中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > རིག་གནས་མི་སྣ >
༄༅།། ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་གཙོ་དཀོན་མཆོག་ཚེ་བརྟན་གྱི་གནས་ཚུལ་རགས་བཀོད།
དུས་ཚོད།2020-04-24 09:18:22     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། རྩོམ་པ་པོ། ཨ་རྟ་མགྲིན་སྐྱབས།    ཆུང་། | འབྲིང་། | ཆེ།
    ཀླུ་ཆུ་རྫོང་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་གཏོགས་ཤིང་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་ས་མཚམས་དང་འབྲེལ་ཡོད། རྫོང་དེའི་བོད་རིགས་སློབ་འབྲིང་གཅིག་པུ་སྟེ། ཀན་སུའུ་ཞིང་ཆེན་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་ནི༡༩༨༢ལོར་བཙུགས་ཤིང་། དེ་ནི་བོད་རིགས་གཙོ་བོ་དང་བོད་ཡིག་གཙོ་བོ། ཞག་སྡོད་ལམ་ལུགས་གཙོ་བོ་ཡིན་པའི་གཙོ་གསུམ་ཆ་ཚང་སློབ་འབྲིང་ཞིག་ཡིན། སློབ་གྲྭ་འདི་ཉིད་འཛུགས་པར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་པཎ་ཆེན་སྐུ་ཕྲེང་བཅུ་བ་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོ་མཆོག་གིས་བཀའ་བཀོད་དང་རྒྱུ་ཡོན་གྱི་རྒྱབ་སྐྱོར་བླ་ན་མེད་པ་གནང་། གཞན་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་དང་མང་ཚོགས་ཀྱི་རེ་སྐུལ། དགེ་སློབ་ཡོངས་ཀྱི་ཧུར་བརྩོན་བཅས་ལ་བརྟེན་ནས་ད་ལྟ་སློབ་འབྲིང་འདིར་སློབ་མ༢༥༤༤དང་འཛིན་གྲྭ༥༠དགེ་བཟོ་བ༢༡༨ཡོད། སློབ་གྲྭ་འདིར་སྔ་གཞུག་ཏུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིསརྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྡེ་ཁག”དང་རྒྱལ་ཁབ་སློབ་གསོའི་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས“རྒྱལ་ཡོངས་མི་རིགས་སློབ་གསོའི་སྔོན་ཐོན་སྡེ་ཁག”གི་མཚན་སྙན་བསྩལ་བ་དང་། ཀན་སུའུ་ཞིང་ཆེན་ཏང་ཨུ་དང་མི་དམངས་སྲིད་གཞུང་གིས“ཀན་སུའུ་སློབ་གསོའི་མ་ལག་གི་སྔོན་ཐོན་སྡེ་ཁག”སོགས་ཀྱི་མཚན་སྙན་བསྩལ་ཡོད།
