིང་ཁོ་རང་སློབ་གཙོ་དང་པོ་ལའང་བསྡད་མྱོང་། སྐད་ཡིག་སློབ་དཔྱོད་ཁང་གི་ལས་འཛིན་པ་བྱས་མྱོང་ལ་ད་དུང་ལོ་རིམ་ཁག་གི་གཙོ་སྐྱོང་བ་དང་ཁྱད་པར་ད་ལ་ཐུག་གི་བར་འཛིན་གྲྭའི་གཙོ་བདག་གི་འགན་ཁུར་བ་སོགས་བྱ་བ་ཆེ་འབྲིང་ཆུང་གསུམ་ཀུན་ལ་རང་ཉིད་ཀྱི་ཁ་ཞེ་གཉིས་མེད་དུ་སྟོབས་དང་ཤུགས་ཀྱི་ཟུངས་བཅུད་ཕངས་མེད་དུ་སྦྱིན་དང་སྦྱིན་བཞིན་པ་འདིའོ།། ཁོ་རང་ད་ལྟ་ཀན་ལྷོའི་སློབ་ཁྲིད་སློབ་གསོའི་སྟེང་གི་སྐར་མ་འོད་ཆེན་ལྟ་བུའི་དགེ་རྒན་ཞིག་ཡིན་པ་མ་ཟད་ཀན་ལྷོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་ཀན་ལྷོ་ཁུལ་རིམ་པའི་བྱ་རྒོད་དིང་རིའི་གླིང་བུ་རིག་གནས་རྒྱུད་འཛིན་པ། ཀླུ་ཆུ་རྫོང་རོལ་མོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ། རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་སོགས་ཀྱི་འགན་གཅིག་ལྕོགས་སུ་ཁུར་ཡོད།
   གཉིས་པ། ཕུགས་བསམ་གྱི་དར་ཆ་སྒང་ལ་བཙུགས་ནས་བརྩོན་འགྲུས་ཀྱི་ཆུ་འཛིན་རླུང་དང་འགྲོགས་པ།
   ཁོ་རང་དགེ་རྒན་གྱི་ཁྲིད་སྟེགས་སུ་བུད་དེ་མི་ལོ་སུམ་ཅུར་ཉེ་བའི་ཡུན་ལ་ཆེས་སྤྱིར་བཏང་གི་རྣམ་པས་སློབ་གསོའི་ས་ཞིང་ལ་སེམས་ཀྱི་རྔུལ་ཆུ་རྫོགས་མེད་པ་ཞིག་བཞུར་མྱོང་བ་དེ་ལ་མཐའ་མར་གྲུབ་འབྲས་ཀྱང་དགའ་འོས་པ་ཞིག་ཐོབ་མྱོང་སྟེ། ༢༠༠༩ལོསློབ་ཆུང་སློབ་མ་དམའ་འབྲིང་ལ་འཕར་བའི་སྐད་ཡིག་སྦྱང་གཞི་བྱིས་བློ་འབྱེད་པའི་ལྡེ་མིགཅེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། དཔེ་དེབ་འདི་ལ༢༠༡༠ལོར་ཀན་ལྷོ་ཁུལ་གྱི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ཅན་ཞེས་པའི་བྱ་དགའ་ཐོབ། ད་ལྟའི་བར་དུ་སློབ་ཆུང་སྐད་ཡིག་སྐོར་གྱི་དཔེ་དེབ༣༧ལྷག་སྒྲིག་རྩོམ་བྱས་ཏེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། ༢༠༠༤ལོར་ཀན་སུའུ་དགེ་འོས་སློབ་གླིང་གིརིག་གཞུང་དུས་དེབསྟེང་དུ་སྤེལ་བའིན་ཆུང་སློབ་མའི་ཀུན་སྤྱོད་ལ་དཔྱད་པཞེས་པར་ཁུལ་ཡོངས་ཀྱི་དུས་རབས་གསར་བའི་གླེང་སྟེགས་ཀྱི་ཕུལ་བྱུང་བྱ་དགའ་ཐོབ། ༢༠༡༡ལོར་མཚོ་སྔོན་རྒྱང་སྒྲོག་ཁང་གི༣༧༥ཐད་གཏོང་ལེ་ཚན་གྱི་གདན་ཞུས་ལྟར། གཞི་རིམ་སྐད་ཡིག་སློབ་གསོའི་སྐོར་གྱི་སེམས་གཏམ་ཞེས་པ་ཁ་པར་གྱི་སྐུད་སྣེ་བརྒྱུད་དེ་བོད་ཁམས་ཡོངས་ལ་ཐད་གཏོང་བྱས། ༢༠༡༢ལོར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གླེང་སྟེགས་ལེ་ཚན་གྱི་གདན་ཞུས་ལྟར། ཁོས་བཅར་འདྲི་དང་ལེན་བྱས་ཏེ་སློབ་གསོ་གཏོང་ན་གོ་སྐབས་ལ་བརྟེན་དགོས་ཞེས་པ་ཐད་གཏོང་བྱས། ༢༠༡༦ལོར་གངས་ལྗོངས་ཤེས་རིག་ནོར་བུ་སློབ་གླིང་གི་བོད་རྒྱ་དབྱིན་གསུམ་གྱི་གསར་འགོད་པའི་སློབ་གསོའི་སྐོར་གྱི་བཅར་འདྲི་དང་ལེན་བྱས་ཏེ་སྒྲ་གཟུགས་གཉིས་ལྡན་གྱིས་རྒྱལ་ཁབ་ཕྱི་ནང་ཀུན་ལ་དྲ་ལམ་སོ་སོ་ནས་བརྒྱུད་བསྒྲགས་བྱས་པ་སོགས་ལ་ཕྱོགས་སོ་སོའི་ཉན་མཁན་མང་པོས་དགའ་བསུ་དང་ཡུལ་སོ་སོའི་རིག་གནས་ལས་འཛིན་གྱི་སྨྱུག་ཐོགས་པ་གང་མང་མང་ཞིག་ལ་ངེས་པ་དོན་གྱིས་སློབ་གསོ་བ་ཞིག་གི་བག་ཆགས་གཏིང་ཟབ་མོ་བཞག མི་ལོ་དུ་མའི་རིང་ལ་ཁོས་སློབ་གསོ་ནི་རང་ཉིད་འཚོ་སྟངས་རྣལ་མ་ཞིག་ཏུ་ངོས་བཟུང་སྟེ། དགེ་རྒན་ཞིག་ཡིན་ན་དེ་ལ་སློབ་མ་སྐྱོང་བའི་འགན་འཁུར་ལྕི་མོ་ཡོད་པས་སློབ་ཁྲིད་བྱེད་པའི་དུས་སུ་རང་ཉིད་ལའང་རེ་བ་ནན་མོ་བཏོན་ཏེ་ཉི་མ་རེ་རེ་ལ་སློབ་ཁྲིད་ནན་ཏན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་སློབ་མ་རིས་སུ་མ་ཆད་པར་ངོས་སྙོམས་གཅིག་གི་སྟེང་ནས་འདྲ་མཉམ་དུ་ལྟ་ཞིང་། དགེ་སློབ་གཉིས་ལ་བར་ཐག་མེད་པའི་སློབ་གསོའི་མཁའ་དབུགས་ཡག་པོ་ཞིག་ཆགས་པར་ནམ་རྒྱུན་བྱིས་བློ་དང་མཐུན་པའི་ཁ་བརྡ་བྱེད་པ་དང་བྱིས་པའི་ན་ཚོད་དང་རན་པའི་སྤྲོ་སྣང་ཅན་གྱི་བློ་སྒོ་འབྱེད་ཐབས་བཅས་ལ་སུན་སྣང་མེད་པར་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་མཛད་མེད་དུ་བེད་སྤྱོད་གཏོང་བས། ཁོས་ད་ལྟའི་བར་དུ་སློབ་ཆུང་མཐར་ཕྱིན་སློབ་མ་རབས་བརྒྱད་ལྷག་བསྐྱངས་མྱོང་བ་དང་རྒྱུགས་འབྲས་ཀྱང་རྫོང་ཡོངས་ཀྱི་ཡང་རྩེ་ཐེངས་དུ་མར་བླངས་མྱོང་། ཁོས་བསྐྱངས་པའི་སློབ་མ་དག་ནི་རབས་སྔོན་མ་ལས་རབས་ཕྱི་མ་དག་ལས་སྣ་འཛོམས་ཀྱི་ཁྱད་ཆོས་ལྡན་ཞིང་ཕྱོགས་ཡོངས་ནས་འཕེལ་རྒྱས་སོང་བའི་གྲུབ་འབྲས་མངོན་དུ་གསལ། ཁོ་རང་དགེ་རྒན་བྱས་པའི་དུས་ཡུན་ལོ་ངོ་སུམ་ཅུར་ཉེ་བའི་རིང་ལ་དཔེ་དེབ་ཀྱི་འགྱུར་བཟོ་ཐེངས་ལྔ་ལ་བརྗེ་སོང་། ཡིན་ན་ཡང་ཁོས་དཔེ་དེབ་དེ་དག་རེ་རེ་བཞིན་དུ་ཞིབ་འཇུག་བྱས་ཏེ་བསླབ་ཚན་རེ་རེ་དང་སློབ་ཐུན་རེ་རེ་ལ་ཁྲིད་གཞི་གཟབ་ནན་བྱས་ཏེ་འབྲི་རྒྱུར་གོམས་ཡོད་པས༡༩༩༩ལོར་ཁུལ་ཡོངས་ཀྱི་བོད་ཡིག་སློབ་ཁྲིད་འགྲན་བསྡུར་ལས་བྱ་དགའ་ཨང་གཉིས་པ་བླངས། ༢༠༠༧ལོར་རང་ཁུལ་གྱི་སྐབས་བཞི་བའི་ན་གཞོན་སློབ་ཁྲིད་པ་འཇོན་ཐང་ཅན་དུ་བདམས། ཁོ་གིས་སློབ་གསེང་སྐབས་སུ་སློབ་མ་རྣམས་དང་མཉམ་དུ་འདྲེས་ནས་སློབ་མ་རེ་རེའི་མི་གཤིས་སྔོག་འདོན་བྱས་ཏེ་སློབ་མ་ཚོའི་སེམས་ཀྱི་ཆེས་གཉོམ་ས་ལ་འཇམ་ལྷོད་ལྷོད་དུ་སེམས་ཀྱིས་བྱིལ་བྱིལ་གནང་བས་སློབ་མའི་སྙིང་གི་བུ་ག་རེ་རེ་བཞིན་བརྟོལ་ཏེ་གཅེས་པའི་བུ་སློབ་དག་ཐབས་དང་ཤེས་རབ་ཀྱིས་སྐྱོང་བ་ནི་ཁྱད་དུ་འཕགས་པའོ།།
   གསུམ་པ། ཐབས་ཤེས་ཀྱི་རྩོལ་བ་ཟུང་དུ་སྦྲེལ་ཞིང་ལྷག་བསམ་གྱི་ཆུ་མིག་གངས་ལ་བརྡོལ་བའི་སྐད་ཡིག་དགེ་རྒན་ཞིག་གི་བཞུར་རྒྱུན།
   དགེ་རྒན་ཐང་དགེ་སྒྲོལ་དཀར་སྐྱབས་ནི་སྐད་ཡིག་དགེ་རྒན་ཞིག་ཡིན་པ་དང་འཛིན་གྲྭའི་གཙོ་བདག་གི་འགན་ཁུར་བའི་དོ་དམ་པ་ཞིག་ཀྱང་ཡིན་པའི་ཆ་ནས། ཁོང་གིས་བོད་ཀྱི་སྐད་དང་ཡི་གེ་ནི་བོད་མི་རིགས་གནས་རྒྱུ་དང་ཚུགས་ཐུབ་རྒྱུའི་ཚེ་སྲོག་གི་རྩ་བའི་གྲུབ་ཆ་གལ་ཆེན་ཡིན་པར་ཡང་དག་པའི་ངོས་འཛིན་བྱེད་པ་དང་ད་དུང་སངས་རྒྱས་ཆོས་ལུགས་ལ་དད་མོས་བྱེད་པའི་མི་བུ་ཞིག་ཡིན་པའི་ཆ་ནས་ལས་རྒྱུ་འབྲས་ནི་རང་གི་རྣམ་ཤེས་ཀྱི་ཆེས་མཐོ་ས་ནས་གཙིགས་ཆེན་བྱེད། དེ་བས་ཁོ་རང་བོད་ཡིག་དགེ་རྒན་ཞིག་གི་རྩ་དོན་དང་མ་འགལ་བར་འགན་འཁྲི་དང་དུ་བླངས་ཤིང་། ཆོས་ཀྱི་དགོངས་དོན་དང་མཐུན་པའི་གཞན་དོན་ཁུར་དུ་བླངས་ཏེ་སློབ་མ་རྣམས་ལ་ཡང་དག་པའི་ཀུན་སྤྱོད་སློབ་གསོ་ཕུ་ཐག་ཆོད་པ་བཏང་རྗེས། ཁོ་རང་ཚོ་མ་འོངས་པ་ན་སྤྱོད་ཡོན་གཉིས་ལྡན་གྱི་མི་རབས་གསར་བ་ཞིག་འཚར་ལོངས་འབྱུང་བར་ཁོས་དཀའ་བའི་ཚེགས་དང་དཀོན་པའི་རྒྱུ་ལ་མི་འཛེམ་པར་ཡོད་ཚད་ཀྱི་ཡོད་ཚད་ཕུལ་དང་འབུལ་བཞིན་འདུག
   བཞི་བ། དཀའ་སྡུག་གི་རྔུལ་ཁྲག་ས་ལ་འཐོར་ཞིང་ཤེས་རབ་ཀྱི་འོད་ཟེར་མཁའ་ནས་འཐོར་བའི་གསེར་ནག་གི་ཐིགས་པ།
   སློབ་གསོའི་ལས་ཀ་གཉེར་བའི་དགེ་རྒན་ཐང་དགེ་སྒྲོལ་དཀར་སྐྱབས་ཀྱིས་མི་ལོ་སུམ་ཅུར་ཉེ་བའི་རིང་ལ་ངའོ་སྙམ་པའི་ང་རྒྱལ་སྤངས་ཏེ་དཔེ་ཀློག་གི་ཐོས་པ་རྒྱུན་མ་ཆད་པར་རང་ཉིད་བསྲེག་བཅད་བརྡར་གསུམ་དུ་སྦྱོང་བ་བྱས་མྱོང་། ཁོ་རང་གཞུང་སྒེར་གང་རུང་གི་སློབ་གསོའི་དཔྱད་གླེང་ཚོགས་འདུ་གྲངས་མེད་པ་ཞིག་ཏུ་ཞུགས་མྱོང་ཞིང་ཚགས་པར་དང་དུས་དེབ་སོགས་སུ་སློབ་གསོའི་ཆེད་རྩོམ་འབོར་ཆེན་ཞིག་སྤེལ་མྱོང་། ད་དུང་ཀླུ་ཆུ་རྫོང་གི་སློབ་ཆུང་མང་ཤོས་ཤིག་གི་གདན་ཞུ་ལྟར་ཁོས་འཆད་ཁྲིད་དང་བགྲོ་གླེང་། གླེང་མོལ། གཏམ་བཤད་སོགས་འཆད་པ་ཅི་རིགས་སྨྲ་བརྗོད་གྲོལ་མྱོང་། ༡༩༩༤ལོ་དང་༡༩༩༦ལོ།༡༩༩༨ལོ་བཅས་ལ་ཀན་ལྷོའི་གསར་འགྱུར་ཁང་གིས་ཕུལ་བྱུང་རྩོམ་པ་པོར་བདམས་པ་དང་བྱ་དགའ་ཨང་དང་པོ་དང་ཨང་གཉིས་པ། ཨང་གསུམ་པ་བཅས་གནང་། ༡༩༩༤ལོར་ཀན་ལྷོ་ཁུལ་ཨུ་དང་ཁུལ་སློབ་གསོ་ཅུས་གཉིས་ཀྱིས་མཉམ་སྒྲུབ་དུ་གནང་བའི་ན་