༄༅།། རིག་དངོས་ཞིབ་འཇུག་མཁན་ལི་ཀྲིན་དབྱི། - རིག་གནས་མི་སྣ - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > རིག་གནས་མི་སྣ >
༄༅།། རིག་དངོས་ཞིབ་འཇུག་མཁན་ལི་ཀྲིན་དབྱི།
དུས་ཚོད།2016-08-17 10:33:02     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ། རྩོམ་པ་པོ། ཨ་པཎ།    ཆུང་། | འབྲིང་། | ཆེ།
      ལི་ཀྲིན་དབྱི་ནི༡༩༣༣ལོར་ཀན་སུའུ་ཐེན་ཧྲུའེ་ནས་སྐྱེས་པའི་རྒྱ་རིགས་ཤིག་ཡིན། ༡༩༥༩ལོར་ལན་གྲུ་སློབ་ཆེན་ལོ་རྒྱུས་སྡེ་ཁག་ནས་མཐར་ཕྱིན། ཕྱིས་སུ་ཀན་ལྷོ་ནས་ལོ་ངོ་སུམ་ཅུ་ལྷག་གི་རིང་རིག་དངོས་དང་གནའ་རྫས་རྟོག་ཞིབ་ཀྱི་བྱ་བ་གཉེར། ལས་ཁུངས་དེ་རུ་རིག་རྫས་ཀྱི་ཆེད་གཉེར་ལས་བྱེད་པ་དང་ཚན་ཆུང་གི་འགོ་འཛིན། དངོས་མང་བཤམས་སྟོན་ཁང་གི་འགོ་འཛིན་དང་པོ་དང་བློ་འདྲི་ཡུལ། ཞིབ་འཇུག་པ་གཞོན་པ་བཅས་ཀྱི་ལས་འགན་རིམ་པར་བརྒྱུད། དཀའ་བ་ཁྱད་དུ་བསད་དེ་རྐང་ཐང་དུ་ཀན་ལྷོའི་རྫོང་༧དང་ཤང་༡༠༩ལ་རྟོག་ཞིབ་བྱ་བ་སྤེལ་བའི་རྨང་གཞིའི་ཐོག ཀན་ལྷོའི་རིག་དངོས་དང་གནའ་རྫས་རྟོག་ཞིབ་ཀྱི་ཞིབ་འཇུག་ལམ་བུ་གསར་དུ་གཏོད་ཅིང་། ཞིབ་འཇུག་གྲུབ་འབྲས་དག《རིག་རྫས》དང་《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག》《བོད་ལྗོངས་ཞིབ་འཇུག》སོགས་སུ་བཀོད། གཞན་དང་མཉམ་དུ་བརྩམས་པའི་དཔེ་དེབ《ཀན་ལྷོའི་ལོ་རྒྱུས་མདོར་བསྡུས》དང་《ཀན་ལྷོའི་གནའ་མཁར་རྟོག་ཞིབ》སོགས་ཡོད།
      ལི་ཀྲིན་དབྱི་ལ་གནའ་རྫས་རྟོག་ཞིབ་ཀྱི་བག་ཆགས་བཞག་པ་ནི་ལོ་ངོ་ལྔ་བཅུའི་ཡར་སྔོན་གྱི་སློབ་ཆེན་སྐབས་རེད། ལན་གྲུ་སློབ་ཆེན་ལོ་རྒྱུས་སྡེ་ཁག་ཏུ་སློབ་གཉེར་བྱེད་སྐབས། ཁོས་གནའ་རྫས་རྟོག་ཞིབ་སྐོར་གྱི་ཤེས་བྱ་མང་བོ་མཐར་ཆགས་སུ་འབུངས། སློབ་མཐར་ཕྱིན་རྗེས། ལི་ཀྲིན་དབྱི་རང་གི་འདོད་མོས་ལྟར་ཀན་ལྷོར་བྱ་བ་གཉེར་དུ་ཡོང་། ལོ་བཅོ་ལྔའི་རིང་ཁོས་ལིན་ཐན་དང་ཅོ་ནེ། ཨ་ཚེ་ཐང་སོགས་ཀྱི་སློབ་འབྲིང་དུ་ལོ་རྒྱུས་དགེ་རྒན་གྱི་བྱ་ལས་གཉེར། སློབ་ཁྲིད་ཀྱི་ཞོར་དུ་ཁོ་ཡངས་པའི་འབྲོག་ཁུལ་དུ་སོང་ནས་གནའ་རྫས་རྟོག་ཞིབ་ཀྱི་བྱ་བ་སྤེལ། དེའི་སྐབས་ཀྱི་ཀན་ལྷོ་རུ་གནའ་རྫས་རྟོག་ཞིབ་ཐད་མི་མང་ཤས་ཀྱིས་རྒྱུས་ལོན་བྱས་མེད་སྟབས། གནའ་ཤུལ་དུ་སོང་ནས་རྫ་ཆས་ཆག་གྲུམ་དུ་གྱུར་པ་དག་བསྡུ་ཉར་བྱེད་རྒྱུར་ དགའ་བའི་ལི་ཀྲིན་དབྱི་ནི་མི་ཚང་མ་མས་ཀླད་པ་མི་དྭངས་པའི་མི་ཞིག་ཏུ་འདོད། ལི་ཀྲིན་དབྱིས་མི་རྣམས་ཀྱི་འཕྱ་སྨོད་རྒྱབ་ཏུ་བསྐྱུར་ཏེ་སྔར་བཞིན་ལས་ཞོར་དུ་གནའ་རྫས་རྟོག་ཞིབ་ཀྱི་བྱ་བ་གཉེར།
      ༡༩༧༦ལོའི་དཔྱིད་ཀར། ཀན་ལྷོ་ཁུལ་གྱིས་རིག་གནས་ལྟེ་གནས་ཤིག་འཛུགས་རྒྱུ་ཐག་གིས་བཅད། མི་དོན་སྡེ་ཁག་གིས་ཁོའི་ཁྱད་ནུས་ལ་གཞིགས་ཏེ་ཁོ་རང་ཀན་ལྷོ་ཁུལ་དངོས་མང་བཤམས་སྟོན་ཁང་གི་འགོ་འཛིན་ཐོག་མར་བསྐོས། དུས་དེ་ནས་བཟུང་ཁོ་བོས་རིག་དངོས་དང་གནའ་རྫས་གཞི་གཅིག་ཏུ་སྦྲེལ་ཏེ་ཞིབ་འཇུག་དང་འཚོལ་རྟོག་གི་གོམ་མཚམས་ནམ་ཡང་ལྷོད་མ་མྱོང་།
ཀན་ལྷོ་ཁུལ་དངོས་མང་བཤམས་སྟོན་ཁང་དུ་བྱ་བ་གཉེར་བའི་ལོ་ངོ་ཉི་ཤུའི་རིང་། ལི་ཀྲིན་དབྱི་དང་ལས་གྲོགས་རྣམས་ཀྱིས་ལོ་རྒྱུས་ཀྱི་དུས་ཡུན་རིང་ལ་ངོ་མཚར་བའི་གནས་འདི་ནས་རིག་དངོས་ཡོངས་བཤེར་བྱ་བ་སྤེལ་ནས་ཁུལ་ཡོངས་ཀྱི་གནའ་ཤུལ་ཁྱབ་ཚུལ་ཕལ་ཆེར་གསལ་བོར་བཏང་།
      ཁོ་བོས་དམར་དམག་ཀན་ལྷོའི་ས་ཁུལ་དུ་བསྐྱོད་པའི་གནས་ཚུལ་དང་འབྲེལ་ཡོད་རྗེས་ཤུལ་གསལ་རྟོག་བྱ་ཆེད། རྒྱང་སྐྱོད་ལམ་བུ་བསྐྱར་དུ་བརྒྱུད་ནས་ཡངས་པའི་རྩྭ་ཐང་བརྒལ་བ་དང་། རིག་དངོས་བྱ་བ་གཉེར་མཁན་ཞིག་གི་ལས་ཁུར་དང་དུ་བླངས་ནས་ཆོད་སེམས་བརྟན་པོས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་མགོ་རྗེའི་གྲོས་འཚོགས་ཀྱི་གནས་ཚུལ་དང་དེའི་རྗེས་ཤུལ་གསར་དུ་རྙེད་པ་རེད། 
༢༠༡༣ལོར་ཞིང་ཆེན་རིག་དངོས་སྡེ་ཁག་གིས་ལི་ཀྲིན་དབྱི་ཙུའུ་ཀྲང་དུ་བདམས་ནས་ཐེན་ཧྲུའེ་དང་ལུང་ནན། ཏིན་ཞི་སོགས་སུ་རིན་དངོས་གནས་ཚུལ་ཕྱོགས་ཡོངས་ནས་རྟོག་ཞིབ་བྱེད་དུ་བཅུག ལི་ཀྲིན་དབྱི་ཡིས་ལས་ཁུར་དང་ལེན་བྱས་ནས་རིང་བོར་མ་འགོར་བར་འགྲོ་བ་མིའི་རིགས་ཀྱིས་བཟོད་དཀའ་བའི་གློ་བའི་གཉན་ཚད་ཀྱི་རིམས་ནད་དེ་མེ་ལྕེ་བཞིན་གང་སར་མཆེད་བྱུང་། རྟོག་དཔྱོད་བྱ་བའི་དུས་ཡུན་ཐུང་ཞིང་ལས་འགན་ཧ་ཅང་ལྕི་བས། ལི་ཀྲིན་དབྱི་ལས་རོགས་ཚོ་དང་མཉམ་དུ་རིམས་ནད་ཀྱི་ཉེན་ཁ་ལ་མ་འཛེམ་པར་བློ་གཅིག་སེམས་གཅིག་གིས་རྟོག་དཔྱོད་བྱ་བར་འཇུག་པ་དང་། བསྡོམས་པས་ཚད་རིམ་གསུམ་ཡན་གྱི་རིག་དངོས་ཆིག་ཁྲི་ལྔ་སྟོང་ལྷག་ཞིབ་བཤེར་དང་ཐོ་འགོད་བྱས་པས་དུས་ལྟར་བྱ་བའི་ལས་ཁུར་ལེགས་འགྲུབ་བྱུང་བ་རེད།
      རིག་དངོས་ཀྱི་ལས་ཀ་གཉེར་མཁན་ཞིག་ལ་མཚོན་ན་རིག་དངོས་ཀྱི་རན་ཐང་མི་རྟོགས་པ་ག་ལ་སྲིད་དེ། ལི་ཀྲིན་དབྱི་ཡིས་དོན་དམ་པའི་རིག་དངོས་ཤིག་ཡིན་ཚེ་དེའི་རིན་ཐང་གཞལ་ཐབས་བྲལ་བར་འདོད། ལོ་ངོ་བཅུ་ལྷག་གི་རིང་ཁོ་བོས་དངོས་སུ་འཚོལ་བསྡུ་བྱས་པའི་རིག་དངོས་མི་ཉུང་བ་ཞིག་མཆིས་ཤིང་། དེའི་ཁྲོད་དུ་རྒྱལ་ཁབ་ཀྱི་རིམ་པ་དང་བོའི་རིག་དངོས་སྣ་བཅུ་ལྷག་འདུས། ཁོ་བོས་ལམ་རིང་བོ་གོམ་པས་འཇལ་ཏེ་དཀའ་སྡུག་དང་ཉེན་ཁ་ཇི་ལྟར་བརྒྱུད་རུང་། རིག་དངོས་གཅིག་འཚོལ་བསྡུ་བྱ་ཐུབ་ཚེ་དེ་མ་ཐག་རིག་དངོས་ལས་ཁུངས་སུ་ཕུལ་ནས་ཐོ་འགོད་ཉར་ཚགས་བྱེད་པ་ལས་རང་གིས་ལྐོག་ཉར་བྱེད་པའི་བསམ་བློ་ཏོག་ཙམ་ཡང་སྐྱེས་མ་མྱོང་། རང་གཤིས་དྲང་ཞིང་དཀའ་སྤྱད་ཀྱི་སྙིང་སྟོབས་མངའ་བའི་རིག་དངོས་བྱ་བ་གཉེར་མཁན་ཞིག་གིས་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་གཞལ་ཐབས་བྲལ་བའི་རིག་དངོས་གནའ་རྫས་རྣམས་རྒྱལ་ཁབ་ལ་ཕུལ་བ་དང་འབྱོར་འཁོས་ཞན་པའི་འཚོ་བ་དེ་རང་ལ་བསྐྱུར་བ་དང་བསྟུན་བསམ་པའི་དཔལ་ཡོན་གྱི་ལོངས་སྤྱོད་མཛད་ཐབས་མེད་པ་ཉམས་སུ་མྱོང