༄༅།། སྤྱང་གྲུང་བློ་དང་བརྩོན་པའི་སེམས་ཤུགས་ཀྱིས།། འཚོ་ཚིས་ལས་ལ་དོན་གྱི་འོད་སྣང་འཚེར།། - རིག་གནས་མི་སྣ - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > རིག་གནས་མི་སྣ >
༄༅།། སྤྱང་གྲུང་བློ་དང་བརྩོན་པའི་སེམས་ཤུགས་ཀྱིས།། འཚོ་ཚིས་ལས་ལ་དོན་གྱི་འོད་སྣང་འཚེར།།
དུས་ཚོད།2020-11-30 10:03:10     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
ཀན་ལྷོ་ཁུལ་བྷོ་ཊ་ཀུན་ཕན་རིག་གནས་ཐོན་ལས་འགན་འཁྲི་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་དཀའ་ཐུབ་ཚེ་རིང་ལགས་ཀྱི་གནས་ཚུལ་རགས་བཀོད། གསར་འགོད་པ་ལྷ་མོ་བཀྲ་ཤིས།
   \\\
    ཀན་ལྷོ་ཁུལ་བྷོ་ཊ་ཀུན་ཕན་རིག་གནས་ཐོན་ལས་འགན་འཁྲི་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་དཀའ་ཐུབ་ཚེ་རིང་ནི་སྤྱི་ལོ༡༩༧༨ལོའི་ཟླ༦པར་ཀན་ལྷོའི་ཅོ་ནེ་ཡུལ་དུ་སྐྱེས་ཤིང་། ཆུང་དུས་ནས་ཨ་ཕར་འགྲོགས་ཏེ་རས་གུར་བཟོ་བའི་ལག་རྩལ་ལ་སློབ་སྦྱོང་བྱས། ཁོས་རྒྱུན་འཛིན་བྱས་ཡོད་པའི་རས་གུར་བཟོ་སྟངས་ཀྱི་ལག་རྩལ་འདི་ནི་གནའ་ནས་བརྒྱུད་པའི་བོད་རང་གི་རས་གུར་བཟོ་སྟངས་ཀྱི་ལག་རྩལ་ཞིག་ཡིན་ལ། ཁོས་ལག་རྩལ་འདི་ཡང་ཁོའི་ཨ་ཕ་རྡོ་རྗེ་རིན་ཆེན་གྱིས་སྐབས་དེའི་ཅོ་ནེ་དཔོན་པོའི་བློན་ཆེན་རྡོ་རྒྱལ(དེ་སྔ་ཅོ་ནེ་དགོན་ཆེན་བཞེངས་པ་ཡིན)ཀྱི་སྔོན་ནས་ལག་རྩལ་འདི་སྦྱངས་པ་ནས་འགོ་བརྩམས་ཏེ་ཕ་ཤུལ་བུ་ཡིས་རྒྱུན་བཟུང་བ་ཞིག་ཡིན་འདུག་ལ། ཁོ་རང་གི་ལག་རྩལ་འདིའི་ཁུངས་དེད་ན་ཆེས་ཐོག་མར་ཅོ་ནེ་དཔོན་རབས་དང་བོས་ལྷ་ས་ནས་ཅོ་ནེའི་དཔོན་པོའི་འགན་བཞེས་པར་ཡོང་སྐབས་ཁྲིད་འོང་བའི་ལག་རྩལ་བ་དེར་དེད་ཆོག་པར་བཤད། རྐྱེན་དབང་གིས་ད་ལྟ་ཁོས་རྒྱུན་འཛིན་བྱས་ཡོད་པའི་རས་གུར་བཟོ་བའི་ལག་རྩལ་འདི་ནི་བོད་རང་གི་སྲོལ་རྒྱུན་ལག་རྩལ་རྣལ་མ་ཞིག་ཡིན་པར་གདོན་མི་ཟ། མི་རབས་དང་མི་རབས་བར་བརྒྱུད་པའི་ལག་རྩལ་འདི་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་གཏོང་རྒྱུ་ནི་སྐྱེས་བུ་ཕལ་མོ་བ་གང་ཞིག་ཡིན་ཀྱང་ལོ་རྒྱུས་ཀྱི་འཁོར་ལོ་རིང་མོས་ང་ཚོར་བཞག་པའི་འོས་འགན་དུ་སེམས་པ་ནི་ལོ་ཡི་འཁོར་ཕྱོགས་ཤིག་ཏུ་གྱུར་ཡོད་སྟབས། དཀའ་ཐུབ་ཚེ་རིང་ལ་ཡང་རང་གིས་རྒྱུན་འཛིན་བྱས་ཡོད་པའི་ལག་རྩལ་འདི་ཅི་ནས་ཀྱང་སྐྱེས་འོང་བའི་ཡིད་ཆེས་ཡོད། དེའི་སྟབས་ཀྱིས་ད་ལྟ་ཁོས་དཀའ་ཐུབ་འཚོ་དང་སྐལ་བཟང་ཚེ་རིང་། གཟུངས་འདུས་འཚོ་སོགས་མི་ཉི་ཤུ་ལྷག་བསྡུས་ཏེ་སྤྱི་གཉེར་ཁང་བཙུགས་ནས་རང་ཉིད་ཀྱིས་རྒྱུན་བཟུང་ཡོད་པའི་ལག་རྩལ་འདི་འཐུས་ཚང་དུ་བཏང་།
    ༡༩༩༧ལོ་ནས་བཟུང་ཁོས་ཨ་ཕ་རྡོ་རྗེ་རིན་ཆེན་དང་མཉམ་དུ་བོད་བཟོའི་རས་གུར་བཟོ་ཚོང་གི་ལས་ལ་དངོས་སུ་སློབ་སྦྱོང་བྱས་ཤིང་། ཁོས་རང་གིས་སྤྱང་གྲུང་དང་བརྩོན་འགྲུས་ལ་བརྟེན་ནས་རས་གུར་གྱི་བཟོ་སྟངས་དང་ཕྱིར་འཚོང་གི་ཐབས་ལམ་སོགས་ལ་འབད་ཐབས་ཀྱིས་སྦྱངས་ཏེ་ཉམས་མྱོང་བསགས་ཉར་བྱས། ༢༠༡༤ལོའི་ཟླ༤བའི་ཚེས༢༥ཉིན་ཁོས་བཟའ་ཟླ་དཀའ་ཐུབ་འཚོ་དང་མཉམ་དུ་ཀན་ལྷོའི་བོད་ཁམས་གནའ་སྲོལ་རས་གུར་རིག་གནས་རྒྱུན་འཛིན་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་བཙུགས་ཏེ། རས་གུར་ལག་རྩལ་རྒྱུན་འཛིན་ལ་སྔར་བས་ལེགས་པའི་འཕེལ་རྒྱས་ཀྱི་ལམ་ཆེན་གསར་བ་ཞིག་གཏོད་པ་རེད། ༢༠༡༥ལོའི་ཟླ༥བའི་ཚེས༢༧ཉིན་ཀན་ལྷོ་ཁུལ་བྷོ་ཊ་ཀུན་ཕན་རིག་གནས་ཐོན་ལས་འགན་འཁྲི་ཚད་ཡོད་ཀུང་སི་བཙུགས།  ༢༠༡༦ལོའི་ཟླ༦པར་ཀན་སུའུ་ཞིང་ཆེན་དེང་རབས་པར་ལེན་སློབ་ཚོགས་ཀྱི་ཚོགས་པའི་ལག་ཁྱེར་ཐོབ། ༢༠༡༦ལོའི་ཟླ༡༡པའི་ཚེས༢༧ཉིན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་པར་ལེན་མཐུན་ཚོགས་ཀྱི་ཚོགས་མིའི་ལག་ཁྱེར་ཐོབ་པ་དང་། ལག་ཁྱེར་འདི་དག་གིས་ཁོ་ནི་འཚོ་བར་དུང་ཞིང་སྒྱུ་རྩལ་ལ་མོས་པའི་མི་ཞིག་ཡིན་པ་ཤེས་ཐུབ་ལ། སྲོལ་རྒྱུན་གྱི་ལག་རྩལ་གང་ཞིག་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