ཆུང་གདོང་ལེན་རུ་མའི་ཕུལ་བྱུང་ཟུར་ཁྲིད་པར་བདམས། ༡༩༩༩ལོར་རང་ཁུལ་གྱི་སློབ་ཆུང་སྐད་ཡིག་འགྲན་བསྡུར་ལས་བྱ་དགའ་ཨང་གཉིས་པ་བླངས། ༢༠༠༤ལོར་རང་ཁུལ་གྱི་སྐབས་གསུམ་པའི་སྤུས་ཚད་སློབ་གསོའི་སློབ་ཁྲིད་ཀྱི་ཚན་རིག་ཞིབ་འཇུག་གི་ཕུལ་བྱུང་གཟེངས་རྟགས་བླངས། ༢༠༠༦ལོར་དུས་རབས་གསར་བའི་རིག་གཞུང་གླེང་སྟེགས་དུས་དེབ་ཀྱིས་ཁོའི་དཔྱད་རྩོམ་ན་ཆུང་སློབ་མའི་ཀུན་སྤྱོད་སློབ་གསོ་ལ་རགས་ཙམ་དཔྱད་པ་ཞེས་པའི་རྩོམ་ཡིག་ལ་ཕུལ་བྱུང་རྟགས་མ་བསྩལ། ༢༠༠༧ལོར་རང་ཁུལ་གྱི་སྐབས་བཞི་བའི་ན་གཞོན་སློབ་ཁྲིད་པ་འཇོན་ཐང་ཅན་དུ་བདམས། ༢༠༡༡ལོར་ཀན་ལྷོ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གཉིས་ནས་ཁུལ་རིམ་པའི་ལྡུམ་ར་སྐྱོང་མཁན་དང་ཕུལ་དུ་བྱུང་བའི་དགེ་རྒན་གྱི་གཟེངས་སྐྱེས་རྟགས་མ་གནང་། ༢༠༡༡ལོར་ཀན་སུའུ་ཞིང་ཆེན་སློབ་གསོ་མཐུན་ཚོགས་ཀྱིས་སྐབས་དང་པོའི་ཞིང་ཆེན་རིམ་པའི་ཕུལ་བྱུང་འཛིན་གྲྭའི་གཙོ་བདག་གི་གཟེངས་རྟགས་གནང་། ༢༠༡༡ལོར་དཔྱད་རྩོམ་སྨྱན་མང་སློབ་ཁྲིད་ལ་ཉན་རྗེས་ཀྱི་མྱོང་ཚོར་ཞེས་པར་ཁུལ་རིམ་པའི་སྐད་གཉིས་སྨྲ་བའི་བསླབ་གཞི་ཚན་ཁག་ལས་ཕུལ་བྱུང་རྩོམ་ཡིག་གདམ་གསེས་ལས་ཨང་དང་པོའི་བྱ་དགའ་ཐོབ། ༢༠༠༩ལོར་སློབ་ཆུང་སློབ་མ་དམའ་འབྲིང་ལ་འཕར་བའི་སྐད་ཡིག་སྦྱང་གཞི་བྱིས་བློ་འབྱེད་པའི་ལྡེ་མིག་ཅེས་པ་རྩོམ་སྒྲིག་བྱས་ཏེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས། ༢༠༡༡ལོར་སློབ་ཆུང་སྐད་ཡིག་སློབ་སྦྱོང་ཡར་རྒྱས་ལྷན་ཐབས་ཞེས་པའི་སྟོད་ཆ་དེབ་གསུམ་དང་། ༢༠༡༢ལོར་སློབ་ཆུང་སྐད་ཡིག་སློབ་སྦྱོང་ཡར་རྒྱས་ལྷན་ཐབས་ཞེས་པའི་སྨད་ཆ་དེབ་གསུམ། ༢༠༡༢ལོར་སློབ་ཆུང་སྐད་ཡིག་སློབ་སྦྱོང་ཡར་རྒྱས་ལྷན་ཐབས་རྒྱུགས་གཞི་ཀ་བ་ཁ་བ་དེབ་བཅུ་གཉིས། ༢༠༡༣ལོར་སློབ་ཆུང་སྐད་ཡིག་དབྱར་གནང་དགུན་གནང་གི་སྦྱང་