    སློབ་གྲྭ་འདིའི་སློབ་གཙོ་དཀོན་མཆོག་ཚེ་བརྟན་ནི༡༩༨༠ལོར་མདོ་སྨད་ཤར་གྱི་ཆར་གཏོགས་པའི་སྟག་ཆུ་སྔོན་མོའི་སྟོད་རྒྱུད། གོང་སྔོན་བླ་རིའི་འདབས་རོལ་དུ་ཆགས་ཤིང་ཡོངས་གྲགས་སུ་ཨ་མཆོག་ཚོ་བ་བརྒྱད་དུ་འབོད་པའི་ཨ་མཆོག་ཉི་མ་ལུང་དུ་སྐྱེས། ཕ་དྲིན་ཆེན་དགེ་རྒན་ཞིག་ཡིན་ཞིང་ལས་གནས་ཀླུ་ཆུ་རྫོང་དུ་ཡོད་པའི་རྗེས་འབྲངས་ཏེ་ཀླུ་ཆུ་ནས་འཚར་ལོངས་བྱུང་ཞིང་། ས་ཆ་འདི་རུ་སློབ་གྲྭ་ཆུང་འབྲིང་བརྒྱུད། སྐུ་ཞབས་དཀོན་མཆོག་ཚེ་བརྟན་གྱིས་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་སློབ་གྲོགས་གཞན་དག་དང་འདྲ་བར་དཀའ་སྤྱད་འབད་བརྩོན་གྱིས་ཐོས་བསམ་མང་དུ་གནངས་ཤིང་རྒན་བཀུར་ཆུང་བྱམས་ཀྱི་ཀུན་སྤྱོད་གཙང་མ་མིག་འབྲས་བཞིན་བསྲུངས་ཏེ་རིག་པའི་སློབ་གླིང་ནས་སློབ་མཐར་ཕྱིན་ཚེ་ཕྱིར་མ་ཡུམ་སློབ་གྲྭ་རུ་དགེ་རྒན་གྱི་བགྱི་བ་དང་དུ་བླངས་ནས་མི་རིགས་སློབ་གསོའི་ལས་དོན་ལ་མི་ཚེ་བསྟིམ་རྒྱུ་ནི་སྐབས་དེ་ནས་བཟུང་ཁོང་གི་ཕུགས་འདུན་ཡིན་འདུག དུས་སྐབས་དེའི་སློབ་གཙོ་གཞོན་པ་རྗེ་རྒྱ་ནག་པ་ཡོན་ཏན་དམ་ཆོས་བསྟན་པའི་ཉི་མ་མཆོག་གིས་ཁོང་ཉིད་མི་རིགས་རིག་གནས་དང་ས་གནས་སློབ་གསོའི་རྒྱུད་འཛིན་པ་འཁྲུལ་མེད་དུ་དགོངས་ཏེ་ཐུགས་རྗེའི་བྱིན་རླབས་ཀྱིས་བསྐྱངས་མཐར་སློབ་འབྲིང་མཐར་ཕྱིན་ནས༡༩༩༥ལོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྣ་འཛོམས་ཆེད་གཉེར་སློབ་གྲྭར་ཞུགས། ༡༩༩༩ལོར་སློབ་མཐར་ཕྱིན་རྗེས་མ་ཡུམ་སློབ་གྲྭ་སྟེ་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་དགེ་རྒན་དཀོན་པའི་དབང་གིས་དེ་རུ་དགེ་རྒན་གྱི་བགྱི་བ་དོན་དུ་གཉེར། ༢༠༠༡ལོ་ནས༢༠༠༣ལོར་ནུབ་བྱང་དགེ་ཐོན་སློབ་ཆེན་དུ་སློབ་གཉེར་བྱས་ཤིང་། ཕྱིར་ལོག་རྗེས་སླར་ཡང་སྐྱེ་དངོས་རྫས་གསུམ་དང་སྲིད་ལོ་ས་གསུམ། བོད་རྒྱ་ཡིག་རིགས་སོགས་གང་ལ་གང་བསྐོས་ལྟར་སློབ་ཁྲིད་ཧུར་བརྩོན་དང་། འཛིན་བདག་དང་གཞུང་ལས་གཙོ་འཛིན། སྲིད་སྟོན་དང་སློབ་སྟོན་ཀྲུའུ་རེན། སློབ་གཙོ་སོགས་ཀྱི་ལས་འགན་སྣ་ཚོགས་འཁུར་ཏེ་ཐོག་མཐའ་བར་གསུམ་དུ་མི་དམངས་མོས་པའི་སློབ་གསོ་གཉེར