་ན་ཁེ་ལས་ཀྱི་ཕྱོགས་ནས་འཕེལ་རྒྱས་འགྲོ་རྒྱུ་ནི་ཆེས་རྨང་གཞིར་གྱུར་པའི་ཐབས་ལམ་ཉག་ཅིག་ཡིན་པར་འདོད། ལག་རྩལ་དེ་དང་འབྲེལ་བའི་ཁེ་ལས་ཇི་ལྟར་འཕེལ་རྒྱས་སོང་ན་ལག་རྩལ་དེ་ཡང་དེ་བཞིན་དུ་འཕེལ་རྒྱས་འགྲོ་ངེས་པར་སྙམ་ནས་རྐྱེན་དབང་གིས་རས་གུར་ཕྱིར་འཚོང་གི་ལམ་ཀ་དེ་ཁེ་ལས་ཅན་དུ་བསྒྱུར་བ་ནི་འཕེལ་ཁ་ཞིག་ཡིན་འདུག
    ལོ་རབས་བརྒྱད་བཅུ་བ་ནས་བཟུང་བོད་བཟོའི་རས་གུར་ཐོན་སྐྱེད་དང་ལས་སྣོན་བྱེད་པའི་ཁྱིམ་ཚང་གི་སྲོལ་རྒྱུན་བཟོ་ཁང་གི་རྨང་གཞིའི་ཐོག  མི་རབས་འགའི་ལས་སྣོན་ལག་རྩལ་རྒྱུན་འཛིན་བྱེད་པ་དང་གསར་གཏོད་བྱས་ནས་པར་གཞི་བཟོ་བཅོས་བྱས་ཤིང་། ༢༠༡༤ལོར་སྤྱི་གཉེར་ཁང་དེ་དངོས་སུ་ཐོ་འགོད་བྱས་ནས་བཙུགས་པ་དང་ཐོ་འགོད་མ་རྩ་སྒོར་ཁྲི༥༠༠ཟིན་ཡོད་པ་རེད། སྤྱི་གཉེར་ཁང་དུ་ད་བར་དུ་ཆེད་ལས་ཀྱི་ཇུས་འགོད་པ་དང་མཛེས་རྩལ་བ། ཆེད་ལས་འཚེམ་བཟོ་བ་སོགས་ལས་མི༣༠ལྷག་ཙམ་ཡོད་ལ། དཀའ་ཐུབ་ཚེ་རིང་གིས་སྣེ་ཁྲིད་པའི་ཁོ་རང་ཚོས་དཀའ་སྤྱད་འབད་འཐབ་བྱས་ཏེ་ཇུས་འགོད་དང་གསར་སྤེལ། ཐོན་སྐྱེད། ཕྱིར་འཚོང་། ཞབས་ཞུ་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཁེ་ལས་ཤིག་བཙུགས་ཡོད།
    སྤྱིར་བོད་རིགས་ནི་བློ་གྲོས་ལྡན་པའི་མི་རིགས་ཤིག་ཡིན་ཞིང་། ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་རིག་གནས་ཕུན་སུམ་ཚོགས་པ་ཡིན་སྟབས། བོད་བཟོའི་རས་གུར་ནི་གནའ་བོའི་མེས་པོ་རྣམས་ཀྱི་འཚོ་བའི་སྤུས་ཚད་ཀྱི་དགོས་མཁོ་མཐོ་རུ་ཕྱིན་པ་དང་བསྟུན་ནས་བྱུང་བ་ཞིག་ཡིན་ལ། དུས་སྐབས་སོ་སོའི་ལོ་རྒྱུས་ཀྱི་རིམ་འགྱུར་གྲུབ་འབྲས་དང་ཡང་འདྲེས་ནས་ཡོད། བོད་ལུགས་རས་གུར་བཟོ་བའི་བརྒྱུད་རིམ་ནང་ཐོག་མའི་རི་མོ་གསར་རྩོམ་དང་པར་འདེབས། ལག་ཤེས་ཚོས་རྫས་བྱུགས་ཚུལ། ལག་ཤེས་འཚེམ་བཟོ། དབྱུག་པའི་ཕུར་བ་ལས་སྣོན་སོགས་ཀྱི་དུས་མཚམས་ཚུད་ཡོད། བརྒྱུད་རིམ་དེ་དག་ལ་མི་རིགས་གཞན་དག་གི་གུར་དང་ཁྱད་པར་ཡོད་པའི་ནང་བོད་རིགས་མི་དམངས་ཀྱི་རིག་སྟོབས་ཀྱི་གྲུབ་འབྲས་དང་སྒྱུ་རྩལ་གྱི་ཆུ་ཚད་མངོན་པར་བྱས་ཡོད། དེ་ལ་རེ་རེ་བཞིན་གསལ་བཤད་ཅུང་ཟད་རེ་བྱས་ན། (༡)རས་ཆ། སྤྱོད་སྒོ་མི་འདྲ་བ་ལྟར་དབྱེ་ན་རས་དང་འདག་རས། དར་རས་སོགས་ཡོད། ཉེ་བའི་ལོ་འགའི་རིང་ལ་རྒྱུ་ཆ་ལ་བཀོལ་བའི་རས་ལ་ཆུ་འགོག་པའི་ནུས་ཡང་ལྡན་ཡོད། (༢)དཔེ་རིས་གསར་རྩོམ། བོད་རང་གི་རིག་གནས་ཁྲོད་ཀྱི་བཀྲ་ཤིས་རྟགས་བརྒྱད་དང་ལེགས་སྦྱར་གྱི་རི་མོ་སོགས་གཙོ་བོར་བཟུང་ཡོད། (༣)ཚོས་རྒྱུ། ཚོས་རྫས་མི་ལྷུང་བར་ཁག་ཐེག་བྱེད་པའི་རྨང་གཞིའི་སྟེང་ཁོར་ཡུག་སྲུང་སྐྱོང་རང་བཞིན་ལ་ཡང་ཁག་ཐེག་བྱས་ཡོད། (༥)དབྱུག་པ། ལྕགས་རིཊ་མང་བའི་རྒྱུ་ཆ། ལྗིད་ཐེག་གི་ནུས་པ་ལ་ཁག་ཐེག་བྱེད་པ་དང་ཆབས་ཅིག་ཏུ་འཁྱེར་བདེ་བས་དེར་ལྟེབ་རྩེག་རྒྱག་ཐུབ་པའི་ནུས་པ་ལྡན་ཡོད། (༥)ཕུར་བ། ཤིང་རྒྱུ་མང་བའི་ཁྱད་ཆོས་ལྡན་ཡོད།
    ལོ་བཅུ་ཕྲག་ཁ་ཤས་རིང་གི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་བརྒྱུད་ཁོས་རྒྱུན་འཛིན་དང་གསར་གཏོད། སྤུས་ཀ། ཞབས་ཞུ། ལས་བརྩོན། དྲིན་ཚོར་བཅས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་གིན་ཡོད་ལ། ཕུལ་དུ་བྱུང་བའི་མི་རིགས་རིག་གནས་རྒྱུན་འཛིན་དང་དུས་བསྟུན་མདུན་སྐྱོད། བསམ་བློ་གསར་བ་བསྡུ་ལེན་བཅས་བྱས་ཐོག་སྤུས་ཚད་ཀྱི་འགག་སྒོ་ནན་མོ་སྲུང་ནས་ཕྱོགས་ཡོངས་སུ་རྗེས་འདེད་ཞབས་ཞུ་དང་སྤུས་ཚད་མཐོ་བ། རིམ་པ་མཐོ་བ་བཅས་ཀྱི་རས་བཟོའི་ཐོན་རྫས་བཟོ་རྒྱུ་མཐའ་འཁྱོངས་བྱས་ཏེ་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཀྱིན་ཡོད། དེར་མ་ཟད་ཁོས་ད་དུང་རས་གུར་གྱི་ཕྱིར་འཚོང་དྲ་རྒྱ་འཐུས་ཚང་དུ་གཏོང་བ་དང་ཁེ་ལས་ཀྱི་ཡིད་ཆེས་ཚད་ལ་མཐོང་ཆེན་བྱས་ཏེ་ཁེ་ལས་ཀྱི་གྲུབ་འབྲས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་འབད་འབུངས་བྱེད་ཀྱིན་ཡོད། ནམ་རྒྱུན་སི་ཁྲོན་དང་མཚོ་སྔོན། བོད་ལྗོངས། ཡུན་ནན། ཀན་སུའུ་སོགས་བོད་རིགས་ས་ཁུལ་གྱིས་གཉེར་བའི་ཆོས་ཚོགས་ཆེ་གྲས་དང་དེ་བཞིན་བོད་རིགས་རང་སྐྱོང་ཁུལ་ཁག་གིས་གཉེར་བའི་རྟེན་འབྲེལ་མཛད་སྒོ་ཆེ་གྲས་ཐོག་ཁོའི་སྤྱི་གཉེར་ཁང་གིས་བཟོས་པའི་རས་གུར་གྱིས་ས་ཆ་སོ་སོར་ཡོད་ལ། ཁོས་བཟོས་པའི་རས་གུར་གྱི་སྤུས་ཚད་དང་མཛེས་ཆའི་ཆ་ལ་སྤྱི་ཚོགས་ལས་རིགས་ཁག་གིས་དགའ་མོས་བྱེད་ཀྱིན་ཡོད།
    དེར་མ་ཟད་ཨ་རི་སོགས་རྒྱལ་ཁབ་མང་བོའི་ཉོ་མཁན་གྱི་གདེང་འཇོག་བཟང་བོ་ཡང་ཐོབ་ཀྱིན་ཡོད། སྤྱི་གཉེར་ཁང་གི་ཐོན་རྫས་ཁག་སོ་སོར༡༩༩༣ལོ་དང་། ༢༠༠༣ལོ། ༢༠༡༣ལོའི་ཁུལ་སྟོན་སྐབས་རས་གུར་གྱི་བཟོ་རྩལ་སྤུས་ཚད་དཔྱད་བསྡུར་ཁྲོད་བྱ་དགའ་ཨང་དང་བོ་དང་ཨང་གཉིས་པ་བཅས་ཐོབ་པ་རེད། སྲིད་གཞུང་གི་བྱ་དགའ་དང་ཁག་ཐེག་ཐོབ་པས། སྤྱི་གཉེར་ཁང་གིས་ཕྱིར་ཚོང་བྱེད་སྟངས་སྔར་བས་བསྒྱུར་ནས་དྲ་ཐོག་ཚོང་ཁང་བཙུགས་པ་རེད། ལྷག་པར་དུ། ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ལྔའི་ཁྱབ་ཁོངས་སུ་རྟེན་འབྲེལ་མཛད་སྒོ་ཆེ་གྲས་འཚོག་སྐབས་སྔ་ན་མེད་པའི་རས་གུར་འགྲེམས་ཚོང་ཚོགས་འདུ་འཚོགས་པ་མ་ཟད། འབྲོག་པ་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གི་དགའ་བསུ་དང་གདེང་འཇོག་ཡག་པོ་ཡང་ཐོབ་ཡོད།
    ཁོས་ལག་རྩལ་འདི་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་བབ་བསྟུན་གྱིས་གསར་གཏོད་བྱས་ཤིང་། རས་གུར་གྱི་ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོ། མཛེས་ཆ་དོད་པོ། ཕུན་སུམ་ཚོགས་པའི་ཇུས་འགོད་བཅས་ཀྱི་ཐོག་ནས་སྤྱི་གཉེར་ཁང་ལ་དོ་དམ་ལེགས་པོ་བྱེད་ཀྱིན་ཡོད་ཅིང་། དོན་མཐུན་གྱི་རིན་གོང་དང་སྤུས་ལེགས་ཚོང་རྫས་ཀྱིས་རྒྱ་ཆེའི་འཛད་སྤྱོད་པར་ཆེས་ལེགས་པའི་དགོས་དབང་ཡོད་ཚད་བསྩལ་ཡོད།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།