བྱ་དེབ་བཅུ་གཉིས་བཅས་སློབ་ཆུང་སློབ་མའི་སྐད་ཡིག་གི་ཤེས་བྱའི་སྐོར་གྱི་དཔེ་ཆ༣༡ལྷག་སྒྲིག་རྩོམ་བྱས་ཏེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། ཁོས་སློབ་མ་རྣམས་ལ་སྐད་ཡིག་དགེ་རྒན་གྱི་འགན་ཁུར་བ་ཙམ་མ་ཟད་ད་དུང་རྡུང་ལེན་སློབ་ཁྲིད་དང་རྒོད་གླིང་འབུད་པའི་སློབ་མའང་ཞོར་དུ་གསོ་སྐྱོང་བྱེད་བཞིན་པ་སོགས་སྣ་མང་མཉམ་འདུས་ཀྱི་རང་གི་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་ཇི་སྙེད་པ་བོད་ཀྱི་ཕྱི་རབས་པ་དག་ལ་བརྒྱུད་སྤྲོད་བྱེད་པའི་རྣམ་དཀར་གྱི་བསམ་པ་དེ་ལ་རྗེས་སུ་ཡི་རངས་མི་ཞུ་ཀ་མེད་རེད་ཨང་།
   ལྔ་བ། སྐད་ཡིག་སློབ་གསོ་སྲོག་སྙིང་དུ་བཟུང་སྟེ་སྒྱུ་རྩལ་གྱི་སྨྱུ་གུ་སོར་མོས་སྐྱོར་བ།
   ཁོས་སྐད་ཡིག་དགེ་རྒན་རྣམ་དག་ཅིག་བྱེད་ཞོར་དུ་མི་སྒེར་གྱི་རིག་གནས་ཆུ་ཚད་ཀྱང་དུས་བསྟུན་བརྗེ་འགྱུར་དང་མཐུན་པའི་སྒོ་ནས་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་འབད་བརྩོན་ལྷོད་མེད་བྱེད་པའི་དཔའ་སྤོབས་འདི་ནི་སྙིང་ལ་རུས་པ་ཡོད་པའི་ཨ་མའི་བུ་རྒོད་ཅིག་གི་སྣང་བརྙན་ཅི་ལ་མ་ཡིན། ཁོས་སློབ་ཁྲིད་བྱེད་པའི་ཞོར་དུ་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་དུ་ཞུགས་ནས་ཆེད་སྦྱོང་རིམ་པའི་མཐར་ཕྱིན་དཔང་ཡིག་བླངས་ཤིང་། ད་ལྟའི་བར་དཔེ་ཀློག་དང་རྩོམ་འབྲི་རྒྱུན་མ་ཆད་པ་དང་ལྷག་པར་དུ་བོད་ཀྱི་རིག་པའི་གནས་ལ་དུངས་ཞེན་ཟབ་ཅིང་སྦྱངས་སྟོབས་ཀྱི་བརྩོན་འགྲུས་ལས་ཡོན་ཏན་ལྡབ་འགྱུར་གྱིས་འཕེལ་རྒྱས་སུ་སོང་། ཁོས་ད་ལྟའི་བརབོད་ཀྱི་སློབ་གསོདང་དུས་རབས་གསར་བའི་རིག་གཞོན་གླེང་སྟེགས