中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > རིག་གནས་མི་སྣ >
༄༅།། སྙན་ངག་པ་དཔའ་དར།
དུས་ཚོད།2016-09-02 15:37:50     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ། རྩོམ་པ་པོ། ཨ་པཎ།    ཆུང་། | འབྲིང་། | ཆེ།
   དཔའ་དར་ལགས་ནི1940ལོར་ཀན་སུའུ་བསང་ཆུ་རྫོང་དུ་སྐྱེས་ཤིང་། སློབ་ཆུང་མཐར་ཕྱིན་རྗེས་ནུབ་བྱང་མི་རིགས་སློབ་གླིང་ནས་ལོ་ངོ་བདུན་གྱི་རིང་ཐོས་པ་བཙལ་ཅིང་། 1963ལོར་ནུབ་བྱང་མི་རིགས་སློབ་གླིང་ནས་མཐར་ཕྱིན་རྗེས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཕྱུགས་ལས་ཅུས་སུ་བྱ་བར་ཞུགས་འགོ་བརྩམས། ཕྱིས་སུ་ལས་གནས་སྤོར་ཏེ་ཡིག་བསྐུར་ངོ་གཏུག་དང་ཡིག་བསྒྱུར་སོགས་ཀྱི་བྱ་བ་སྒྲུབ་པ་དང་། ཁུལ་སྲིད་གཞུང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པའི་འགན་ཁུར་མྱོང་། 1984ལོ་ནས་བཟུང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་ཆོས་ལུགས་ཅུས་ཀྱི་ཅུས་ཀྲང་གཞོན་པའི་འགན་བཞེས།   1988ལོར་སླར་ཡང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་བསྒྱུར་ཅུས་ཀྱི་ཅུས་ཀྲང་གི་འགན་བཞེས། 1997ལོར་ལས་འཁྱུད་ངལ་གསོ་བྱས།
   དུས་རབས་ཉི་ཤུའི་ལོ་རབས60འགོ་ཙམ་ནས་བཟུང་ཁོང་རྩོམ་རིག་གསར་རྩོམ་གྱི་ལས་ལ་ཞུགས་ཤིང་། ལོ་རབས་བརྒྱད་ཅུ་བའི་མཇུག་ཙམ་ལ་བརྗོད་དོན་ཕུན་སུམ་ཚོགས་པའི་སྙན་ངག་དང་ལྷུག་རྩོམ་ཁ་ཤས་སྤེལ་མྱོང་། དེ་ལས《གངས་རིའི་སྤྱན་ཆབ》ཅེས་པའི་སྙན་རྩོམ་རིང་མོ་དེ་མཚོ་བོད་མཐོ་སྒང་གི་ཡུལ་གྲུ་ཀུན་ཏུ་སྙན་པའི་གྲགས་པ་རླུང་བཞིན་ཁྱབ་ཅིང་། དེ་དང་བསྟུན་ནས་ཀན་སུའུ་ཞིང་ཆེན་གྱི་རྩོམ་རིག་དུས་དེབ་མཉམ་འབྲེལ་གྱིས་བྱ་དགའ་དཔྱད་འདེམས་ཁྲོད་བརྩམས་ཆོས་ཕུལ་བྱུང་གི་བྱ་དགའ་ཐོབ་པ་དང་། ཀན་སུའུ་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་བྱ་དགའ་ཐོབ།  ཕྱིས་སུ་སྙན་ངག་གཅེས་བསྡུས་དེབ《གངས་རིའི་མཚན་ལྗོངས་ཀྱི་ཁེར་གླུ》ཞེས་པ་བརྩམས། སྙན་ངག་དེབ་ཆུང་དེའི་ཁྲོད་ཁོང་གི་ཉེ་བའི་ལོ་ངོ་སུམ་ཅུའི་རིང་གསར་རྩོམ་གནང་བའི་བརྩམས་ཆོས་ཕུལ་ཏུ་བྱུང་བ་བརྒྱ་དང་ལྔ་བཅུ་ལྷག་བདམས་སྒྲིག་བྱས་ནས་བཀོད་ཡོད། ཁོང་གིས་དེང་གི་གོམ་འགྲོས་མྱུར་བའི་འཚོ་བ་དང་ན་གཞོན་ཀློག་པ་པོ་རྣམས་ཀྱི་བརྩམས་ཆོས་མྱོང་རོལ་གྱི་མོས་འདུན་དང་བསྟུན་ཆེད། སྙན་ངག་འདིའི་ཁྲོད་དུངས་བརྗོད་སྙན་ངག་དང་སྙན་ཚིག་ཐུང་ངུ་སྐོར་ཞིག་འདེམས་ཡོད་ལ། འདི་དག་ཕལ་ཆེར་རྟ་གོང་ནས་བྲིས་པའི་སྙན་ངག་གི་སྐོར་ཡིན་འདུག  