中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > རིག་གནས་མི་སྣ >
༄༅།། སྙན་ངག་པ་མགོན་པོ་བཀྲ་ཤིས།
དུས་ཚོད།2016-08-26 16:56:01     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ། རྩོམ་པ་པོ། རྟ་མགྲིན་སྐྱིད་དང་མགོན་པོ་དབང་སྡུད།    ཆུང་། | འབྲིང་། | ཆེ།
   མགོན་པོ་བཀྲ་ཤིས་ལགས་ནི1938ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་སྐྱེས། 1957ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་ཏེ། སློབ་གྲྭ་དེ་ག་ནས་དགེ་རྒན་གྱི་ཕྱག་ལས་གནང་། 1960ལོ་ནས1962ལོའི་བར་དུ་ཀྲུང་དབྱང་མི་རིགས་སློབ་གླིང་ཆབ་སྲིད་སྡེ་ཁག་གི་མཚན་ཉིད་རིག་པའི་ཞིབ་འཇུག་སློབ་མའི་འཛིན་གྲྭ་ནས་སློབ་སྦྱོང་བྱས། དེ་ནས་སྔ་གཞུག་ཏུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་དང་ཀན་ལྷོ་ཁུལ་རྨ་ཆུ་རྫོང་སྙན་ཞུ་ཚོགས་པ། ཀན་སུའུ་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་སོགས་སུ་ཕྱག་ལས་གནང་། 1983ལོ་ནས་བཟུང་ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་གཙོས་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་ཏང་ཨུའི་ཧྲུའུ་ཅི། ཀན་ལྷོ་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས་ཤིང་། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གྱི་འགན་བཞེས་རྗེས་ལས་འཁྱུར་ངལ་གསོ་བྱས།
   མགོན་པོ་བཀྲ་ཤིས་ལགས་ཀྱིས་ལས་ཀའི་ཞོར་དུ་རང་གི་མོས་ཕྱོགས་ལྟར་སྙན་ངག་གསར་རྩོམ་དང་པར་རིས། འཁྲབ་གཞུང་གི་ལས་ལ་ཞུགས་ཏེ་བོད་ཀྱི་རིག་གནས་ཀྱི་ཁྱབ་ཁོངས་སུ་དྭངས་གཙང་གི་ཁ་དབུགས་གསར་བ་ཞིག་ལྡང་བར་བྱས་ཏེ། རང་རིགས་ཀྱི་རིག་གནས་སྔར་བས་ཕུན་ཚོགས་གྱ་ནོམ་དང་གསོན་ཤུགས་ལྡན་པར་བྱས། སྐབས་དེར་ཁོང་གི་གཏམ་བརྗོད་ཟློས་གར《སུ་རུའི་མེ་ཏོག》ཅེས་པ་ཀན་སུའུ་ཞིང་ཆེན་བརྙན་འཕྲིན་ཁང་གིས་མུ་འབྲེལ་བརྙན་འཕྲིན་དུ་ཕབ་ནས་རྒྱལ་ཡོངས་སུ་བསྟན་པ། ཧྥ་རན་སི་སོགས་རྒྱལ་ཁབ་ནས་ཀྱང་བསྟན་ཏེ། ཕན་ནུས་ལྡན་པའི་སྒོ་ནས་མི་རིགས་རིག་གནས་དྲིལ་བསྒྲགས་བྱས། ཁོང་གི་འབད་བརྩོན་དང་གྲུབ་འབྲས་དེས་རྗེས་རབས་པ་རྣམས་ལ་མདུན་སྐྱོད་ཀྱི་སྙིང་རུས་བསྩལ་ཞིང་ལམ་སྟོན་མཛད། བརྩམས་སྒྲུང《རྣམ་པར་རྒྱལ་བའི་རྟ་ཕོའི་རྨིག་སྒྲ》དང་སྙན་རྩོམ《མགོན་པོ་བཀྲ་ཤིས་ཀྱི་སྙན་རྩོམ་གཅེས་བསྡུས》《ཞི་བདེ་རྒྱ་མཚོར་བསྐྱོད་པ》སོགས་ལ་ཀན་སུའུ་ཞིང་ཆེན་གྱི་ཟློས་གར་གསར་རྩོམ་གྱི་བྱ་དགའ་ཨང་དང་པོ་དང་། སྐབས་དང་པོའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི་བྱ་དགའ་ཨང་དང་པོ། ཀན་སུའུ་ཞིང་ཆེན་ཐེངས་གསུམ་པའི་རྩོམ་རིག་དཔྱད་འདེམས་ཀྱི་ཕུལ་བྱུང་བྱ་དགའ་སོགས་བྱ་དགའ་མང་པོ་ཐོབ། 1995ལོའི་ཟླ6པ་ནས་ཟླ8པའི་ནང་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གི་བཀའ་མངགས་ལྟར་ཀྲུང་གོའི་བོད་ཀྱི་ཟློས་གར་ཚོགས་པ་ཁྲིད་དེ་ཁ་ན་ཏ་དང་ཨ་མེ་རུ་ཁ་སོགས་སུ་འཚམས་ཞུའི་འཁྲབ་སྟོན་དུ་སོང་ནས་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་པས། ཀྲུང་དབྱང་བརྙན་འཕྲིན་ཁང་གི"ཀྲུང་གོའི་བུ་རྒོད"ཅེས་པའི་ལེ་ཚན་གྱིས་ཁོང་ལ་བཅར་འདྲི་བྱས། བརྙན་འཕྲིན་རྩོམ་རིག་ཟིན་བྲིས《ཀྲོའུ་ཨེན་ལེ》ཞེས་པའི་ནང་དུ་ཁོང་གི་སྙན་རྩོམ《སྐར་མ། མེས་རྒྱལ་གྱིས་བསྟོད་གླུ་འབུལ་ངེས་པའི་སྐར་མ》ཞེས་པ་བསྟན་ཞིང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཆེད་བརྗོད་ལེ་ཚན་ཁྲོད་དུ་བོད་རིགས་ཀྱི་རྩོམ་པ་པོས་བརྩམས་ཆོས་སྤེལ་བ་ཐོག་དང་པོར་གྱུར།
   ཁོང་ནི་ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། ཀྲུང་གོའི་གྲངས་ཉུང་མི་རིགས་ཟློས་གར་མཁན་མཐུན་ཚོགས་ཀྱི་ཚོགས་མི། ཀན་སུའུ་ཞིང་ཆེན་པར་ལེན་པའི་མཐུན་ཚོགས་ཀྱི་ཚོགས་མི། ཀན་སུའུ་ཞིང་ཆེན་ཟློས་གར་མཁན་མཐུན་ཚོགས་ཀྱི་ལས་འཛིན་དང་། ཀྲུང་གོའི་དམངས་སྲོལ་པར་ལེན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། ཀྲུང་གོའི་པར་ལེན་པ་རྒན་རབས་པའི་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན་ཏེ། ཐོབ་ཐང་དང་གོ་མིང་འདི་དག་ཚང་མ་ཁོང་ལ་མཚོན་ན་མཚོན་བྱེད་ཙམ་མ་ཡིན་པར་ལས་འགན་ཅིག་མི་རིགས་ཤིག་གི་འདུ་ཤེས་ཀྱིས་བླངས་པའི་གོ་རྟོགས་དང་འོས་འགན་ཅིག་གམ་མི་རིགས་ཤིག་གི་འདུ་ཤེས་ཀྱིས་བླངས་པའི་གོ་རྟོགས་དང་འོས་འགན་གཅིག་ཏུ་བརྩིས་པས་སྔ་གཞུག་ཏུ《ཀན་སུའུ་ཉིན་རེའི་ཚགས་པར》དང《བོད་ལྗོངས་ཉིན་རེའི་ཚགས་པར》《ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ》《པེ་ཅིང་གཟའ་འཁོར་རེའི་དུས་དེབ》《ཡུལ་སྐོར་ལྗོངས་རྒྱུའི་གཞི་ས》《མང་ཚོགས་པར་ལེན》《པར་ལེན་པ》སོགས་ཚགས་པར་དང་དུས་དེབ་སྟེང་དུ་ཁོང་གི་བརྩམས་ཆོས་མང་དུ་བཀོད་མྱོང་། ཁོང་གི་ལོ་རྒྱུས་མདོར་བསྡུས《ཀྲུང་གོའི་པར་ལེན་མཁན་གྱི་མིང་མཛོད》དུ་བཀོད་ཡོད་ལ། 1991ལོའི་ཟླ6པའི་ནང་དུ་ཧྲང་ཧེ་མཛེས་རྩལ་ཁང་དུ་མགོན་པོ་བཀྲ་ཤིས་ཀྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་སྲོལ་གོམས་འདྲིས་པར་རིས་འགྲེམ་སྟོན་བྱས་ཏེ། ཕན་ནུས་ཡོད་པའི་སྒོ་ནས་ཀན་ལྷོ་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱས། 1992ལོའི་ཟླ9བའི་ནང་དུ་ཁོང་ཉིད་དབྱིན་ཇིའི་ཅན་ཆའོ་རྒྱལ་སྤྱིའི་མི་སྣ་གྲགས་ཅན་དུ་བདམས་པ་མ་ཟད། དུས་རབས20བའི་ཕུལ་བྱུང་གྲུབ་འབྲས་ཅན་གྱི་བྱ་དགའ་ཐོབ། 1991ལོ་ནས1992ལོའི《རྒྱལ་སྤྱིའི་མི་སྣའི་ལོ་རྒྱུས་མིང་མཛོད》དུ་ཡང་བཀོད་ཡོད། 1993ལོར། ཀྲུང་གོའི་སྒྱུ་རྩལ་བཤམས་སྟོན་ཚོགས་ཆེན་སྟེང་མི་སྒེར་གྱི་པར་རིས་འགྲེམ་སྟོན་བྱས། བརྩམས་ཆོས་ལས《སྒེའུ་ཁུང་ལ་བརྟེན་ནས་རྒྱང་ལྟ་བྱེད་པ》ཞེས་པ1994ལོའི་ཟླ8པའི་ནང་རྒྱལ་ཡོངས་ཀྱི་སྐབས17པའི་པར་རིས་སྒྱུ་རྩལ་འགྲེམ་སྟོན་དུ་བདམས་པ་རེད།
   ལྷག་བསམ་དང་སྤོབས་པས་ཁེངས་པའི་མགོན་པོ་བཀྲ་ཤིས་ཀྱིས་ང་ཚོར་པར་རིས་སྒྱུ་རྩལ་དང་རྩོམ་རིག་སྒྱུ་རྩལ་གྱི་ལྟད་མོ་མིག་གི་དཔྱིད་དུ་བཀྲམ། ཁོང་གི་རྡོག་སྒྲ་མེད་པའི་རྐང་རྗེས་ཟབ་མོས་ཀན་ལྷོའི་ཡུལ་གྲུ་འདིའི་དུས་རབས་ཕྱེད་ཀྱི་འཕེལ་འགྲིབ་མཚོན་ཡོད། 《ཀན་ལྷོ་བོད་མིའི་བརྩེ་དུང་སྙན་ངག་བདམས་བཀོད》དང《ཀན་ལྷོ་རང་ཡུལ་གྱི་རྩོམ་པ་པོའི་ལྷུག་རྩོམ་འདེམས་སྒྲིག》གི་ཐོག་མའི་རྩོམ་སྒྲིག་བྱ་བ་གྲུབ་རྗེས། ཀྲུང་གོའི་མི་རིགས་པར་ལེན་སྒྱུ་རྩལ་པར་སྐྲུན་ཁང་གིས《ཀྲུང་གོའི་དེང་རབས་པར་ལེན་པ་བརྒྱའི་གྲས་ཀྱི་མགོན་པོ་བཀྲ་ཤིས་ཀྱི་པར་རིས་བརྩམས་ཆོས་གཅེས་བསྡུས》དངོས་སུ་པར་སྐྲུན་བྱས་པ་དང་། དེ་ཡིས་ཀན་ལྷོའི་རིག་གནས་སྒྱུ་རྩལ་གྱི་ནམ་མཁའ་རུ་མངོན་པར་འཚེར་བའི་འོད་སྣང་བསྩལ་ཞིང་། ཀན་ལྷོ་མ་ཟད་ཀན་སུའུ་ཡི་པར་རིས་ལས་དོན་གོང་འཕེལ་ལ་མཛད་རྗེས་མི་དམན་པ་བཞག་ཡོད། ཁོང་གི་བྱས་རྗེས་འདི་དག་གིས་ཀན་ལྷོ་རྒྱལ་ཡོངས་ལ་དྲིལ་བསྒྲགས་བྱས་པ་མ་ཟད་རྒྱལ་ཁབ་ཕྱི་ལ་ཡང་དྲིལ་བསྒྲགས་བྱས་པ་རེད། མགོན་པོ་བཀྲ་ཤིས་ནི་ཀན་ལྷོའི་ཞིབ་འཇུག་སློབ་མ་རབས་དང་པོ་ཡིན་ལ་པེ་ཅིང་དང་ལན་གྲུ་སོགས་ས་ཆ་ནས་འཚོ་བ་ལོ་མང་རོལ་བས། རིག་གནས་ཀྱི་རྒྱབ་ལྗོངས་དང་ཁོར་ཡུག་མི་འདྲ་བའི་དབང་གིས་ཁོང་ཉིད་ཀྱི་སྒྱུ་རྩལ་ལ་འཚོལ་སྙེགས་ཀྱི་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་གནང་བ་རེད། དེ་བས་ཀྱང་གལ་ཆེ་བ་ཞིག་ཡོད་པ་ནི་ཁོང་ཉིད་རང་མི་རིགས་ལ་ཤ་ཚ་ཞིང་སྙིང་ཉེ་བས། མི་རིགས་དང་ཕ་ཡུལ་འགྲན་རྩོད་ཆེ་བའི་དུས་རབས་ལ་ཕྱི་བཤོལ་བྱེད་དུ་འཇུག་མི་འདོད་པ་དང་། འགྲན་ཟླ་བྲལ་བའི་སྙིང་སྟོབས་དེ་ཁོང་གི་མི་ཚེ་གང་བོའི་བརྩོན་འགྲུས་ཀྱི་རྒྱུན་དང་འགྲོགས་ནས་ཕུགས་འདུན་ལ་སྙེགས་པ་རེད། ཁོང་ཉིད་ཀྱིས་དེང་རབས་སྒྱུ་རྩལ་གྱི་མཚོན་སྟངས་སྤྱད་དེ་བོད་མི་རིགས་འདི་ཡང་བརྩོན་འགྲུས་ལྡན་ལ་རྣམ་དཔྱོད་འཛོམས་པ་དང་གསར་གཏོད་ལ་མོས་པའི་མི་རིགས་ཞིག་ཡིན་པ་བདེན་དཔང་བྱས། ཀོ་ཨེར་ཅི་ཡིས"རང་ཉིད་རང་ཉིད་གཅིག་པུའི་སྟེང་དུ་གཅིག་བསྡུ་མི་བྱ་བར་འཇིག་རྟེན་ཧྲིལ་བོ་རང་ཉིད་ཀྱི་སྟེང་དུ་གཅིག་ཏུ་བསྡུ་དགོས"ཞེས་པ་ལྟར། ཁོང་ཉིད་ཀྱིས་ལས་ཀའི་ཞོར་དུ་ལྟོགས་པས་ཟས་དང་སྐོམ་པས་ཆུ་འདོད་པ་ལྟར་མི་ཚེ་ཕལ་ཆེར་སྒྱུ་རྩལ་གྱི་ལས་ལ་བྲེལ་ཏེ། སེམས་ཤུགས་དང་དུངས་པ་ཡོད་ཚད་སྒྱུ་རྩལ་གྱི་འཇིག་རྟེན་བཞེངས་སྐྲུན་དང་སྒྱུ་རྩལ་གསར་གཏོད་ཀྱི་ཐད་དུ་ཕུལ།
