中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > རིག་གནས་མི་སྣ >
༄༅།། གེ་སར་རིག་གནས་ཀྱི་ཞིབ་འཇུག་ཆེད་མཁས་པ་དབང་ཕྱུག་བྱམས།
དུས་ཚོད།2016-08-24 16:04:04     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
   མི་ཚེའི་འདུན་མ་འཚོལ་བའི་རྡོག་ལམ་ཐོག་མ།
   སྐུ་ཞབས་དབང་ཕྱུག་བྱམས་ནི1936ལོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ལིན་ཐན་རྫོང་མའོ་ཏེ་ཕོ་སྡེ་བ་རུ་སྐྱེས་ཤིང་། སྡེ་བ་འདི་ནི་བོད་རིགས་གཙོ་བྱས་པའི་རྒྱ་རིགས་ཉུང་འདུས་ཀྱི་རྒྱ་བོད་འདྲེས་མར་གནས་སའི་སྡེ་ཆུང་ཞིག་ཡིན།  ཁོ་རང་ཆུང་དུས་ནས་རང་གི་ཉེ་འགྲམ་གྱི་ལས་ལ་བརྩོན་ཞིང་ཞི་དུལ་བབ་ཆགས་ཀྱི་བོད་རིགས་མང་ཚོགས་ཀྱི་འཚོ་བར་རྒྱུས་ལོན་ཆེ་བ་དང་ལྷག་པར་ཏུ་བོད་ཀྱི་དམངས་ཁྲོད་གཏམ་དཔེར་སྤྲོ་སྣང་ཟབ་མོ་འཕེལ།  1958ལོའི་དཀའ་སྤྱད་ཀྱི་ལོ་ཟླའི་ནང་དུ་ཁོང་གིས་ཁྱད་དུ་འཕགས་པའི་སྦྱངས་འབྲས་བླངས་ནས་ཞི་ཨན་སློབ་འབྲིང་དང་པོ་ནས་སློབ་མཐར་ཕྱིན། ནམ་ཡང་བསུབ་ཏུ་མེད་པའི་སེམས་ཁོངས་ཀྱི་བོད་ཀྱི་རིག་གནས་ཀྱི་བག་ཆགས་དང་དེའི་དགའ་མོས་དེ་དག་ལས་ཐོབ་དཀའ་བའི་པེ་ཅིང་དགེ་ཐོན་སློབ་ཆེན་གྱི་སློབ་གཉེར་གྱི་བསྐལ་བ་རྒྱབ་ཏུ་དོར་ནས་ཀྲུང་དབྱང་མི་རིགས་སློབ་གླིང་གི་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་ཏུ་ཞུགས་ནས་ཆེད་དུ་རང་ཉིད་ཀྱི་བོད་ཡིག་ཆེད་ལས་ཀྱི་བསླབ་པ་དོན་དུ་གཉེར་པའི་གོམས་སྟབས་ཐོག་མ་སྤོས།
   སློབ་ཆེན་ལོ་ལྔའི་སློབ་གཉེར་མཇུག་རྫོགས་དུས་ཁོང་གིས་སྔར་བཞིན་འགྱུར་མེད་ཀྱི་ཆོད་སེམས་དང་ལང་ཚོ་ཡི་སྐྱེས་སྟོབས་དེ་བོད་ལ་ཕུར་ཚུགས་སུ་གཏད་ནས་སློབ་མཐར་ཕྱིན་ཁ་མའི་ལས་བགོས་འདོད་མོས་རེའུ་མིག་ཏུ་སྔ་ཕྱི་ཐེངས་གསུམ་ལ་བོད་ལྗོངས་མངའ་རིས་ས་ཁུལ་འདེམས་པ་དང་། འགོག་མེད་ཀྱི་ཕུགས་འདུན་དང་སྲ་བརྟན་གྱི་བློ་སྤོབས་ཀྱི་དར་ཆ་དེ་མཚོ་ངོས་ལས་སྨི5200ཡོད་པའི་སྟོད་མངའ་རིས་ཀྱི་སར་འགྱིང་ངེར་བསླངས། མངའ་རིས་སྒེར་རྩེ་རྫོང་ནས་དྲུང་ཡིག་གི་བྱ་བ་བསྒྲུབས་པའི་ལོ་ངོ12རིང་ལ་ཁོང་ལ་ཁྲག་རྩ་མཐོ་ཞིང་མཐོ་སྒང་རང་བཞིན་གྱི་སྙིང་ཁམས་ཀྱི་ནད་དྲག་པོས་དུས་རྟག་ཏུ་ལུས་སེམས་གཉིས་ཀར་གཙེ་བཞིན་ཡོད་ན་ཡང་བཟོད་བསྲན་གྱི་སྙིང་སྟོབས་བཀན་མོ་ཞིག་དང་དཀའ་སྤྱད་ཀྱི་སྙིང་རུས་མཁྲེགས་པོ་ཞིག་གིས་མིག་སྔའི་སྐྱོ་ངལ་མཐའ་དག་རྨེག་མེད་དུ་བཅོམ་ནས་བོད་རིགས་སྤུན་ཟླ་ཚོ་དང་མཉམ་དུ་མཉམ་ཟ་མཉམ་འཐུང་གི་འཚོ་བར་ཡོངས་སུ་འགྲིམ། ཁོང་གིས་ཡུལ་མཐའ་འཁོབ་ཀྱི་གནས་དེ་ནས་མི་ཚེ་དོན་མེད་འཕྲོ་བརླག་ཏུ་བཏང་བ་མ་ཡིན་པར་ཁོམ་སྐབས་ཀྱི་དུས་ཚོད་ཡོད་ཚད་བེད་སྤྱད་ནས་མི་ཚང་དང་རུ་སྡེ་ཉུལ་ཅིང་རི་ལུང་ལ་ཀླུང་བརྒལ་ནས་བོད་ཀྱི་རིག་གནས་ཀྱི་ས་བོན་འཚོལ་བསྡུའི་བྱ་བར་རང་ནུས་ཡོད་རྒུ་བཏོན་པས་ལོ་ངོ12རིང་ལ་ཕ་ཡུལ་དུ་ཐེངས་གསུམ་ལ་མ་གཏོགས་ལོག་མ་ཐུབ་ཅིང་། ཐ་ན་གཉེན་སྒྲིག་གི་བྱ་བའང་གཞུག་ལ་སྐྱུར་ནས་རང་གི་བསམ་བློ་དང་བྱ་བ་ཡོད་ཚད་བོད་ཀྱི་རིག་གནས་ཀྱི་འཚོལ་བསྡུའི་ལས་ཀར་ཡོངས་སུ་བཏང་བའི་འབྲས་རྟགས་སུ་བོད་ཀྱི་གླུ་གཞས་དང་ལོ་རྒྱུས་སྙན་རྩོམ།  ངག་རྒྱུན་དང་གཏམ་དཔེ་སོགས་དམངས་སྲོལ་བརྩམས་ཆོས200ལྷག་འཚོལ་བསྡུ་བྱས། དེ་ལས་གཞན་དུས་རྟག་པར་ས་དེ་གའི་དགོན་པ་སོགས་སུ་སོང་ནས་ལོ་རྒྱུས་རྒྱུ་ཆ་འཚོལ་ཞིབ་བྱས་ཏེ་ཟིན་བྲིས་སུ་ཕབ་པ་ཡིག་འབྲུ་ཁྲི་བཅུ་གྲངས་བརྒལ་བར་སླེབས། དཀའ་སྡུག་གི་ལོ་ཟླ་དེ་དག་ཁོང་ལ་མཚོན་ན་གསེར་ལས་དཀོན་པའི་དུས་གླེགས་བཟང་བོ་ཞིག་དང་གྲུབ་འབྲས་ཆེས་ཆེ་བའི་དགའ་སྐྱོ་འདྲེས་མའི་ལོ་ཟླ་རིང་མོ་ཞིག་ཡིན། བོད་ཀྱི་རིག་གནས་འཚོལ་བསྡུ་དང་རང་གི་ཕུགས་བསམ་གྱི་རྟིང་མ་གཉིས་དུས་འདི་ནས་རིམ་གྱིས་མ་གྲོས་རང་མཐུན་གྱི་བློས་ཐུབ་གྲོགས་པོ་ཞིག་ཏུ་གྱུར་ནས་མཐའ་མར་མེད་དུ་མི་རུང་ཞིང་བློས་གཏོང་དཀའ་བའི་ཚེ་གཅིག་ལས་མཐུན་ལྟ་བུའི་འབྲེལ་བ་དེ་ཡང་སྟོད་མངའ་རིས་ནས་གཞི་ནས་ཇེ་དམ་དུ་གྱུར། 1975ལོར། གོང་རིམ་གྱི་དགོངས་དོན་ལྟར་ཁོ་རང་ནུབ་བྱང་མི་རིགས་སློབ་ཆེན་དུ་ལས་སྤོར་གྱིས་དགེ་རྒན་གྱི་བྱ་བར་ཞུགས། དེ་ནས་བཟུང1981ལོའི་བར་ཏུ། ཁོང་གིས་སྔར་བཞིན་བོད་ཀྱི་རིག་གནས་མཚོ་མོའི་འཇིངས་སུ་མུ་ནས་མུ་རུ་འཚོལ་ཞིབ་ཞིབ་འཇུག་གི་དཀའ་ལས་བརྒྱ་ཕྲག་ཁུར་ཏུ་བཞེས་མུར《གེ་སར་རྒྱལ་པོའི་སྒྲུང》གི་ལོ་ཙཱར་རྩེ་གཅིག་ཏུ་གཞོལ་བའི་གེ་སར་ཆེད་མཁས་ལྦང་ཡིས་ནོན་ལགས་ཀྱི་ཐུགས་བློར་བབས་ནས་ཁོ་རང《གེ་སར་སྒྲུང》གི་ལོ་ཙཱ་དང་ཞིབ་འཇུག་བྱ་བའི་ལས་ཀའི་ནང་དུ་དངོས་སུ་བཅུག  དུས་དེ་ནས་བཟུང་ཁོང་གིས་ཡང་བསྐྱར་བློ་སེམས་གཅིག་སྒྲིམ་གྱིས་ཧེ་ཀར་གྱི་ཀྲུང་གོར་ལོ་རྒྱུས་སྙན་རྩོམ་མེད་པའི་ལྟ་བའི་ཐ་ཚིག་ལ་མཐའ་གཅིག་ཏུ་གནམ་ལྕགས་ལྟ་བུའི་དངོས་དོན་ལུང་རིགས་ཅི་རིགས་ཀྱི་སྒོ་ནས་དགག་ལན་བཏབ་ནས་ཀྲུང་གོར《གེ་སར་སྒྲུང》མ་ཟད་འཛམ་གླིང་སྟེང་ཆེས་རླབས་ཆེ་བའི་ལོ་རྒྱུས་སྙན་རྩོམ་ལྡན་པ་ཕྱོགས་མེད་དུ་སྒྲོགས་པའི་ཆོད་སེམས་ཀྱི་མདུང་མོ་བྲག་ལ་བཙུགས།
   གེ་སར་སྒྲུང་འཚོལ་སྙེག་གི་ལམ་བུ།
  《གེ་སར་སྒྲུང》ནི་གནའ་བོའི་བོད་མི་རིགས་ཀྱི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་ལོ་རྒྱུས་སྙན་རྩོམ་རིང་མོ་ཞིག་ཡིན་ཞིང་སྔ་ཕྱིར་སོག་པོ་དང་ཧོར། ཡུས་གུའུ་མི་རིགས་སོགས་སུ་རྒྱ་ཆེར་དར་ནས་རྒྱུན་རིང་གི་ལོ་རྒྱུས་འཕེལ་རིམ་ཁྲོད་དུ་མི་རིགས་དང་ས་གནས་རང་བཞིན་གྱི་ཁྱད་ཆོས་ལྡན་པའི་གེ་སར་སྒྲུང་དུ་གྱུར་ཏེ་རིག་བརྒྱའི་མཛོད་དུ་གྲགས་པའི་བོད་ཀྱི་རིག་གནས་ཀྱི་གཏེར་དུ་བསྔགས། འོན་ཀྱང་ཉེ་བའི་ལོ་འདི་དག་གི་ནང་གེ་སར་སྒྲུང་བ་སྐོར་ཞིག་སྔ་གཞུག་ཏུ་བཞུད་དང་གཤེགས་གྱིན་ཡོད་པས《གེ་སར་སྒྲུང》གི་འཕེལ་རྒྱས་ལ་སྔར་མེད་ཀྱི་གེགས་རྐྱེན་ཆེན་པོ་ཞིག་དང་འཕྲད་ཀྱི་ཡོད་ཅིང་།《གེ་སར་སྒྲུང》གི་ཞིབ་འཇུག་པ་དང་སྔོག་འདོན། འཚོལ་བསྡུ་མྱུར་སྐྱོབ། དག་སྒྲིག་སོགས་ཀྱི་བྱ་བའང་རྐྱེན་འདི་དག་ལས་འཕེལ་འགྲོས་ཤིན་ཏུ་དལ་ཞིང་མདུན་ལྗོངས་ཉག་ཕྲ་བར་གྱུར་ཡོད། དེ་བས། ལོ་ངོ་བཅུ་གསུམ་གྱི་རིང་ལ་ཁོ་རང་སྔ་གཞུག་ཏུ་ཡུན་ནན་དང་མཚོ་སྔོན། ཀན་སུའུ་སོགས་ཀྱི་མི་རིགས་ཀྱི་རུ་སྡེར་དངོས་སུ་ཞུགས་ནས་ཧོར་དང་ཡུས་གུའུ། ཕུའུ་སྨི།  ན་ཞི།  པེ་རིགས་སོགས་ཀྱི་མི་རིགས་དང་མའོ་ཟོ་བ་བཅས་ཀྱི་དམངས་ཁྲོད་དུ་དར་སོ་ཆེ་བའི《གེ་སར་སྒྲུང》ལ་བརྟག་དཔྱད་གང་མང་བྱས། 1986ལོར།  སྐུ་ཞབས་ལགས་མཚོ་སྔོན་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་ཁུལ་དུ་སོང་ནས་ཧོར་རིགས་སྒྲུང་བ་ཧོང་ཅིན་ཧྲན་གྱིས་བླངས་པའི《ཨ་པུའུ་ལང་གིས་སྲིད་པ་བསྐྲུན་པའི་ལོ་རྒྱུས་ཀྱི་སྒྲུང》ཆ་ཚང་དཀའ་བ་ཁྱད་དུ་བསད་ནས་ཉིན་བཅུའི་ནང་དུ་ཟིན་ཏིག་ཏུ་ཕབ་ནས་འགྲུབ་པར་བྱས། 1987ལོར། མུ་མཐུད་དུ་སྒྲུང་དེའི་སྨད་ཆ་ཡོངས་སུ་ཡི་གེར་ཕབ་ཅིང་ད་ལྟ་ཧོར་རིགས་ཀྱི་གེ་སར་སྒྲུང་དེ་སྐུ་ཞབས་ཁོང་གི་སྣེ་ཁྲིད་འོག་ཏུ་རྒྱལ་སྤྱིའི་སྒྲ་རྟགས་སུ་ཕབ་ནས་ཡིག་ཕྲེང28000ལོངས་པ་ཡོད་པས《ཧི་མའི་ལོ་རྒྱུས་སྙན་རྩོམ》ཁག་གཉིས་ཀྱི་གྲངས་འབོར་ལས་བརྒལ་ཡོད།  1989ལོར། ཁོ་ཡང་བསྐྱར་ཀན་སུའུ་སུའུ་ནན་ཡུས་གུའུ་སོག་རིགས་རང་སྐྱོང་རྫོང་དུ་ཕྱིན་ནས《གེ་སར་སྒྲུང》གི་དར་ཁྱབ་ལ་བརྟག་དཔྱད་ཀྱིས་ལུས་ཀྱི་ནད་ཚ་ལ་མ་འཛེམས་པར་རན་ཀྲི་སོགས་སྒྲུང་བ་ཡག་ཤོག་འགའ་ལ་བཅར་འདྲི་དང་མཉམ་འབྲེལ་སྒོས་ས་དེར་དར་བའི《གེ་སེར》སྒྲུང་ཁག་གཉིས་ཀྱི་སྒྲ་ལེན་བྱ་བ་ལེགས་འགྲུབ་བྱས།
   སྐུ་ཞབས་དབང་ཕྱུག་བྱམས་ལགས་ཀྱི་ཐོབ་བརྩོན་ཟུང་འབྲེལ་དང་བག་ཡོད་ཁེངས་སྐྱུངས་ཀྱི་རིག་གཞུང་ཞིབ་འཇུག་གི་བྱ་བའི་རྣམ་འགྱུར་འཛིན་སྟངས་དེས་ཉེ་འགྲམ་གྱི་སྐྱེ་བོ་ཀུན་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད། ཁོས་བཤད་པ་ནང་བཞིན་ལོ་རྒྱུས་སྙན་རྩོམ་གྱི་ཞིབ་འཇུག་གི་ཆེད་དུ་ཡོད་ཚད་བློས་བཏང་ཀྱང་འགྱོད་པ་སྤུ་ཙམ་མེད་ཁར། དུས་རྟག་ཏུ་རྣམ་དཔྱོད་ཀྱི་རིག་སྟོབས་ཡངས་པོ་ཞིག་གིས་རང་གི་ཞིབ་འཇུག་གི་བློ་མིག་ལ་སྣེ་ཁྲིད་ནས་ཡོད་ཅིང་ལྷོད་མེད་གཡེང་མེད་ཀྱི་བསམ་་གཞིགས་ཀྱི་བང་འགྲོས་ལ་ནམ་ཡང་མཚམས་འཇོག་པ་མེད་པས། མཁས་པ་གོང་མ་རྣམས་ཀྱི་ཞིབ་འཇུག་གི་སྟོང་ཆ་དང་ཆད་ལྷག་ཀྱང་རིམ་བཞིན་གསལ་བོར་རྟོགས། དེ་བས་ཁོང་གིས《གེ་སར》ཞིབ་འཇུག་གི་ཐད་དུ་གསུངས་དོན། ང་ཚོས《གེ་སར》སྒྲུང་དེ་མ་ཉམས་དར་སྤེལ་དང་ཉམས་པ་སོར་ཆུད་སྒོས་ཉམས་ལ་ཉེ་བའི་གཟུགས་འདས་དངོས་རིག་རིག་གནས་རྩ་ཆེན་འདི་མྱུར་སྐྱོབ་དང་སྲུང་སྐྱོབ་བྱ་དགོས་ན་ཡིག་སྒྱུར་ཙམ་དང་རྩོམ་རིག་རྐྱང་བའི་སྒོ་ནས་ཞིབ་འཇུག་བྱེད་པ་ཙམ་གྱིས་མི་ཆོག་པར།  ངེས་པར་དུ་ཞིབ་འཇུག་རིག་ཚན་མ་ལག་མང་དུ་བསྐྲུན་ཏེ་ཞིབ་འཇུག་བྱེད་ཕྱོགས་གསར་བ་དང་བྱེད་ཐབས་སྣ་མང་སྤྱད་ནས་ཕྱོགས་བསྡུས་ཞིབ་འཇུག་བྱ་ཐབས་ཀྱི་འཕེལ་ལམ་དུ་འབད་དགོས་ཞེས་ཡང་དང་བསྐྱར་དུ་གསུངས་མྱོང་ལ།  རང་གིས་ཀྱང་མི་རིགས་མང་བོའི་གེ་སར་སྒྲུང་གི་རྒྱུ་ཆ་གསར་འཛུགས་དང་གེ་སར་སྒྲུང་གི་ཁྲོད་ཀྱི་མི་རིགས་དང་སྐད་བརྡ། ཆོས་ལུགས།  དམངས་སྲོལ།  རྩོམ་རིག་སྒྱུ་རྩལ།  ལོ་རྒྱུས་ས་ཁམས།  ཆབ་སྲིད།  དཔལ་འབྱོར།  དམག་དོན།  ཀུན་སྤྱོད་སྒྲིག་གཞི་དང་སེམས་ཁམས་སོགས་ཀྱི་རིག་གནས་ཀྱི་ནང་དོན་རྒྱ་ཆེ་བའི་ཕྱོགས་ནས་ཞིབ་འཇུག་བྱེད་པར་རྐང་བཙུགས་ཏེ། རིགས་ལམ་རྒྱ་བསྐྱེད་པའི་སྒོ་ནས་རིག་ཚན་བསྣོལ་མ་དང་རྐྱང་མའི་ཞིབ་འཇུག་བྱེད་ཐབས་ལ་བརྟེན་ནས་མི་རིགས་གེ་སར་རིག་པ་དང་སྐད་བརྡ་གེ་སར་རིག་པ།  ཆོས་ལུགས་གེ་སར་རིག་པ། དམངས་སྲོལ་གེ་སར་རིག་པ།  རྩོམ་རིག་སྒྱུ་རྩལ་གེ་སར་རིག་པ། དམག་དོན་གེ་སར་རིག་པ་སོགས་རིག་ཚན་ཡན་ལག་མང་དུ་བགྲང་བའི་ཞིབ་འཇུག་བྱེད་ཐབས་ཀྱི་ལག་ལེན་ལྷུར་ལེན་བཞིན་ཡོད་པས་གཞི་རྩའི་ཆ་ནས་གེ་སར་རིག་པའི་གཞུང་ལུགས་ཞིབ་འཇུག་དང་བྱེད་ཐབས་སྨྲ་བའི་སྤྱི་ཁོག་ཆགས་པར་བྱས་ཡོད།
   1994ལོར། ཁོས《གེ་སར》ཞིབ་འཇུག་ལ་ཡང་བསྐྱར་སྔར་ལས་ལྷག་པའི་ཞིབ་འཇུག་བྱེད་ཐབས་གསར་བ་དང་དམིགས་འབེན་གསར་བ་ལྔ་བཏོན་ཡོད་དེ། གཅིག་ནི་ཚན་རིག་རང་བཞིན་ཆེས་ཆེར་ལྡན་ཞིང་མིག་རྒྱང་རིང་བའི་ཞིབ་འཇུག་དང་འཚོལ་བསྡུ་མྱུར་སྐྱོབ་བྱ་བ་ཟུང་དུ་སྦྲེལ་བ། གཉིས་ནི་དག་སྒྲིག་ཡིག་སྒྱུར་དང་ཞིབ་འཇུག་ཟུང་དུ་སྦྲེལ་བ། གསུམ་ནི་རིག་གཞུང་བྱེད་སྒོ་དང་ཞིབ་འཇུག་ཟུང་དུ་སྦྲེལ་བ། བཞི་ནི་ཤེས་ཡོན་མི་སྣ་གསོ་སྐྱོང་དང་ཞིབ་འཇུག་ཟུང་དུ་སྦྲེལ་བ། ལྔ་ནི་རིག་ཚན་གསར་འཛུགས་དང་ཞིབ་འཇུག་ཟུང་དུ་སྦྲེལ་བ་བཅས་ཀྱི་ཟུང་འབྲེལ་ལྔ་ཡི་གལ་ཆེན་རང་བཞིན་དུས་རྟག་ཏུ་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་སྟོན་གྱི་ཡོད་པས་《གེ་སར》ཞིབ་འཇུག་གི་བྱེད་ཐབས་ཐེམ་སྐས་གསར་བ་ཞིག་ཏུ་འཁོད། འོན་ཀྱང་རིག་ཚན་ཞིབ་འཇུག་གི་མ་ལག་ཆ་མི་ཚང་བ་དང་མ་དངུལ་མི་འདང་བ། ཤེས་ཡོན་མི་སྣ་མི་འདང་བ་སོགས་ཀྱི་བཀག་རྒྱ་མང་བོ་ཞིག་ནམ་ཡང་མདུན་བགྲོད་ཀྱི་གེགས་རྡོ་རུ་གྱུར་ཡོད་ན་ཡང་ཁོང་གིས་ནམ་ཡང"འཇིགས་སྐྲག་ནི་རིག་གཞུང་ཞིབ་འཇུག་པ་ཞིག་གི་སྒེར་གཤིས་མིན་ཏེ། ངས་ནམ་ཡང་རང་གི་ཕུགས་འདུན་གྱི་ཆེད་དུ་ཡོད་ཚད་བློས་གཏོང་བར་སྤོབས"ཅེས་མཁས་པའི་རང་ཚུགས་འཛིན་ཅིང་འདུན་མའི་བློ་རྩ་བརྟན་པས་རང་གི་འབད་པ་དང《གེ་སར》རིག་གཞུང་ཞིབ་འཇུག་དཔུང་ཁག་གཉིས་མཐུན་གྱི་ཐུན་མོང་གི་འབད་བརྩོན་འོག་ཏུ་རིག་གཞུང་བྱེད་སྒོ་མང་དུ་སྤེལ། 1992ལོ་དང1996ལོ། 2004ལོ་དང2006ལོ་བཅས་བསྟུད་མར་ལོ་ངོ་བཞི་ལ་ནུབ་བྱང་མི་རིགས་སློབ་ཆེན་གྱིས་རྒྱལ་ཡོངས་གེ་སར"བརྒྱད་ལྔའི"བྱ་བའི་འཆར་འགོད་ཚོགས་འདུ་དང་། རྒྱལ་སྤྱིའི་གེ་སར་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་བཞི་བ། གེ་སར་སྟོང་ལོའི་རྗེས་་དྲན་ཚོགས་འདུ། ཀན་སུའུ་རྨ་ཆུ་རྫོང་དུ་འཚོགས་པའི་རྒྱལ་སྤྱིའི་གེ་སར་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དྲུག་པ་བཅས་འཚོགས་ཤིང"བརྒྱད་ལྔ"ཚོགས་འདུའི་སྟེང་དུ་དཔེ་ཚོགས་ཆེན་མོ《གེ་སར་རིག་མཛོད》དཔར་སྒྲིག་བྱེད་པའི་གྲོས་གཞི་ལ་གྲོས་འཆམ་བྱུང་།
   གེ་སར་རིག་གཞུང་གི་གཤིན་སའི་བཞུད་ལམ།
   