་དང་གཉེར་མུས་སུ་མཆིས། ལྷག་པར་དུ་ཁོང་ཉིད་སློབ་གཙོར་བསྐོས་པ་ནས་བཟུང་སློབ་མའི་སློབ་སྦྱོང་གི་སྦྱངས་འབྲས་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕོ་འགྱུར་བྱུང་བ་ས་གནས་མང་ཚོགས་དང་དགོན་སྡེ་ཁག་ཏུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད། སློབ་གྲྭ་འཕེལ་རྒྱས་གཏོང་རྒྱུའི་ཐད་ཀྱི་དཀའ་ངལ་མདུན་དུ། གྲངས་ཉུང་མི་རིགས་ཀྱི་མི་རབས་གསར་བའི་ཤེས་ཡོན་པ་དང་མ་ཡུམ་སློབ་གྲྭར་བརྩེ་སེམས་ཟབ་མོ་ཡོད་པའི་སྐུ་ཞབས་དཀོན་མཆོག་ཚེ་བརྟན་ལ་སློབ་གྲྭ་འཕེལ་རྒྱས་གཏོང་རྒྱུ་ནི་རང་ཉིད་ཀྱི་ཡོད་ཚད་ཡིན་པའི་མྱོང་ཚོར་ཟབ་མོ་ཡོད། དེ་ནས་ཁོང་གིས་མི་རིགས་སློབ་གསོའི་ལས་དོན་ལ་ནུས་ཤུགས་གང་ཡོད་འབུལ་བ་དང་མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་ཚེ་གང་འབད་བརྩོན་བྱ་རྒྱུའི་སེམས་ཐག་བཅད། སློབ་གཙོ་ཁོང་གིས་ད་ལྟའི་བར་དུ་སློབ་མ་ཁྲི་ལྷག་བསྐྱངས་ཤིང་དེ་དག་ལས་འབུམ་རམས་པ་དང་ཤེས་རམས་པ། ཕྱི་འགྲིམ་སློབ་མ་སོགས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ་བཅས་སུ་སློབ་མཐར་ཕྱིན་པའམ་སློབ་གཉེར་བྱས་དང་བྱེད་བཞིན་པའི་སྒང་ཡིན་ནོ།
    ༢༠༡༦ལོའི་ཟླ༡༡པར། ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲུང་གོའི་ཆོས་ལུགས་མཐུན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་སྡེ་བ་ཚང་སྐུ་ཕྲེང་བརྒྱད་པ་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་དཔལ་བཟང་བོ་སློབ་གྲྭར་གཟིགས་ཞིབ་ཏུ་ཕེབས་པར་གདན་འདྲེན་ཞུས་ཤིང་། སྡེ་ཁྲི་རིན་པོ་ཆེ་ཚང་གིས་ཉེ་བའི་ལོ་འདི་དག་གི་གཡུར་དུ་ཟ་བའི་མཐོ་རྒྱུགས་ཀྱི་གྲུབ་འབྲས་དང་ད་ལྟའི་སློབ་གྲྭའི་དངོས་ཡོད་སློབ་སྒྲུབ་གནས་ཚུལ་ལ་གདེང་འཇོག་ཚད་མཐོན་པོ་གནང་བ་མ་ཟད་སློབ་གཙོའི་བདག་ལས་གཞན་གཅེས་ཀྱི་ལྷག་བསམ་ལ་ཡི་རང་དང་མ་འོངས་སློབ་གསོའི་ལས་དོན་ལེགས་འགྲུབ་ལ་སྨོན་ལམ་རྒྱ་ཆེར་གསུངས། སློབ་གསོ་ནི་མི་རིགས་དར་རྒུད་ཀྱི་རྨང་རྡོ་ཡིན་ལ་དགེ་རྒན་ནི་སློབ་གསོ་འཕེལ་རྒྱས་ཀྱི་ཀ་བ་ཡིན། སློབ་མ་ཞིག་དགེ་རྒན་བཟང་བོ་ཞིག་ལ་འཕྲད་པ་ནི་མི་ཚེའི་བསོད་ནམས་ཡིན་ལ་སློབ་གྲྭ་ཞིག་ལ་དགེ་རྒན་བཟང་བོ་ཞིག་ཡོད་པ་ནི་སློབ་གྲྭའི་གཟི་བརྗིད་ཀྱང་ཡིན། མི་རིགས་སློབ་གྲྭ་ལ་དུས་རབས་གསར་བའི་འཕེལ་རྒྱས་ཀྱི་འགྲོས་དང་འཚམ་ཞིང་སྤྱི་ཚོགས་ཀྱི་དགོས་མཁོ་དངོས་སྐོང་ཐུབ་པའི་ཆ་རྐྱེན་འཛོམས་དགོས་ལ། ལྷག་པར་དུ་ཆེད་ལས་རང་བཞིན་གྱི་དགེ་རྒན་དཔུང་སྡེ་བཟང་བོ་ཞིག་མེད་ན། མི་རིགས་སློབ་གསོའི་བྱ་བའང་རྩ་བ་ཆད་པའི་མེ་ཏོག་གི་ངང་ཚུལ་ལས་མ་འདས་པས། སློབ་གཙོ་ཁོང་གིས་སྐྱེ་དངོས་དང་རྫས་འགྱུར། དངོས་ལུགས། ཆབ་སྲིད། ལོ་རྒྱུས། ས་ཁམས་སོགས་ཀྱི་ཆེད་ལས་དགེ་རྒན་དཀོན་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ལ་གཞིགས་ནས་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་ལ་ཡང་དང་བསྐྱར་དུ་སྙན་ཞུ་ཕུལ་ཏེ་བསྟུད་མར་ལོ་ངོ་བཞི་ལ་མཚོ་སྔོན་དགེ་ཐོན་སློབ་ཆེན་གཙོ་བྱས་པའི་རྒྱལ་ནང་གི་མི་རིགས་སློབ་ཆེན་རྩེ་གྲ་དག་གི་ཆེད་ལས་རང་བཞིན་གྱི་མཐར་ཕྱིན་སློབ་མ༤༥ཆེད་དུ་དགེ་རྒན་དུ་བསྡུས་ཏེ་སློབ་གྲྭའི་དགེ་རྒན་གྱི་དཔུང་སྡེར་གསོན་ཤུགས་བླ་ན་མེད་པ་བྱུང་ལ་དགེ་རྒན་དག་གི་ནམ་རྒྱུན་གྱི་སློབ་ཁྲིད་སློབ་གསོར་ཁོང་གིས་མིག་དཔེའི་ནུས་པ་དང་སྐུལ་ཁྲིད་ཀྱི་ནུས་པ་བཏོན་དང་འདོན་བཞིན་ཡོད། དགེ་རྒན་གྱི་དཔུང་སྡེ་འཛུགས་པ་ནི་སློབ་གྲྭའི་སློབ་གསོ་བྱ་བའི་གལ་ཆེའི་གནད་གཙོ་བོ་ཡིན། དགེ་རྒན་གྱི་དཔུང་སྡེ་འཛུགས་པར་ཤུགས་སྣོན་བྱེད་པ་ནི་སློབ་ཁྲིད་སློབ་གསོའི་སྤུས་ཚད་མཐོར་འདེགས་གཏོང་བའི་གཞི་རྩའི་ཐབས་ལམ་ཡིན་ལ་སློབ་གྲྭའི་སློབ་སྒྲུབ་ཆུ་ཚད་མཐོར་འདེགས་གཏོང་བའི་ཡང་དག་པའི་ཐབས་ལམ་ཡང་ཡིན། དགེ་རྒན་གྱི་ཀུན་སྤྱོད་བཟང་བ་དང་ལས་ཀར་གཟབ་ནན་བྱེད་པ། སྒྲིག་གཞི་ལེགས་པ། གསོན་ཤུགས་ཀྱིས་ཁེངས་པ་སོགས་ཕུལ་བྱུང་གི་དགེ་རྒན་གྱི་དཔུང་སྡེ་འཛུགས་པ་ནི་སློབ་ཁྲིད་སློབ་གསོའི་སྤུས་ཚད་མཐོར་འདེགས་གཏོང་བའི་རྩ་བའི་འགན་ལེན་ཡིན་པས་སློབ་གཙོ་ཁོང་གིས་ལག་ལེན་དངོས་ཀྱི་ཁྲོད་དུ་རྒྱུན་ཆད་མེད་པར་རྟོག་ཞིབ་དང་འབད་བརྩོན་གྱིས་མདུན་དུ་སྐྱོད་བཞིན་ཡོད། གཞན་ཁོང་གིས་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་བཛྲ་ཚུལ་ཁྲིམས་སོགས་ཆེད་དུ་སློབ་གྲྭར་གདན་དྲངས་ནས་དགེ་རྒན་གྱི་ལས་རིགས་ཀུན་སྤྱོད་སྐོར་གྱི་འཆད་ཁྲིད་རབ་དང་རིམ་པ་སྤེལ་བ་དང་། འཛིན་གྲྭའི་གཙོ་བདག་རྣམས་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་དུ་རྟོག་ཞིབ་ལ་མངགས་པར་ལྷག་བསམ་ཅན་གྱི་དགེ་རྒན་གྱི་དཔུང་སྡེ་འཛུགས་པར་ནུས་པ་མི་དམན་པ་ཐོན་ནས་སློབ་མ་ལྷག་བསམ་གྱིས་སྐྱོང་བ་དང་སློབ་མ་ཐབས་ཀྱིས་སྐྱོང་བའི་སྲོལ་བཟང་བོ་ཞིག་ཆགས་འདུག་པ་འདི་ཡང་མི་རིགས་སློབ་གསོ་གོང་འཕེལ་དུ་འགྲོ་བའི་དན་རྟགས་ཤིག་ཏུ་གྱུར་འདུག
    སློབ་གསོ་ནི་སློབ་གྲྭ་ལ་བརྟེན་དགོས་པ་དང་། སློབ་གྲྭ་ནི་རང་ཉིད་ཀྱི་ཁྱད་ཆོས་སྲུང་འཛིན་བྱེད་ཐུབ་པའི་མ་ལག་གཙང་མ་ཞིག་ལ་བརྟེན་དགོས་པ་རེད། ཁོང་གིས་མི་རིགས་སློབ་གསོར་བཅངས་པའི་ལྷག་བསམ་གཙང་མས་ནམ་རྒྱུན“སློབ་མའི་རྒྱུད་གཙང་མ་དང་དགེ་རྒན་གྱི་སེམས་གཙང་མ། བསླབ་བྱའི་ཆོས་གཙང་མ”སྟེ་གཙང་མ་གསུམ་ལྡན་གྱི་སློབ་སྒྲུབ་ཀྱི་རིགས་ལམ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཤིང་ཁོ་རང་སྲོག་ཤིང་ཡིན་པའི་སློབ་གྲྭའི་འགོ་ཁྲིད་ཚན་ཆུང་གིས་སློབ་དར་མི་སྐྱོང་གི་ལས་དོན་གཙིགས་སུ་བཟུང་ནས་རྒན་བཀུར་བྱམས་སྐྱོང་དང་འབད་ཁྲིད་བརྩོན་སློབ་ནི་སློབ་གྲྭའི་སྡོམ་ཚིག་དང“མི་རབས་སློབ་སྲོལ་འཛུགས། མི་རིགས་མཁས་དབང་སྐྱོང”བའི་སློབ་སྒྲུབ་ཀྱི་བསམ་བློ་དང་།“མས་ནས་ཡར་འཛེགས། ཡས་འཛེགས་ཁྱད་འཕགས། རྒྱུ་སྤུས་མཐོར་འདེགས། ཡ་རབས་མི་སྐྱོང་།”ནི་ལས་འགན་དང་པོར་བཟུང་སྟེ། སློབ་གྲྭ་འདི་ཉིད“ཀན་སུའུ་མི་རིགས་ས་ཁུལ་གྱི་དཔེ་སྟོན་སློབ་གྲྭ”རུ་འགྱུར་རྒྱུའི་དམིགས་ཚད་གསར་བ་གཏན་ལ་ཕབ་ཡོད། སློབ་གྲྭར་རྒྱུན་སྡོད་ལམ་ལུགས་ཡོངས་སུ་ལག་བསྟར་བྱས་ཡོད་པའི་སློབ་གྲྭ་འདིར་མཚོན་ན། སློབ་མའི་དོ་དམ་ནི་སློབ་གྲྭའི་དོ་དམ་མཐའ་དག་ལས་ཆེས་གནད་འགག་ཡིན་ལ་ཆེས་གཙོ་བོ་ཞིག་ཀྱང་ཡིན།  