༄༅།། གཤིས་འཇམ་སྤྱོད་བཟང་བྱམས་བརྩེའི་མེ་འོད་འབར།། ལྷག་དཀར་སེམས་ལ་སྨན་གྱི་སྦྱིན་པས་ཕྱུག། -སྨན་པ་འཇིགས་བྱེད་སྐྱབས་ཀྱི་གནས་ཚུལ་རགས་བཀོད། - རིག་གནས་མི་སྣ - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > རིག་གནས་མི་སྣ >
༄༅།། གཤིས་འཇམ་སྤྱོད་བཟང་བྱམས་བརྩེའི་མེ་འོད་འབར།། ལྷག་དཀར་སེམས་ལ་སྨན་གྱི་སྦྱིན་པས་ཕྱུག། -སྨན་པ་འཇིགས་བྱེད་སྐྱབས་ཀྱི་གནས་ཚུལ་རགས་བཀོད།
དུས་ཚོད།2019-12-23 10:29:25     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། གསར་འགོད་པ་གཅོད་པ་སྐྱབས་དང་ལྷ་མོ་བཀྲ་ཤིས།     ཆུང་། | འབྲིང་། | ཆེ།
    ཁོའི་མིང་ལ་འཇིགས་བྱེད་སྐྱབས་ཟེར་ཞིང་། ༡༩༧༠ལོའི་ཟླ༤བར་མདོ་སྨད་ཀླུ་ཆུ་ནས་ལྟེ་ཁྲག་འཕོས། ༡༩༩༤ལོའི་ཟླ༨པར་བྱ་བའི་ལས་གནས་སུ་ཞུགས་ཏེ་ལོ་ངོ༢༡རིང་བོད་ལུགས་སྨན་བཅོས་ཀྱི་བྱ་བའི་རྒྱུན་བསྐྱངས། ༢༠༠༡ལོའི་ཟླ༧པར་བོད་ལུགས་སྨན་བཅོས་ཀྱི་ལག་ཐབས་གཙོ་བའི་སྨན་པ་རབ་འབྱམས་པའི་འཛིན་རྟགས་ཐོབ་ཅིང་། ༢༠༠༤ལོའི་ཟླ༦པར་བོད་ལུགས་སྨན་བཅོས་ཀྱི་སྨན་པ་རབ་འབྱམས་པའི་ལས་འགན་བརྐོས། ད་ལྟ་བསང་ཆུ་རྫོང་བོད་ལུགས་སྨན་ཁང་སྨན་ལུམས་ཚན་ཁག་གི་ཀྲུའུ་རེན་གྱི་འགན་བཞེས་ཡོད། བྱ་བའི་ལས་གནས་སུ་ཞུགས་པ་ནས་བཟུང་ཁོས་གཞི་གཅིག་ཏུ་ཚད་ལྡན་གྱི་གུང་ཁྲན་ཏང་ཡོན་ཞིག་གི་ཚད་གཞི་བཟུང་སྟེ་གཟབ་ནན་དགོས་རང་ཉིད་ལ་ཆ་རྐྱེན་བཏོན་ཏེ། ཀུན་སྤྱོད་རྣལ་མ་དང་བྱ་བར་དགའ་ཞེན། སྤྱིན་པའི་སེམས་འཛིན་བཅས་ལྡན་པར་བྱས་རྐྱེན་རྒྱ་ཆེའི་ནད་པ་མང་ཚོགས་དང་ལས་རིགས་ཁག་སོ་སོའི་མི་སྣའི་དཔྱད་འཇོག་བཟང་བོ་ཐོབ་ཡོད། ང་ཚོས་འདིར་ཁོས་སྨན་པའི་ལས་གཞི་གཉེར་བའི་བགྲོད་ལམ་ཁྲོད་ཀྱི་བྱ་བ་ཙག་ཙིག་ཙམ་བརྒྱུད་དེ་ཁོ་རང་རྒྱུས་མངའ་ལོན་པ་ཙམ་བྱ།
    ཁོས་ཆབ་སྲིད་བསམ་བློའི་ཐད་མཐའ་གཅིག་ཏུ་ཏང་གི་ལམ་ཕྱོགས་དང་ཐབས་ཕྱོགས། སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ། ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་ཏང་གི་སྒྲིག་ལམ་བརྩི་སྲུང་། ཏང་ལ་བློ་དཀར་བ་བཅས་བྱེད་ཀྱིན་ཡོད་ལ། ལྷག་པར་དུ་བསང་ཆུ་རྫོང་གཏན་འཇགས་སྲུང་སྐྱོང་གི་བྱ་བའི་ཁྲོད་སྔ་རྗེས་སུ་འབད་ཕྱོགས་གསལ་བོ་དང་ལངས་ཕྱོགས་བརྟན་པོས་མེས་རྒྱལ་ཁ་བྲལ་ལ་ངོ་རྒོལ་གྱི་འཐབ་ས་གཙོ་བོ་བཟུང་སྟེ། མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་ལ་འབད་པས་སྲུང་སྐྱོབ་ནན་མོ་བྱས་ཤིང་། བློ་ཐག་རྦད་གཅོད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་ཆེན་པོ་བརྒྱད་ཀྱི་སྙིང་སྟོབས་ལ་སྲུང་སྐྱོབ་དང་ལག་བསྟར་ནན་མོ་བྱེད་ཀྱིན་ཡོད།  ཏང་ཡོངས་སུ་དམངས་དོན་དངོས་གཉེར་དང་སྤྱོད་པ་གཙང་བཟོའི་ནང་དོན་གཙོ་བོ་གཏིང་ཟབ་ཏུ་སྤེལ་བའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱ་འགུལ་ཁྲོད། ཧུར་ཐག་གིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱ་འགུལ་ཁྲོད་ཞུགས་པའི་འགན་འཁྲིའི་འདུ་ཤེས་དང་རང་རྟོགས་ཀྱི་འདུ་ཤེས། རང་ལྕོག་གི་འདུ་ཤེས་སོགས་ཇེ་མཐོར་བཏང་བ་མ་ཟད་ཁོ་རང་ཉིད་ཀྱི་བསམ་བློ་དངོས་དང་ལས་གཞི་སྒྲུབ་པའི་འགན་འཁྲིའི་བྱ་སྤྱོད་ཀྱི་གནས་ཚུལ་སོགས་གཞི་གཅིག་ཏུ་སྦྲེལ་ཏེ། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱ་འགུལ་གྱི་སྤྱིའི་བླང་བྱ་ལྟར་རང་ཉིད་ཀྱི“སྤྱོད་བཞིའི”ཁྲོད་གནས་པའི་གནད་དོན་དང་མི་འདང་སར་ཞིབ་དཔྱོད་ནན་མོ་བྱེད་ཀྱིན་ཡོད་ལ། ཁོས་རང་ཉིད་ཀྱི་མི་འདང་ས་འདི་དག་གཞི་བྱས་ཏེ་དངོས་གནས་བསྒྱུར་བཅོས་དང་འཆར་གཞི་ལག་བསྟར་དུ་ཕབ་སྟེ། བློ་སེམས་རྩེ་གཅིག་གིས་མི་དམངས་ལ་ཞབས་འདེགས་སྒྲུབ་པའི་གཙོ་ཁྲིད་ཀྱི་བསམ་བློ་མཐའ་གཅིག་ཏུ་རྒྱུན་འཁྱོངས་དང་རང་ཉིད་ཀྱི་ཆབ་སྲིད་བསམ་བློའི་ཆུ་ཚད་རྒྱུན་མཐུད་དུ་འཕེལ་རྒྱས་གཏོང་བཞིན་ཡོད། ཀུན་སྤྱོད་བཟང་བོའི་བློ་སྦྱོང་ལ་ཤུགས་སྣོན་དང་ཧུར་ཐག་གིས་ཆབ་སྲིད་བྱ་འགུལ་སྣ་ཚོགས་ནང་ནན་ཏན་གྱིས་ཞུགས་ཏེ། ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་མི་ཞིག་གི་མིག་དཔེ་འགོ་འཛིན་གྱི་ནུས་པ་ཐོན་ཅི་ཐུབ་བྱེད་ཀྱིན་ཡོད།
    བྱ་བའི་ལས་གནས་སུ་ཞུགས་པ་ནས་བཟུང་། སྔ་རྗེས་སུ་ཐེངས་འགར་བོད་སྨན་གཞུང་ལུགས་བགྲོ་གླེང་དང་ནད་ཐོག་ཞིབ་འཇུག བོད་སྨན་གྱི་སྲོལ་རྒྱུན་སྨན་འདུལ་དང་ནུབ་ལུགས་སྨན་རིག་གི་གཞུང་ལུགས་མ་ལག་ལ་སྦྱོང་བརྡར་དང་སློབ་སྦྱོང་སོགས་ལ་གཟབ་ནན་གྱིས་ཞུགས་ཏེ། ལས་གཞིའི་ནུས་པ་དང་ནད་ཐོག་སྨན་བཅོས་ཀྱི་ལག་རྩལ་སོགས་རྒྱུན་མཐུད་དུ་འཕེལ་རྒྱས་འགྲོ་བཞིན་ཡོད་ལ། བྱ་བའི་ཁྲོད་ཁོ་རང་ལས་ལ་བརྩོན་ཞིང་བྱ་བར་དགའ་ཞེན་ཆེ་བ་མ་ཟད་ནད་པར་བརྩེ་བས་ཞབས་ཞུ་དང་ཕྱོགས་ཞེན་གང་ཡང་མེད་པར་ནད་པ་མང་ཚོགས་ཀྱི་དོན་དུ་འབད་པ་བྱེད་ཀྱིན་མཆིས། རྒྱུན་མཐོང་གི་ནད་རིགས་སྣ་ཚོགས་ཀྱི་སྨན་བཅོས་ལ་བྱང་ཆ་ལྡན་ཞིང་འབྱུང་ཚད་མང་བའི་ནད་རིགས་དང་བཅོས་དཀའ་བའི་ནད་རིགས་སོགས་ཀྱི་སྨན་བཅོས་ལག་རྩལ་ཡང་མཐོན་པོ་ཡོད་ལ། བསམ་བཞིན་དུ་ནད་པར་ཉ་ཉོག་གི་སྨན་ཐོ་སྣ་ཚོགས་མི་འབྱེད་པར་ནད་པའི་དགོས་དབང་ལ་དམིགས་ཏེ་སྐོམ་པར་ཆུ་འདོད་ཀྱི་ཚུལ་དུ་གང་ལ་གང་འཚམ་གྱི་ཐབས་བཀོད་སྤྱད་དེ་དངོས་གནས་ནད་པའི་ལངས་ཕྱོགས་ནས་བཟུང་སྟེ་འབད་འབུངས་ལྷོད་མེད་བྱེད་ཀྱིན་ཡོད་ཅིང་། མཐའ་གཅིག་ཏུ་ནད་པའི་འགན་ཁུར་ཇེ་ཡང་དུ་གཏོང་ཅི་ཐུབ་བྱས་ཏེ་ཧུར་ཐག་གིས་སྨན་བཅོས་ཀྱི་རྩ་དོན་གཞིར་བཞག་དང་དངོས་དོན་མཐའ་འཁྱོངས་ཀྱིས་སྒྲུབ་ཀྱིན་ཡོད། ཁོས་ད་དུང་ནངས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་བྱ་བའི་ལས་གནས་སྟེང་རང་ཉིད་ཀྱི་ལང་ཚོ་དང་ཚེ་སྲོག་འབུལ་གྱིན་ཡོད། ནམ་རྒྱུན་གྱི་བྱ་བའི་ཁྲོད་ནད་ལྕི་བའི་ནད་པ་བྱུང་སྐབས་སྔ་ཕྱི་གང་ཡིན་རུང་རང་ཉིད་ཀྱི་ངལ་གསོའི་དུས་ཚོད་སྤྱད་དེ་ནད་པར་སྨན་བཅོས་བྱ་དགོས་པ་མ་ཟད། རང་ཉིད་ལ་བློ་རྩ་བརྟན་པོས་སེམས་ཤུགས་ཆེ་རུ་བཟུང་སྟེ་ནན་ཏན་གྱིས་ནད་པའི་ནད་རྟགས་ལ་ཞིབ་འཇུག་དང་བཅོས་ཐབས་ལ་བསམ་བློ་གཏོང་དགོས་ཀྱིན་ཡོད། དུས་གཏན་དུ་རང་ཉིད་ནད་པའི་ལངས་ཕྱོགས་ནས་བཟུང་སྟེ་སྤྱོད་གཙང་གིས་སྨན་བཅོས་དང་ཐེངས་མང་དུ་རྔམ་པ་ཕྱིར་སློག་བྱས་ཏེ་ནད་པར་འགྲོ་སྒོ་ཇེ་ཉུང་དུ་གཏོང་བཞིན་ནད་པར་བློ་བདེ་བག་ཕེབས་ཀྱིས་སྨན་བཅོས་བྱེད་དུ་འཇུག་གིན་ཡོད། ནམ་རྒྱུན་དུ་ནད་པར་བརྩེ་སེམས་དྲོན་མོས་སེམས་ཁུར་བྱས་ཏེ་ནད་པར་རིས་མེད་དུ་འགན་འཁུར་གྱིན་ཡོད་པ་མ་ཟད། ནད་པར་རྒྱུས་ལོན་ཟབ་མོ་བྱེད་ཀྱིན་ནད་པའི་དཀའ་ཁག་ལ་བསམ་བློ་གང་ལེགས་གཏོང་གིན་ཡོད། མཚམས་རེར་ནད་པ་ལྕི་མོར་འཕྲད་སྐབས་ཁོས་ཉིན་མཚན་དབྱེར་མེད་དུ་ནད་པའི་སྔོན་དུ་བསྡད་དེ་དུས་རྒྱུན་དུ་ནད་པའི་གནས་ཚུལ་ལ་བརྟག་དཔྱད་བྱེད་ཀྱིན་ཡོད་པ་མ་ཟད། ནད་པའི་གནས་ཚུལ་གཞི་བྱས་ཏེ་སྨན་བཅོས་བྱ་ཐབས་གཏན་འཁེལ་བྱེད་ཀྱིན་ཡོད། བྱ་བའི་ལས་གནས་སུ་ཞུགས་པ་ནས་བཟུང་ཁོས་རིགས་སྣ་ཚོགས་ཀྱི་ནད་པ་མི་གྲངས༨༠༠༠ལྷག་ལ་སྨན་བཅོས་བྱས་ཡོད་ཅིང་། དེའི་ཁྲོད་སྨན་ཁང་དུ་སྡོད་པའི་ནད་པ༢༠༨འདུས་ཡོད། ཁོས་སྒོ་བསྟེན་སྨན་ཁང་གི་བྱ་བར་འགོ་ཁྲིད་བྱས་པ་ནས་བཟུང་། ལམ་ལུགས་སྣ་ཚོགས་བཙུགས་ཏེ་དེ་དག་འཐུས་ཚང་དུ་གཏོང་གིན་ཡོད་ལ། ལས་རིགས་ཀྱི་སྤྱོད་ཚུལ་ལེགས་སྐྱོང་དང་ཧུར་ཐག་གིས་བྱ་བ་སྣ་ཚོགས་ལ་སྙོམས་སྒྲིག་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གིན་བོད་ལུགས་སྨན་རིག་དང་ནུབ་ལུགས་སྨན་རིག་མཉམ་འབྲེལ་གྱི་བྱ་ཐབས་རྒྱུན་འཁྱོངས་བྱེད་ཀྱིན་ཡོད། བོད་ནུབ་སྨན་ལུགས་མཉམ་འབྲེལ་འཕེལ་རྒྱས་སུ་བཏང་བ་བརྒྱུད་ནད་གཞི་བརྟག་དཔྱད་ཀྱི་གནད་འཁེལ་རང་བཞིན་ལ་ལུགས་གཉིས་ཀྱི་སྨན་རིག་གི་ལེགས་ཆའི་ནུས་པ་ཐོན་ཀྱིན་ཡོད་ཅིང་། དེས་སྨན་བཅོས་ཀྱི་ལག་ཐབས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་སྔར་ལས་ལྷག་པར་ནད་པར་ཞབས་ཞུ་སྒྲུབ་པའི་དམིགས་འབེན་ལེགས་འགྲུབ་འབྱུང་བར་དགོས་དབང་སྩོལ་གྱིན་ཡོད་པ་མ་ཟད། སྒོ་བསྟེན་སྨན་བཅོས་བྱ་བ་སྐས་རིམ་གཅིག་གིས་འཕེལ་རྒྱས་འགྲོ་བར་ཤུགས་སྣོན་བྱས་ཡོད། དུས་མཚུངས་སུ་ཁོས་འབད་པ་ལྷོད་མེད་ཀྱིས་རང་སྟེང་གི་ལས་གཞིའི་ནུས་པ་མཐོར་འདེགས་དང་ལས་གཞིའི་གཞུང་ལུགས་ཀྱི་སློབ་སྦྱོང་ལ་ཤུགས་སྣོན། རྒྱུན་མཐུད་དུ་ཉམས་མྱོང་ཕྱོགས་སྡོམ་བཅས་བྱས་ཏེ་རང་ཉིད་ཀྱི་ལས་གཞིའི་ནུས་པ་གོང་མཐོར་གཏོང་གིན་རང་ཉིད་ཀྱི་ལས་གཞིའི་གཞུང་ལུགས་ཀྱི་ཤེས་བྱ་རྒྱ་ཁྱབ་ཏུ་གཏོང་གིན་ཡོད། ཁོས་རང་ཉིད་ཀྱི་ལས་དོན་གཙོ་བོ་ལེགས་པར་སྒྲུབ་པའི་དུས་མཚུངས་སུ་ཚད་རིམ་དམའ་བའི་སྨན་པ་གསོ་སྐྱོང་ལེགས་པོ་བྱས་ཏེ། ཁོ་ཚོར་ངང་རིང་ཞིབ་ཚགས་ཀྱིས་གསོ་སྐྱོང་ནན་མོ་བྱེད་ཀྱིན་ཡོད་ལ། ཁོས་དུས་རྒྱུན་དུ་མཚན་མོར་ལས་རེས་བྱེད་ཀྱིན་སྐབས་སུ་ཁོ་ཚོར་མཛུབ་སྟོན་ལེགས་པོ་བྱས་ཏེ་ཁོ་ཚོའི་གཞུང་ལུགས་དང་ལག་ལེན་གང་ཐད་ཀྱི་ཆུ་ཚད་ཇེ་མཐོར་གཏོང་གིན་ཁོ་ཚོའི་རང་རང་གི་ལག་རྩལ་ཡིད་རྟོན་ཆེ་རུ་ཕྱིན་དུ་བཅུག་སྟེ་བྱ་བའི་ལས་གནས་སུ་རྐང་ཚུགས་ཐུབ་པ་བྱེད་ཀྱིན་ཡོད། ཉེ་བའི་ལོ་འདི་དག་གི་རིང་ལ་ཁོས་བསྡོམས་པས་སྨན་པ་མི༤ལྷག་གསོ་སྐྱོང་བྱས་ཡོད་ལ། ད་ལྟ་ཁོ་ཚོ་བསང་ཆུ་རྫོང་བོད་སྨན་ཁང་གི་ཚན་ཁག་གཞན་པའི་ལས་གཞིའི་རྐང་འཛིན་པར་གྱུར་ཡོད། ཁོས་ད་དུང་ལོ་རེར་སྨན་ཁང་གི་ལས་བྱེད་པར་ཆེད་དོན་སློབ་ཁྲིད་ཐེངས་གཉིས་ལྷག་ཙམ་བྱེད་ཀྱིན་ཡོད་ལ། ༢༠༡༢ལོར་ཁོས་ཨ་མཆོག་གྲོང་རྡལ་ལྟེ་བའི་འཕྲོད་བསྟེན་ཁང་དུ་ལོ་གཅིག་རིང་གི་ཞིང་སྐྱོར་ལས་དོན་སྒྲུབ་ཡོད་ཅིང་། ལོ་དེའི་རིང་ཁོས་བོད་ལུགས་སྨན་རིག་གི་ནད་ཐོག་སྨན་བཅོས་རྒྱ་བསྐྱེད་དང་མཛུབ་སྟོན་གྱི་ལས་གཞི་སྒྲུབ་པ་ལས་གཞན་ད་དུང་འཕྲོད་བསྟེན་ཁང་དེར་རོགས་སྐྱོར་གྱིས་བོད་སྨན་མེ་བཙའི་སྨན་བཅོས་བྱ་ཐབས་གྱི་ནད་ཐོག་སྨན་བཅོས་ཀྱི་ལས་གཞི་གསར་ཏུ་སྒོ་འབྱེད་བྱས་པ་མ་ཟད་དེར་གྲུབ་འབྲས་ཡང་མི་དམན་པ་ཞིག་བླངས་ཡོད།
    ལོ་མང་པོའི་རིང་ཁོས་ནད་ཐོག་སྨན་བཅོས་ཀྱི་འཐབ་ཕྱོགས་དང་པོ་ནས་བཟུང་སྟེ། དུས་གཏན་དུ་འབད་པ་ལྷུར་ལེན་དང་བྱ་བར་དགའ་ཞེན། སློབ་སྦྱོང་ནན་མོ། སྨན་བཅོས་ལག་རྩལ་ལ་བྱང་ཆུབ་པ། བྱ་བར་ནན་ཏན་བཅས་བྱས་ཏེ། སྨན་ཁང་ལ་རང་ཉིད་ཀྱི་ཁྱིམ་ལྟར་གཅེས་ཤིང་། ནད་པ་ཁྱིམ་མིར་འཛིན་པའི་འདུ་ཤེས་སེམས་གཏིང་ལ་ཟུག་ཡོད་ཅིང་། ལྷག་པར་དུ་བསང་ཆུ་རྫོང་བོད་ལུགས་སྨན་ཁང་གི་འཕེལ་ཕྱོགས་གསར་བའི་སྐབས་སུ་གཙོ་གནད་ཆེད་སྦྱོང་སྨན་ལུམ་ཚན་ཁག་གི་ཀྲུའུ་རེན་གྱི་འགན་བཞེས་པ་ནས་བཟུང་། ཁོས་ཚན་ཁག་གི་དོ་དམ་དང་ནད་ཐོག་སྨན་བཅོས་ཀྱི་ལག་ལེན། སྨན་རྫས་འཚོལ་བསྡུ། སྨན་འདུལ་ལས་སྣོན་སོགས་རིགས་སྣ་ཚོགས་ཀྱི་སྨན་དོན་དཔྱད་གཞིའི་ཡིག་རིགས་འཐུས་ཚང་དང་ཚད་ལྡན་དུ་གཏོང་བའི་བྱ་བར་གསར་གཏོད་རང་བཞིན་གྱི་འཕེལ་ཁ་བསྟན། སྨན་ཁང་གི་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཁེ་དབང་ཉིན་རེ་བཞིན་མཐོ་རུ་འཕེལ་བས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་དགའ་བསུ་དང་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣའི་གདེང་འཇོག་ཚད་མཐོ་ཐོབ། ཁོ་རང་ནམ་རྒྱུན་དུ་འབད་པས་ཞིབ་འཇུག་དང་ཕྱོགས་སྡོམ་ལ་མཁས་ཤིང་གསར་གཏོད་ལ་བྱང་བས༢༠༡༡ལོའིཟླ༡༠བར《བོད་ལུགས་སྨན་རིགས་ཀྱི་མི་ལུས་སྦྲུམ་རྟེན་རིག་པའི་གཞུང་ལུགས་ཅུང་ཟད་གླེང་བ》ཞེས་པ་དེ《སྨན་བསྟེན་སྨན་འདྲི》ཡི་དུས་དེབ་ཀྱི་འདོན་ཐེངས་བཅུ་བར་བཏོན་ཡོད་ལ། ཁོའི་དཔྱད་རྩོམ《བོད་ལུགས་སྨན་བཅོས་ཁྲོད་ཕོ་བའི་འཇུ་བྱེད་ཉམས་པའི་བཅོས་ཐབས་སྐོར་ལ་རགས་ཙམ་དཔྱད་པ》དང《བོད་ལུགས་སྨན་རིག་གི་སྨན་རྟའི་རིགས་དབྱེ་དང་ནུས་པ》ཞེས་པ་དེ《ཀན་སུའུ་ཞིང་ཆེན༢༠༡༣-༢༠༡༤ལོའི་བར་གྱི་བོད་ལུགས་སྨན་རིག་གི་བགྲོ་གླེང་ཚོགས་འདུའི་དཔྱད་རྩོམ་ཕྱོགས་བསྒྲིགས》ཀྱི་ཞིང་ཆེན་རིམ་པའི་དུས་དེབ་སྟེང་བཀོད་ཡོད། ཁོ་རང་ལས་གནས་སུ་ཞུགས་པའི་ལོ་ངོ་དེ་དག་གི་རིང་ལ་གྲུབ་འབྲས་འབུར་དུ་ཐོན་པ་བླངས་ཡོད་པས་ཀན་ལྷོ་ཁུལ་མི་དམངས་སྲིད་གཞུང་སོགས་ཀྱི་བྱ་དགའི་གཟེངས་རྟགས་ཐེངས་མང་དུ་སྦྱིན་ཡོད་ཅིང་། ལོ་ལྔའི་རིང་ལོ་མཇུག་གི་བྱ་བའི་ཕྱོགས་སྡོམ་ཁྲོད་ཕུལ་བྱུང་གི་དཔྱད་འཇོག་ཐེབས་ཡོད།
    ཁོའི་འཕེལ་རྒྱས་ཀྱི་གོམ་སྟབས་རེ་རེ་ནི་བརྩོན་འགྲུས་ཀྱི་རྔུལ་ཆུ་རེ་རེ་བསགས་པའི་ཉིང་བཅུད་ཡིན་ལ། བྱམས་བརྩེ་དང་སྙིང་རྗེས་ཕྱུག་པའི་གཤིས་སྤྱོད་དྲང་མོ་ནི་ཁོས་ནད་པར་སྦྱིན་པའི་ལྷག་བསམ་དཀར་པོ་དེ་ཡིན། ཁོའི་བརྩོན་སེམས་དང་ལྷག་བསམ་གྱིས་རྒྱ་ཆེའི་ནད་པ་མང་ཚོགས་ལ་སེམས་འགུལ་ཐེབས་སུ་བཅུག་ཡོད་པ་མ་ཟད་ལས་ཁུངས་ཀྱི་འགོ་ཁྲིད་རྣམས་ཀྱི་ཚད་མཐོའི་གདེང་འཇོག་ཐོབ་ཡོད།  ཁོ་རང་གི་ཆེད་ལས་ཀྱི་ཆུ་ཚད་མཐོ་བས༢༠༡༠ལོའི་ཕུལ་བྱུང་ལས་བྱེད་པའི་གཟེངས་རྟགས་ཐོབ་ཅིང་། ༢༠༡༢ལོར་ཀྲུང་གུང་ཀན་ལྷོ་ཁུལ་ཨུས་ཁུལ་ཡོངས་ཀྱི་གསར་གཏོད་སྔོན་ཐོན་པའི་གུང་ཁྲན་ཏང་མིའི་གཟེངས་རྟགས་ཐོབ། ༢༠༡༢-༢༠༡༣ལོའི་བར་རྒྱལ་ཡོངས་ཀྱི་རིན་མེད་ཁྲག་སྦྱིན་གྱི་ཟངས་ཀྱི་རྟགས་མ་ཐོབ་ཡོད། ༢༠༡༤-༢༠༡༥ལོའི་བར་ཁོ་ལ་ཁུལ་རིམ་པའི་ན་གཞོན་ནུས་ལྡན་ཅན་གྱི་མཚན་སྙན་ཐོབ་ལ། ༢༠༡༣-༢༠༡༧ལོའི་བར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ལུགས་གསོ་རིག་སློབ་ཚོགས་ཀྱི་སྐབས་བཞི་བའི་ཚོགས་མིའི་འཐུས་མི་ཚོགས་ཆེན་གྱི་ལས་འཛིན་པའི་འགན་ཁུར་ཡོད། ༢༠༡༦ལོར་ཀན་ལྷོ་ཁུལ་གྱི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་མ་ལག་གི་མི་སྒེར་སྔོན་ཐོན་པར་བདམས་ཡོད་ཅིང་། ལོ་དེར་ཁོ་རང་ལ་རྫོང་རིམ་པའི་གསོ་རིག་ལས་བྱེད་པ་ཕུལ་བྱུང་ཅན་གྱི་མཚན་རྟགས་ཐོབ་ཡོད། ༢༠༡༧ལོར་ཁོ་རང་ལ་རྫོང་སྨན་ཁང་གི་བྱ་བའི་གྲུབ་འབྲས་ཕུལ་བྱུང་ཅན་གྱི་གཟེངས་རྟགས་བཅས་ཐོབ་ཡོད།
    ཁོས་བཤད་རྒྱུར། ཁོ་རང་སྨན་པའི་ལས་ཀ་གཉེར་བའི་གུང་ཁྲན་ཏང་མི་ཞིག་ཡིན་པའི་ཆ་ནས་བློ་ཐག་རྦད་ཆོད་ཀྱིས་ཏང་གི་སློབ་གསོ་སེམས་སུ་བཟུང་སྟེ་གཤིས་སྤྱོད་ལེགས་ཤིང་ནུས་པ་ལྡན་པའི་སྨན་རིག་ལས་གཉེར་བ་ཞིག་བྱ་རྒྱུ་ནི་བརྟན་དུ་ཡོད་པའི་ཕུགས་འདུན་ཡིན་ལ། སྨན་རིག་ལས་གཞི་ནི་མི་རེ་རེའི་ཚེ་སྲོག་དང་འབྲེལ་བས་ཁོས་མི་གཞན་ལས་ལྷག་པར་འབད་པ་ལྷོད་མེད་དང་ཀུན་སློང་རྣམ་དག་གིས་རང་ཉིད་ཀྱི་ཡོད་ཚད་འདིར་འབུལ་དགོས་ཀྱིན་ཡོད་ཅིང་། དེ་ལྟར་བྱས་ན་ད་གཟོད་ང་ཚོས་ཚེ་སྲོག་ལ་བཟུང་བའི་རྣམ་འགྱུར་དང་ཚེ་སྲོག་གི་རིན་ཐང་ནི་ག་ཙམ་ཡིན་པ་གཞི་ནས་ཤེས་སྲིད་ཅེས་བཤད། ཁོའི་རྣམ་རྒྱུན་གྱི་ཁོམ་ལོངས་དང་བྲལ་བའི་ལས་ཀའི་རང་བཞིན་དང་ནམ་ཡང་དལ་ལྷོད་མེད་པའི་སེམས་ཁྲལ་དང་བརྩོན་སེམས་ཀྱིས་ཁོས་རང་ཉིད་ཀྱི་ལས་གཞི་འདིའི་ཁྱད་འཕགས་རང་བཞིན་རྟོག་ཡོད་ཅིང་། རང་ཉིད་ཀྱི་ཚེ་སྲོག་དང་ལང་ཚོ་ཡང་ཕངས་མེད་དུ་ལས་གཞི་འདིའི་དོན་དུ་ཕུད་དགོས་པ་སྔ་མོ་ནས་ཤེས་ཡོད་པ་འདྲ།།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།