སློབ་གསོའི་ཆེད་རྩོམ་ཕྱོགས་བསྒྲིགསཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གིརིག་གཞུང་དུས་དེབཟླ་ཟེརཀན་ལྷོའི་གསར་འགྱུརསོགས་བོད་ཁུལ་གྱི་གཞུང་སྒེར་གཉིས་ཀྱི་དུས་དེབ་དང་ཚགས་པར་སྟེང་སློབ་གསོའི་སྐོར་གྱི་དཔྱད་རྩོམ་གཙོ་བྱས་ཏེ་རྩོམ་ལུས་སྣ་མང་སྤེལ། དེ་དང་མཉམ་དུ་ཁོ་ནི་གླུ་ལེན་ངག་འགུགས་དང་འབུད་རྡུང་དཀྲོལ་གསུམ་ལ་བྱང་རྩལ་ཆེ་བའི་རོལ་མོ་བ་ཞིག་དང་ངག་འཇམ་སྨྲ་མཁས་དང་གཏམ་བཤད་འགོ་འཛིན་ལ་ལྕེ་དབང་རྣོ་བའི་མདོ་འཛིན་པ་ཞིག་ཀྱང་ཡིན། འོད་སྡེར་དང་ཆེད་བསྒྲིགས་སྒྲ་ཐག་རབ་དང་རིམ་པ་ཕབ་སྐྲུན་བྱས་ཤིང་ཀླུ་ཆུའི་རྩྭ་ཐང་ལ་པི་ཝང་གི་བཀྲོལ་ལེན་དར་ཁྱབ་གཏོང་མཁན་ཐོག་མ་ཡིན་པས། དུས་རབས་ཀྱི་ཕོ་ཉའམ་ཀླུ་ཆུའི་རྡུང་ལེན་གྱི་མི་རབས་དང་པོ་ཞེས་པའི་ཆོ་ལོའང་བསྩལ་མྱོང་། ༡༩༨༩ལོར་བསང་ཁོག་རྩྭ་ཐང་ནས་བསྡུས་པའི་རང་ཁུལ་གྱི་ཐེངས་དང་པོའི་དམངས་ཁྲོད་རྩེད་རིགས་ཀྱི་རྡུང་ལེན་འགྲན་བསྡུར་ལས་བྱ་དགའ་ཨང་དང་པོ་ཐོབ། ༢༠༠༣ལོར་ལོ་འཁོར་ལྔ་བཅུའི་ཁུལ་སྟོན་བསུ་བའི་གླུ་དབྱངས་དང་ཞབས་བྲོ་འགྲན་བསྡུར་དུ་ན་གཞོན་ཚན་པའི་གླུ་དབྱངས་སྐོར་ལས་ཕུལ་བྱུང་གི་རྟགས་མ་ཐོབ་པ་མ་ཟད་རང་ཁུལ་གྱི་ན་གཞོན་གླུ་བ་མིང་གྲགས་ཅན་གྱི་མཚན་སྙན་ཡང་ཐོབ་མྱོང་། དེ་ཡང་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་མཆོག་གིས་མི་རིགས་ཤིག་གནས་རྒྱུ་དང་དེ་ཚུགས་རྒྱུའི་རྩ་བའི་མཐུན་རྐྱེན་ནི་སྐད་དང་ཡི་གེ་ཡིན་ཞེས་གསུངས་བ་ལྟར་དགེ་རྒན་ཐང་དགེ་སྒྲོལ་དཀར་སྐྱབས་ཀྱིས་ཀྱང་སྐད་ཡིག་དགེ་རྒན་ཞིག་ཡིན་པའི་ཆ་ནས་དུས་ནམ་ཞིག་ཡིན་རུང་རང་ཉིད་ནི་སྐད་ཡིག་དགེ་རྒན་ཞིག་ཡིན་པའི་ནང་སྙིང་དྲོན་པོ་སེམས་ལ་སྦྲུམ་སྟེ། མི་རང་ཉིད་ནས་འགོ་བརྩམས་ཏེ་འཚོ་བ་དངོས་ཀྱི་ཁྲོད་དུ་ལག་ལེན་ལ་བསྟར་བའི་བཀོལ་སྤྱོད་བྱེད་པ་དང་སློབ་མ་རྣམས་ལ་བློ་སེམས་འགྱུར་མེད་ཀྱིས་བརྒྱུད་སྤྲོད་བྱས་དང་བྱེད་སྒང་གི་མཛད་པ་སྐྱོང་མུས་སུ་ལགས་སོ།།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།