སློབ་སྦྱོང་གི་གྲུབ་འབྲས་བཟང་བོ་ཞིག་ལེན་དགོས་ན་སྔོན་ལ་སྒྲིག་ལམ་དོ་དམ་དམ་འཛིན་བྱ་དགོས་པ་དང་། ལྷག་པར་དུ་ཉལ་ཁང་གི་དོ་དམ་ལམ་ལུགས་ལ་བཅོས་སྒྱུར་བྱ་དགོས།  འདི་ནི་སློབ་གཙོ་དཀོན་མཆོག་ཚེ་བརྟན་གྱིས་རྒྱུན་དུ་བཤད་པའི་སྐད་ཆ་ཞིག་རེད། ཁོས་བལྟས་ན་སྒྲིག་ལམ་གྱི་སྒྲིག་གཞི་འཐུས་སྒོ་ཇེ་ཚང་དུ་སོང་ན་ད་གཟོད་སློབ་ཁྲིད་ཀྱི་གྲུབ་འབྲས་མི་ཐོན་པའི་རྣམ་པ་དེ་རྩ་བ་ནས་བསྒྱུར་ཐུབ་པར་འདོད།  དེ་བས་ཁོང་གིས་ཉལ་ཁང་དོ་དམ་ཁང་ལ་ཆེད་དུ་དགེ་རྒན་སུམ་བཅུ་ལྷག་སློབ་མའི་འཚོ་བའི་མཛུབ་སྟོན་དགེ་རྒན་དུ་བཀོད་སྒྲིག་བྱས་ཏེ་སློབ་མའི་འཚོ་བའི་གོམས་གཤིས་ལ་མིག་དཔེ་དང་སྣེ་སྟོན་བྱེད་དུ་བཅུག དེ་ལྟར་སློབ་གྲྭའི་སྒྲིག་ལམ་ཞན་པའི་དབང་གིས་སློབ་མ་གཅིག་ཀྱང་བྲོས་བྱོལ་བྱེད་དུ་མི་འཇུག་པ་དེ་ཡང་ཁོས་ཁྱིམ་བདག་རྣམས་ལ་ཁས་བླངས་པའི་དམ་བཅའ་ཡིན་པས། ཁོང་གིས་དམ་བཅའ་དེ་བརྩི་སྲུང་བྱས་ཏེ་འབད་བརྩོན་ཆེན་པོ་བྱས་དང་བྱེད་ཀྱིན་ཡོད། མིག་སྔར་ཉལ་ཁང་དོ་དམ་གྱི་སྒྲིག་གཞི་འཐུས་སྒོ་ཚང་ལ་ཉལ་ཁང་ལས་བྲོས་བྱོལ་བྱེད་མཁན་གྱི་སློབ་མ་གཅིག་ཀྱང་མེད་པའི་ཚོད་དུ་འདུག
    ཀླུ་ཆུ་རྫོང་གི་དཔལ་འབྱོར་གྱི་རྨང་གཞི་ཞན་པ་དང་ནོར་སྲིད་ཅུང་དམ་པ། མ་རྩ་མང་པོ་སློབ་གསོར་གཏོང་མི་ཐུབ་པ་སོགས་ལས་སློབ་གྲྭའི་ལུས་རྩལ་ར་བ་སྔར་བཞིན་ཐང་སྐྱ་རུ་ལུས་པས། དགུན་གསུམ་གྱི་ཙག་རླུང་སློབ་གྲྭར་ལྡང་བའི་ཚེ་ན་སློབ་མའི་རྩལ་སྦྱོང་སློབ་ཁྲིད་ཡེ་ནས་ཁྲིད་ཐབས་མེད་ལ་དབྱར་གསུམ་གྱི་ཆར་ཆུ་སློབ་གྲྭར་རྒྱུགས་པའི་ཚེ་ན་འདམ་རྫབ་ལ་ལུང་དུ་ཁྱབ་པས་རྒྱུན་ལྡན་གྱི་སློབ་ཁྲིད་ལ་ཡང་དལ་འགོར་འབྱུང་། ལྷག་པར་དུ་སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་གཏོང་ཐབས་མེད་པ་དང་སློབ་རའི་རིག་གནས་སྔར་བས་སྣ་མང་ཕུན་སུམ་ཚོགས་པ་དང་དགེ་སློབ་གཉིས་ཀྱི་གཟུགས་གཞི་བདེ་ཐང་ཡོང་བ་སོགས་ཀྱི་གནད་དོན་དག་ལ་དམིགས་ནས།  