ཐོག་མར་ཁོང་ནི་རྒྱ་བོད་ཡིག་རིགས་གཉིས་ལ་མཁས་པ་ཞིག་ཡིན་ཏེ། ལོ་ངོ་དུ་མའི་རིང་གི་ཤེས་བྱར་སྦྱངས་བརྩོན་བྱས་པ་དེ་ནི་ཁོང་གི་སྒྱུ་རྩལ་འཚོལ་སྙེགས་ཀྱི་རྨང་གཞི་ཡིན་པ་དང་།  ཁོང་གི་རིག་གནས་སྒྱུ་རྩལ་གྱི་གྲུབ་འབྲས་ལས་མཚོན་ཐུབ་པ་ཡིན། ཁོང་གིས་གནའ་བོའི་ཤེས་རིག་དང་གནའ་བོའི་རིག་གནས་གཉིས་དེང་རབས་སྒྱུ་རྩལ་གྱིས་འབྲེལ་མཐུད་ལེགས་པོ་བྱས་ཤིང་། སྒྱུ་རྩལ་གྱི་ཟམ་ཆེན་དེ་བརྒྱུད་ནས་མི་རྣམས་ལ་བོད་མི་རིགས་ལ་དགའ་ཞེན་དང་ཀན་ལྷོའི་གོང་འཕེལ་ལ་དོ་སྣང་བྱ་དགོས་པར་སྐུལ་ལྕག་བྱས། ཁོང་གི་གསར་གཏོད་དང་སྒྱུ་རྩལ་གྱི་ཚུར་སྣང་གིས་དེ་བས་མང་བའི་གནའ་བོའི་མི་རིགས་ཤིག་གི་ཤེས་རིག་དང་དཔལ་ཡོན་བརྒྱུད་བསྒྲགས་བྱས་ཡོད་པ་རེད། 1973ལོར་པར་རིས་ཐོག་མ་སྤེལ་བ་ནས་བཟུང་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་ཁོང་གི་ཞབས་རྗེས་ཀན་ལྷོའི་རྩྭ་ཐང་གི་རི་ཆུ་ལུང་གསུམ་ཀུན་ལ་བཞག་པ་དང་། གྲངས་མང་བའི་གཞི་རིམ་གྱི་ལས་བྱེད་པ་དང་འབྲོག་པ་མང་ཚོགས་ཁོང་གི་ལས་གྲོགས་དང་སྣེ་ཤན་པར་གྱུར་ཡོད། སྐབས་དེར་པར་ལེན་མཁན་མགོན་པོ་བཀྲ་ཤིས་ཞེས་གླེང་ཚེ་ཀན་ལྷོའི་ས་ཆ་ན་མི་ཤེས་མཁན་ཉུང་ཙམ་རེད། ཁོང་གིས་རང་ཉིད་ཀྱི་བྱ་བའི་ལས་འགན་གྲུབ་པའི་དུས་མཚུངས་སུ་ཕ་ཡུལ་གྱི་མཛེས་སྡུག་ལྡན་པའི་རང་བྱུང་ཁོར་ཡུག་ཕྱི་ལ་དྲིལ་བསྒྲགས་བྱ་རྒྱུ་རང་ཉིད་ཀྱི་ལས་འགན་དང་བདེ་སྐྱིད་འབའ་ཞིག་ཏུ་བརྩི་བཞིན་ཡོད་པ་སྟེ། ཀླུ་ཆུ་རྫོང་གི་རྫས་ཚ་བྲག་ཚོགས་གསར་སྤེལ་ཐད་དུ་ཁོང་གིས་གཞོམ་དུ་མེད་པའི་མཛད་རྗེས་བཞག་ཡོད་པ་ཀུན་གྱིས་ཤེས་གསལ་རེད། ཁོང་ཉིད་ཀྱིས་ཐེངས་མང་བོར་སྐུ་དངོས་སུ་ཧྲང་ཧེ་སོགས་ནང་ལོགས་ས་ཁུལ་གྱི་གསར་འགོད་པ་ཁྲིད་དེ་ཡུལ་དངོས་ལ་སོང་ནས་རྟོག་ཞིབ་བྱས།
   བོད་ཀྱི་རིག་གནས་ནི་ཟབ་རྒྱས་ཀྱི་ཕུལ་བྱུང་རིག་གནས་ཤིག་ཡིན་རྐྱེན། ཁོང་གིས་འདྲ་པར་གཅིག་ཐག་གཅོད་བྱ་དུས་མི་རིགས་ཀྱི་འགན་འཁྲིའི་འདུ་ཤེས་དང་དགའ་ཞེན་གྱི་འདུ་ཤེས། བོད་རྒྱ་རིག་གནས་གཉིས་ལ་རྒྱུས་ལོན་དང་བྱང་ཆུབ་ཚད་ཀྱི་མིག་རྒྱང་ལས་ཐག་གཅོད་བྱས་པ་ཡིན་པས། ཁོང་གི་པར་རིས་བརྩམས་ཆོས་རེ་རེ་ལ་ལྟད་མོ་བ་འབུམ་ཕྲག་རེ་མཆིས་སོ། ཡང་ཅིག་བཤད་ན་ཁོང་གིས་ཕ་ཡུལ་ལ་བཅངས་པའི་བརྩེ་བ་དེས་ཆེད་དུ་བཏོན་པའི་ནུས་པ་ཡོད་ཚད་སེམས་གཏིང་ནས་བླངས་པའི་པར་རིས་མང་བོ་ཞིག་གི་ཁྲོད་དུ་འཐིམས་ཡོད་པས། དེང་འདིར་ཀན་ལྷོའི་རྩྭ་ཐང་ནི་མི་རྣམས་ཀྱི་ཡིད་སྨོན་འཕྱོར་སའི་ལྗོངས་རྒྱུའི་དམིགས་ཡུལ་དུ་གྱུར་ཡོད་པ་འདིའི་ཁྲོད་དུའང་ཁོང་གི་བརྩོན་འགྲུས་ཀྱི་རྔུལ་ཆུ་དང་བློ་གྲོས་ཀྱི་་ཉིང་བཅུད་འདུས་ཡོད་ཅེས་བཤད་ཆོག་ཆོག་ཡིན།