་བཞིན་མཆིས། ཁོ་བོ་ལས་འཁྲུད་ངལ་གསོ་བྱས་རྗེས་གསོག་དངུལ་ཉུང་ངུ་ལ་བརྟེན་ནས་སྔ་ཕྱིར《ཀན་ལྷོ་བོད་ཁུལ་གྱི་གནའ་རྫས་ཉིང་བསྡུས》དང་《ཧྭ་ཞ་ཡི་རྩ་བ་སྟེ་ཐེན་ཧྲུའེ》ཞེས་པའི་དེབ་གཉིས་བརྩམས་ཤིང་། རང་གི་མི་ཚེའི་གྲུབ་འབྲས་ལ་ཕྱོགས་བསྡོམས་བྱས་པ་དང་། མི་རྣམས་ལ་ལོ་རྒྱུས་དྲང་དོན་གྱི་ཕྱིར་དྲན་ཞིག་བསྐྱུར་བ་རེད།
      བརྩམས་ཆོས་ཐད་དུ། 《ཀན་ལྷོའི་ལོ་རྒྱུས་མདོར་བསྡུས》དང་《ཀན་ལྷོའི་བོད་ཁུལ་གི་གནའ་རྫས་ཉིང་བསྡུས》《ཀན་ལྷོའི་གནའ་དེང་རིག་གནས》《ཧྭ་ཞ་ཡི་རྩ་བ་སྟེ་ཐེན་ཧྲུའེ》སོགས་རྩོམ་དེབ་སྐོར་ཞིག་པར་དུ་བསྐྲུན་ལ། དཔྱད་རྩོམ་སྟེ《ཀན་ལྷོའི་བོད་ཁུལ་གྱི་གནའ་བོའི་ཚོང་ལམ་གྱི་འགོ་ཁུངས་ལ་དཔྱད་པ》ཞེས་པ༡༩༩༢ལོའི《ཀན་སུའུ་མི་རིགས་ཞིབ་འཇུག》དེབ༤བའི་སྟེང་བཀོད། 《རྒྱ་བོད་ཀྱི་ཚོང་ལམ་དང་དངུལ་ལོར་དཔལ་འབྱོར་གྱི་འབྲེལ་བ》ཞེས་པ་ཀན་སུའུ་ཞིང་ཆེན་གྱི་ཐེངས་གསུམ་པའི་སྤྱི་ཚོགས་ཚན་རིག་གྲུབ་འབྲས་ཀྱི་བྱ་དགའ་ཨང་གསུམ་པ་དང་རྒྱལ་ཁབ་ཀྱི་གལ་ཆེའི་གཞུང་ལུགས་གྲུབ་འབྲས་གསར་གཏོད་ཀྱི་ཁྱད་འཕགས་བྱ་དགའ་ཐོབ། 《ཐང་གི་རྫོང་མཁར་གྲུ་བཞིའི་ཐད་རང་གི་ལྟ་ཚུལ་གླེང་བ》ཞེས་པའི་དཔྱད་རྩོམ་དེ《འཛམ་གླིང་རིག་གཞུང་གཏེར་མཛོད》དུ་བདམས། མདོར་ན་ཁོང་གིས་དཔྱད་རྩོམ་དང་བརྟག་དཔྱད་སྙན་ཞུའི་རྩོམ་ཡིག་བརྒྱ་ལྷག་སྤེལ་ཅིང་། སྙན་ངག་ཉིས་བརྒྱ་ལྷག་དུས་དེབ་ཏུ་བཀོད། གཞི་ཁྱོན་ཆེ་བའི་རིག་དངོས་བཤམས་སྟོན་ཐེངས་ཉི་ཤུ་ལྷག་གི་གཙོ་འགན་འཁུར་བ་དང་། དེང་རབས་རྒྱལ་ཁབ་ཀྱི་རིག་གཞུང་སྨྲ་བའི་ཆེད་མཁས་སོགས་གཟི་བརྗིད་ཀྱི་བྱ་དགའ་མང་བོ་ཐོབ།
༢༠༠༩ལོའི་ཟླ༩བར་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་བའི་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་ཡི་འགན་བཞེས།།
རྩོམ་སྒྲིག་པ། ཡུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།