ཁོང་གིས་ཆེད་དུ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་ལ་སྙན་ཞུ་ཡང་དང་བསྐྱར་དུ་ཞུས་མཐར་ད་ལྟ་ལུས་རྩལ་ར་བའི་འཛུགས་སྐྲུན་བདེ་བླག་ངང་ལེགས་འགྲུབ་བྱུང་བས་སློབ་གྲྭའི་ཁོར་ཡུག་ལ་གནམ་ས་བླ་འོག་སྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་སྟེ་སློབ་མའི་ཞོགས་རྩལ་རྒྱུགས་པ་དང་ལུས་རྩལ་སློབ་ཁྲིད། རྐང་རྩེད་སྤོ་ལོ་རྩེ་བ་སོགས་ལས་རྒྱ་ཆེའི་དགེ་སློབ་དག་ལ་སྔར་བྱུང་མ་མྱོང་བའི་དགའ་ཚོར་བསམ་གྱིས་མི་ཁྱབ་པས་ཁེངས་འདུག ༢༠༡༧ལོའི་ཁུལ་ཡོངས་ཀྱི་སློབ་འབྲིང་སློབ་མའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཁྲོད་སྐྱེས་པའི་སྐོར་གྱི་ཨང་དང་པོ་དང་སྐྱེས་མའི་སྐོར་གྱི་ཨང་དང་པོ་སོགས་དགའ་འོས་པའི་གྲུབ་འབྲས་ཐོབ་པས་སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བྱུང་བ་མ་ཟད་སློབ་མའི་གཟུགས་གཞི་བདེ་ཐང་དང་སློབ་ཁྲིད་སློབ་གསོར་གཞོགས་འདེགས་ཀྱི་ནུས་པ་ངེས་ཅན་ཐོན།
    ཟས་རིགས་བདེ་འཇགས་ནི་མི་དམངས་མང་ཚོགས་ཀྱི་དོ་སྣང་བྱ་ཡུལ་གཙོ་བོ་ཡིན་པ་དང་། སློབ་གྲྭའི་ཟ་ཁང་ནི་ཟས་རིགས་བདེ་འཇགས་ཀྱི་དོན་རྐྱེན་འབྱུང་ས་གཙོ་བོ་ཡིན་པ་དང་རྒྱ་ཆེའི་སློབ་མ་རྣམས་ཀྱི་ལུས་སེམས་བདེ་ཐང་དང་སློབ་གྲྭའི་སློབ་ཁྲིད་སློབ་གསོར་ཐད་ཀར་འབྲེལ་ཡོད་ལ། ལྷག་པར་དུ་རོང་འབྲོག་མང་ཚོགས་ཀྱི་ཁྱིམ་ཚང་དཀའ་ཁག་ཅན་གྱི་སློབ་མའི་བཟའ་བཏུང་གི་དཀའ་ཁག་ད་དུང་སྔར་མུས་སུ་ཐག་གཅོད་བྱུང་མེད་པ་སོགས་ཀྱི་ཁ་ཚ་དགོས་གཏུག་གི་གནད་དོན་ལ་དམིགས་ནས་ཁོང་གིས་སློབ་མའི་བཟའ་བཏུང་གི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་བྱ་བའི་གཙོ་གནད་དུ་བཟུང་། ཁོང་གིས་སློབ་གྲྭའི་དངོས་ཡོད་གནས་ཚུལ་གཞིར་བཟུང་སྟེ་ཟ་ཁང་དོ་དམ་བྱ་བར་གཙོ་བོ་ཕྱོགས་བཞི་ནས་ལེགས་བཅོས་བྱས་པ་སྟེ། ཟས་རིགས་བདེ་འཇགས་སྐོར་གྱི་བྱ་འགུལ་མང་དུ་སྤེལ་ནས་སློབ་མ་དང་ཁྱིམ་བདག་གིས་རང་རྟོགས་ཀྱི་སྒོ་ནས་ཟས་རིགས་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་ཤེས་རྟོགས་འབྱུང་དུ་བཅུག་པ་དང་གཅིག སློབ་གྲྭའི་ཟ་ཁང་གི་ནོར་དོན་དོ་དམ་ལམ་ལུགས་བཙུགས་པ་དང་དེར་ཆེད་མངགས་ཀྱི་དགེ་རྒན་བཀོད་སྒྲིག་བྱས་ཏེ་ཟ་ཁང་གི་འགྲོ་གྲོན་ཚད་ལྡན་དུ་བཏང་བ་དང་གཉིས། ཞོར་ཟས་སོགས་བདེ་འཇགས་མ་ཡིན་པའི་ཟས་རིགས་སློབ་གྲྭར་གཏན་འགོག་བྱས་ཏེ་སློབ་གྲྭའི་ཁེ་གཉེར་ཚོང་ཁང་སོགས་མེད་པར་བཏང་བ་དང་གསུམ། ཟ་ཁང་གི་ཟས་སྣ་གཅིག་གྱུར་གྱིས་ཉོ་བ་དང་གཅིག་གྱུར་གྱིས་སྐྱེལ་འདྲེན་བྱེད་པ་ལ་ལྟ་སྐུལ་ཞིབ་བཤེར་གྱི་ལམ་ལུགས་བཙུགས་ནས་སློབ་གྲྭའི་ཟས་རིགས་བདེ་འཇགས་ལ་ཁག་ཐེག་བྱས་པ་དང་བཞིའོ།
    ཁོང་ལ་སྔ་ཕྱིར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་མི་དམངས་སྲིད་གཞུང་གིས་ཁུལ་ཡོངས་ཀྱི“ཕུལ་བྱུང་སློབ་གསོའི་ལས་དོན་པ”དང“ན་གཞོན་སློབ་ཁྲིད་མཁན་པོ” “བསླབ་ཚན་སྣེ་ཁྲིད་པ”སོགས་ཀྱི་མཚན་སྙན་བསྩལ་ཡོད། གཞན་ཁོང་གི་སློབ་ཁྲིད་སློབ་གསོ་དང་འབྲེལ་བའི་དཔྱད་རྩོམསྐད་གཉིས་སློབ་གསོ་འཕེལ་ཕྱོགས་སྐོར་གྱི་བསམ་གཞིགས་ཕྲན་བུསྐད་གཉིས་སློབ་གསོའི་རྣམ་པའི་འོག་མཐོ་འབྲིང་སློབ་མས་གྲངས་རིག་བསླབ་ཚན་སྦྱོང་བའི་སེམས་ཁམས་ཀྱི་ཁྱད་ཆོས་དང་དེའི་སྐོར་གྱི་བསམ་ཚུལ་འགའ་གླེང་བམཐོ་འབྲིང་ཆབ་སྲིད་ཀྱི་མཐར་ཕྱིན་རྒྱུགས་གཞི་ལ་ལན་འདེབས་ཚུལ་ཅུང་ཙམ་གླེང་བསོགསབོད་ཀྱི་སློབ་གསོདངམཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རིག་གཞུང་དུས་དེབམཚོ་སྔོན་བོད་ཡིག་གསར་འགྱུརསོགས་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་པར་ཚད་ལྡན་དུ་བཀོད་ཡོད་ལ། དཔྱད་རྩོམ་གསུམ་ལ་ཁུལ་ཡོངས་ཀྱི་དཔྱད་རྩོམ་ཞིབ་སྡུར་ཁྲོད་བྱ་དགའ་ཨང་དང་པོ་དང་ཨང་གཉིས་པ། ཨང་གསུམ་པ་བཅས་ཐོབ།
    དཀོན་མཆོག་ཚེ་བརྟན་ལགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་ནི་རང་གི་ཁྱིམ་དང་དགེ་སློབ་རྣམས་ནི་རང་གི་གཉེན་ཉེ་རུ་བརྩི་བཞིན་ཡོད་པ་དང་། མི་རིགས་སློབ་གསོའི་འཕེལ་རྒྱས་དང་ལྷག་པར་དུ་ཀླུ་ཆུ་ས་ཁུལ་གྱི་སློབ་གསོའི་ལས་དོན་གྱི་སླད་དུ་ཐུགས་ལྷོད་ལྷོད་ཀྱིས་ངལ་གསོ་མེད་པར་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱི་མཛད་པ་བསྐྱངས་དང་སྐྱོང་བཞིན་པ་ལགས་སོ།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།