དུས་མཚུངས་སུ་དེང་གི་གཞོན་རབས་པ་ཚོས་ཟུར་སྣེ་མང་བོ་ནས་དུས་ཡུན་རིང་བོར་གཡས་ལྷུང་ལམ་ཕྱོགས་ཀྱི་གཡོལ་སྒྲིབ་འོག་གི་དུས་སྐབས་ངོས་ཟིན་ཡོང་ཆེད། རྩོམ་པ་པོས་ཆེད་དུ་སྐབས་དེའི་བརྗོད་དོན་མཚོན་པའི་སྙན་ངག་ཁ་ཤས་བདམས་ཏེ་ལོ་རྒྱུས་ཀྱི་དུས་སྐབས་མི་བསལ་བའི་ཁྲོད་ཀྱི་སེམས་འདུན་མཚོན་པར་བྱས་ཡོད།
   དཔའ་དར་ལགས་ཀྱི་མི་ཚེ་ནི་དཀའ་སྤྱད་དང་ཀྱག་ཀྱོག་གིས་ཁེངས་པའི་ལོ་ཟླ་རིང་མོ་ཞིག་ཡིན་ངེས་ཏེ། སློབ་མཐར་ཕྱིན་ནས་རིང་བོར་མ་འགོར་བར་རིག་གསར་གྱི་ལས་འགུལ་དེ་གློ་བུར་རི་བོ་ཉིལ་བའམ་མགོ་ཐོག་གི་གནམ་རྡིབ་པ་ལྟར་མི་རྣམས་ཀྱིས་ཁ་ཕྱོགས་གང་ཞིག་འཚོལ་བར་ཆ་མི་འཚལ་བར་གྱུར་ཅིང་། སྟབས་འགྲིག་པ་ཞིག་ལ་རིག་གསར་གྱི་རླུང་འཚུབ་ཁྲོད་ཁོ་བོར་རྡུང་རྡེག་ཕོག་མ་དགོས། མཐོ་འབྲིང་ལོ་རིམ་གཉིས་པའི་སྐབས་ཁོ་བོར་གནོད་འཚེ་ཞིག་གིས་ཀླད་པའི་དབང་རྩ་ཉམས་པའི་ནད་བྱུང་ཞིང་། འདི་ལྟ་བུའི་ཀྱག་ཀྱོག་དང་དཀའ་སྡུག་གི་ལོ་ཟླའི་ཁྲོད་སྐྱོ་གདུང་དང་ཞེ་ཕམ་གྱིས་ཁོ་བོ་སྙན་ངག་ལ་ཉེ་བར་བཅར་ཞིང་། སྙན་ངག་འབྲི་བའི་ལམ་བུ་འདི་བརྒྱུད་ནས་ནང་སེམས་ཀྱི་དགའ་སྐྱོའི་ཚོར་འདུ་བརྗོད་དཀའ་བ་དག་ཕྱིར་རུ་ཕྱུངས་བར་འདོད། ཁོ་བོས་ཕལ་ཆེར་སྙན་ངག་སྟོང་ལྷག་བྲིས་མོད། དུས་དེབ་དུ་སྤེལ་ཚད་ཧ་ཅང་ཉུང་ཉུང་ཡིན། སྙན་ངག་ནི་ནང་བསམ་བློའི་དགའ་སྐྱོ་ཕྱི་རུ་མངོན་སྟངས་ཤིག་དང་རང་ཉིད་ཀྱི་འཚོ་བ་དངོས་དེ་ཡིག་ངོར་འབེབས་པ་ཡིན་ལ། ཡང་གཅིག་བཤད་ན་སྙན་ངག་འབྲི་བ་ནི་མཐར་གཏུགས་ན་རང་གིས་བལྟ་རྒྱུ་ཞིག་ཡིན་པ་ལས་དུས་དེབ་དུ་སྤེལ་ཐུབ་མིན་ནི་གནད་དོན་གཞན་ཞིག་རེད་སྙམ་ཀྱིན་ཡོད། ཁོ་བོས་རང་ཉིད་ནི་སྤྱི་ཚོགས་ཀྱི་མི་ཡིན་ལ། རང་བྱུང་གི་མིའང་ཡིན། གཅིག་ནས་ད་ཡོད་སྤྱི་ཚོགས་དང་གོམས་སུ་འཇུག་དགོས་ལ། ད་དུང་རང་ལ་བསམ་བློ་དགོས་ལ། རང་ལ་རང་ཉིད་ཀྱི་འཚོ་བ་རོལ་སྟངས་ཤིག་ཡོད་འོས་སྙམ་ཡོད། ཁོ་བོའི་འཐུས་ཚབ་བརྩམས་ཆོས《གངས་རིའི་སྤྱན་ཆབ》ཅེས་པ་དུས་དེབ་དུ་སྤེལ་རྗེས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་གདེང་འཇོག་ཚད་མཐོན་པོར་བྱེད་ཅིང་། བོད་ལྗོངས་དང་མཚོ་སྔོན། སི་ཁྲོན་སོགས་ཀྱི་ཀློག་མཁན་མང་བོས་བཤུ་འབྲི་བྱེད་བཞིན་གཅིག་ལག་གཅིག་གིས་བརྒྱུད་ནས་བལྟ་ཀློག་བྱེད་ཀྱིན་མཆིས།  