སྐུ་ཞབས་ཁོང་གི་བརྩམས་ཆོས་ལ་རྒྱལ་ཁབ་ཕྱི་ནང་དུ་བརྩིས་མཐོང་བྱེད་པའི་རིག་ཚན་འཛུགས་སྐྲུན་དང་རིག་གཞུང་ཞིབ་འཇུག་གི་དཔྱད་རྩོམ་བཞི་བཅུར་ཉེ་བ་ཡོད་ཅིང་། སྐུ་ཞབས་བང་ཡིས་ནོན་དང་མཉམ་འབྲེལ་གྱིས་བསྒྱུར་བའི་དཔེ་དེབ་ལ《སྟག་གཟིག་ནོར་རྫོང》དང《སུམ་གླིང་གཡུལ་འགྱེད》གཉིས་ཡོད། མཉམ་འབྲེལ་གྱིས་དཔར་དུ་བསྐྲུན་པའི་ཞིབ་འཇུག་ཆེད་དེབ་ལ《གེ་སར་སྒྲུང་གི་དཔྱད་གཞི་གནད་བསྡུས》དང《གེ་སར་རིག་པའི་ལོ་རྒྱུས་ཟིན་ཏིག》གཉིས་ཡོད། དེ་ལས་སྔ་མ་ནི་གེ་སར་སྒྲུང་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་བྱེད་པའི་ཐོག་མ་ཡིན་པ་དང་ཕྱི་མ་ནི་གེ་སར་ཞིབ་འཇུག་གི་ཁྱབ་ཁོངས་ཀྱི་སྟོང་ཆ་བསྐངས་པའི་དཔེ་དེབ་གལ་ཆེན་ཞིག་ཡིན།  རྩོམ་གཉིས་ཀ་སོ་སོར་ཞིང་ཆེན་པུའུ་རིམ་པའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་ཕུལ་བྱུང་གྲུབ་འབྲས་ཀྱི་གཟེངས་རྟགས་ཨང་དང་བོ་ཐོབ་ཡོད། དེ་དག་ལས་ཀྱང་ཁོང་གིས་སྐུ་དངོས་སུ་སྤྱི་ཁྱབ་རྩོམ་སྒྲིག་པའི་འགན་འཁུར་ཅིང་གོང་རིམ་ལ་དཔར་འདེབས་རེ་ཞུ་བཏོན་ནས་བསྒྲུབས་པའི《གེ་སར་རིག་མཛོད》ཀྱི་དཔེ་ཕྲེང་ཆ་ཚང་དུ་ཡིག་འབྲུ་ཁྲི3270ཡོད་པ་དང་དེ་དག་གི་ཁྲོད་ཀྱི་བོད་ཀྱི་གེ་སར་དེབ་དང་བོའི་ནང་གི《དཔའ་བོའི་བྱུང་རབས》ཅེས་པ་དང་ཧོར་རིགས་ཀྱི《གེ་སར》སྟོད་ཆ་གཉིས་ལ1999ལོར་ཀན་སུའུ་ཞིང་ཆེན་གྱི་སྐབས་ཐོག་མའི"གཅིག་ལྔའི་བཟོ་འགོད་བྱ་དགའ"ཐོབ། 2002ལོར《རིག་མཛོད》ཀྱི་གླེགས་བམ་དང་བོ་དང་གཉིས་པ། གསུམ་པ་གསུམ་གར་ཀན་སུའུ་ཞིང་ཆེན་མཐོ་རིམ་སློབ་གྲྭའི་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་བྱ་དགའ་ཨང་དང་བོ་དང་ཀན་སུའུ་ཞིང་ཆེན་སྤྱི་ཚོགས་ཚན་རིག་མཚན་ཉིད་རིག་པའི་ཕུལ་བྱུང་བྱ་དགའ་ཨང་དང་བོ་ཐོབ། 1997ལོར། རྒྱལ་ཁབ་རིག་གནས་པུའུ་དང་རྒྱལ་ཁབ་དམངས་ཨུ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་། ཀྲུང་གོ་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་བཅས་པུའུ་བཞི་ནས"སྔོན་ཐོན་ཐུན་མོང"དུ་འདེམས་ཤིང་སྐུ་ཞབས་ཁོང་ལ"བྱས་རྗེས་འབུར་ཐོན་ཅན་གྱི་སྔོན་ཐོན་མི་སྒེར་གྱི་མཚན་སྙན"གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་གནང་ཡུལ་དང་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་ཐད་ཀའི་འབྲེལ་གཏུགས་བྱ་ཡུལ་གྱི་ཆེད་མཁས་སུ་གྱུར། དེ་མ་ཟད། ཁོ་རང་སྔ་གཞུག་ཏུ་ནོར་ཝི་དང་དབྱིགས་ལི། འཇར་པན། ཨ་རི་སོགས་རྒྱལ་ཁབ13ནས་གདན་འདྲེན་དང་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཐེངས18ལ་ཞུགས་མྱོང་། 1994ལོར་དབྱིན་ཇིའི་རྒྱལ་སྤྱིའི་རྣམ་ཐར་ལྟེ་གནས་ནས་གེ་སར་ཞིབ་འཇུག་གྲུབ་འབྲས་ཁྱད་འཕགས་ཅན་གྱི་བྱ་དགའ་གནང་བ་དང་ཕྱི་ལོར《རྒྱལ་སྤྱིའི་རྣམ་ཐར་ཚིག་མཛོད》དང《ཡ་ཐེ་མི་སྣ་གྲགས་ཅན་གྱི་ཚིག་མཛོད》དུ་བཀོད་ནས་ལྟེ་གནས་དེ་གའི་བློ་འདྲི་ཨུ་ཡོན་ལྷན་ཚོགས་ཀྱི་མཚན་འཛིན་ཁོངས་མིར་བདམས་པ་བཅས་མདོར་ན་སྐུ་ཚེ་སྨད་དུ་གེ་སར་རིག་གཞུང་ཞིབ་འཇུག་གི་འཕྲིན་ལས་བསྐྱངས་པའི་འབྲས་རྟགས་སུ་རིམ་པ་མཐོ་ཤོས་ཀྱི་གཟེངས་རྟགས་དང་ཆོ་ལོ་མི་ཉུང་བ་ཐོབ། དེ་ལྟར་རང་གི་ཆོད་སེམས་དང་རིག་གཞུང་གི་དུང་བ་དེའི་དབང་གིས་ལོ་རྒན་བདུན་བཅུར་སོན་ཡང་བཏང་ལྷོད་མེད་པའི་འབད་སྦྱངས་ཀྱི་སྒོ་ནས་རང་རྒྱལ་གྱི་མཐོ་རིམ་སློབ་ཆེན་ནང་ཆེས་ཐོག་མའི་གེ་སར་ཞིབ་འཇུག་གླིང་བཙུགས་ཏེ་རིག་གཞུང་ཞིབ་འཇུག་གི་བཞུད་ལམ་ཆེར་བསྐྱེད་དང་རིག་གནས་ཤུལ་འཛིན་གྱི་རྐང་འཛིན་པ་གསོ་སྐྱོང་གི་ལས་ལ་མཐའ་གཅིག་ཏུ་གཞོལ་བས་སྔ་ཕྱིར་ཐེངས་གསུམ་ལ་ཞིང་ཆེན་རིམ་པའི་གཙོ་གནད་རིག་ཚན་དུ་བདམས་མྱོང་།
   1994ལོ་ནས་ཁོང་གིས་ཞིབ་འཇུག་སློབ་མ་བསྡུས་ཤིང2003ལོ་ནས་འབུམ་རམས་པ་གསོ་སྐྱོང་བྱེད་པའི་འགོ་ཚུགས། མིག་སྔའི་བར་དུ་བོད་དང་རྒྱ། སོག་པོ་དང་ཧོར་རིགས་ཀྱི་ཞིབ་འཇུག་སློབ་མ30ལྷག་གསོ་སྐྱོང་གནང་ཡོད། འདི་ལྟར་བོད་ཀྱི་རིག་གནས་ཀྱི་ཆེད་དུ་ཡོད་ཚད་བློས་བཏང་ཞིང་གེ་སར་རིག་གཞུང་ནས་མི་ཚེའི་འགྲུལ་བཞུད་རྫོགས་པར་ཕངས་སེམས་སྤུ་ཙམ་སྐྱེས་མ་མྱོང་བའི་ཁོང་གིས་མཐའ་མར་གྱ་ནོམ་པའི་རིག་པའི་སྐྱེས་རྟགས་ཕོན་པོ་ཞིག་མི་ཡུལ་གངས་ཅན་དུ་བཞག་ཏེ།2010ལོའི་ཟླ6པའི་ཚེས1ཉིན་ལ་གནའ་མཁར་ལན་གྲུ་ནས་སྐུ་ཚེའི་མཇུག་རྫོགས།།
རྩོམ་སྒྲིག་པ། ཡུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།