   མགོན་པོ་བཀྲ་ཤིས་ལགས་ཀྱི་སྙན་རྩོམ་གྱི་འབུར་དུ་ཐོན་པའི་ཁྱད་ཆོས་ནི་མེས་རྒྱལ་ལ་བསྟོད་གླུ་ཕུལ་ཅིང་མེས་རྒྱལ་གྱི་ལ་རྒྱ་དབྱངས་སུ་གྱེར་བ་དེ་ཡིན། མགོན་པོ་བཀྲ་ཤིས་ལགས་ནི་ཀྲུང་གོ་གསར་བ་དབུ་བརྙེས་རྗེས་ཀན་ལྷོ་ཁུལ་གྱི་དེང་རབས་སློབ་གསོ་མྱོང་བའི་ཞིབ་འཇུག་སློབ་མ་དང་པོ་ཡིན་པས། ཁོང་གི་བརྩམས་ཆོས་ཀྱི་བརྗོད་བྱའང་རྟག་ཏུ་མེས་རྒྱལ་དང་མི་རིགས་ཀྱི་བདེ་སྡུག་དང་དམ་དུ་འབྲེལ་ཞིང་།  མ་འོངས་པའི་རེ་སྙེག་ལ་དུངས་ཞེན་དྲག་ཏུ་འབར་བ་ཁོའི་སྙན་རྩོམ་རེ་རེ་ན་མངོན་ཡོད། འདིར་དཔེ་མཚོན་ཙམ་བཀོད་ན《སྐར་མ། མེས་རྒྱལ་གྱིས་བསྟོད་གླུ་འབུལ་ངེས་པའི་སྐར་མ》《ཨ་མྱེས་རྨ་ཆེན》《ལ་གཟར་འགག བསུབ་ཏུ་མེད་པའི་བརྩེ་བ》《མ་ཡུམ་དང་བྲལ་བ》《ཞི་བདེ་རྒྱ་མཚོར་བརྒལ་བ》《ང་རང་ཕ་ཡུལ་ལ་ལོག་དགོས》སོགས་ཀྱི་སྙན་རྩོམ་ཁྲོད་དུ་མི་རིགས་ཀྱི་ལ་རྒྱ་དང་འཚོ་གནས་ཁོར་ཡུག མི་རིགས་ཀྱི་རིག་གནས་སོགས་སྙིང་ཁོངས་བརྒྱུད་ནས་བསྟན་ཡོད་པ་རེད། གང་ལྟར། བྱམས་བརྩེས་ཀུན་ནས་ཕྱུག་པའི་རྒན་རབས་པ་འདི་ལ་མཁས་པའི་སྒྲོབ་ཉམས་དང་གཡོ་སྒྱུའི་ཚུལ་འཆོས་སྤུ་ཙམ་ཡང་མེད་པར་རླབས་ཆེན་མེས་རྒྱལ་ལ་དགའ་ཞེན་དང་། མི་རིགས་རང་ཉིད་ཀྱི་རིག་གནས་ལ་དགའ་ཞེན། ཕ་ཡུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་གོང་འཕེལ་ལ་བླ་མེད་ཀྱི་བྱས་རྗེས་བཞག་པ་སོགས་གཅིག་ཁར་གཅིག་གིས་བསྒྲགས་ཏེ་ཀན་ལྷོའི་མི་སེམས་སུ་ནམ་ཡང་ནུབ་པ་མེད་པའི་རི་མོ་བཞིན་བྲིས་ཡོད་ལ། ང་ཚོས་འདི་ལྟ་བུའི་འགོ་ཁྲིད་བཟང་བོ་ཞིག་དང་པར་ལེན་མཁས་པ་ཞིག  སྙན་ངག་པ་གྲགས་ཅན་ཞིག་ང་ཚོའི་ཀན་ལྷོར་བྱོན་པ་འདི་ང་རྒྱལ་ཞིག་དང་རེ་བ་ཞིག་དང་སྙིང་སྟོབས་ཤིག་ཏུ་ཅིས་མི་སྙམ།། 
རྩོམ་སྒྲིག་པ། ཡུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།