ཁོ་བོས་སྙན་ངག་ཐད་དམིགས་བཙུགས་ནས་ཞིབ་འཇུག་བྱས་མྱོང་མེད་ལ། དེ་དག་ནི་ནང་སེམས་ཀྱི་ཚོར་འདུའི་ཁྲོད་ནས་བྲིས་པ་ཤ་སྟག་ཡིན་འདུག   སྙན་ངག་ལེགས་པོ་ཞིག་ཀློག་པ་ནི་བསམ་པའི་ལོངས་སྤྱོད་ཟད་མི་ཤེས་པ་ཞིག་ཡིན་ལ། ཁོ་བོས་ནམ་ཡང་རང་ཉིད་ནི་སྙན་ངག་ལ་དགའ་མོས་ཡོད་མཁན་ཞིག་ཏུ་འདོད་པ་ལས་ངེས་དོན་གྱི་སྙན་ངག་པ་ཞེས་པའི་མཚན་སྙན་གྱི་ཆོ་ལོ་དེ་རང་ལ་འཐོབ་འོས་བསམ་མེད།
   དཔའ་དར་ལགས་ནི་ཀྲུང་གོ་གསར་བ་དབུ་བརྙེས་རྗེས་རྒྱལ་ཁབ་ཀྱིས་བླ་མེད་གསོ་སྐྱོང་གནང་བའི་བོད་རིགས་ཤེས་ཡོན་པའི་མི་རབས་དེའི་གྲས་ཀྱི་གཅིག་ཡིན་ལ། ཁོང་གིས་ནུབ་བྱང་མི་རིགས་སློབ་གླིང་ནས་ལོ་ངོ་བདུན་རིང་སློབ་གསོ་མྱོང་བའི་དུས་དེར། མ་ལག་ཆ་ཚང་བའི་སྒོ་ནས་མར་ཁེ་སི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ། ངོས་འཛིན་སྨྲ་བ་དང་བྱེད་ཐབས་སྨྲ་བ་སོགས་ཁོང་ལ་སློབ་གཉེར་གང་ལེགས་བྱས་པ་དེས་ཁོང་གི་གསར་རྩོམ་ཐད་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཐོན་ཏེ་སྙན་ངག་གསར་རྩོམ་གྱི་བསམ་བློའི་སྒོ་བརྒྱ་ཡངས་པོར་ཕྱེ། ཁོ་བོའི་སྙན་ངག་ལ་རྩོད་སྒྲུབ་རིག་པ་དང་དངོས་གཙོ་སྨྲ་བའི་སྲོག་ཡོད་པར་གྱུར་ཡོད། ཁོང་ནི་ཀན་ལྷོའི་རྩོམ་རིག་དཔུང་སྡེའི་ཁྲོད་བརྩམས་ཆོས་སྤེལ་གྲངས་ཆེས་ཉུང་བའི་རྩོམ་པ་པོའི་གྲས་ཀྱི་གཅིག་དང་། སྙན་ངག་པ་ཁྱད་པར་བ་ཞིག་ཀྱང་ཡིན། ཁོའི་སྙན་ངག་བརྩམས་ཆོས་དེ་མི་རིགས་ཀྱི་ཞིང་ས་གཤིན་པོ་ནས་རྩ་བ་ཚུགས་ཤིང་མྱུ་གུ་འབུས་ལ། ཁོ་བོས་མཚོ་བོད་མཐོ་སྒང་དུ་འཚོ་བའི་མི་རིགས་འདིའི་ཆེས་ཐུན་མོང་མ་ཡིན་པའི་མཛེས་དཔྱོད་ཀྱི་ལྟ་བ་གཙིགས་སུ་འཛིན་བཞིན་བརྗོད་དོན་ཟབ་ཅིང་གབ་སྦས་ཀྱི་ཤུགས་ཆེ་བའི་བརྩམས་ཆོས་ལེགས་གྲས་ཁག་ཅིག་ཀློག་པ་པོའི་བསམ་པའི་ལོངས་སྤྱོད་དུ་བསྟར། དེ་དག་གིས་ལོ་རྒྱུས་དང་དངོས་ཡོད་འཚོ་བའི་རིག་རྟོག་གི་བསམ་གཞིགས་ཐུབ་ཅིང་། ལྷག་པར་དུ《གངས་རིའི་སྤྱན་ཆབ》ཅེས་པའི་སྙན་རྩོམ་ལས་རང་རེའི་མི་རིགས་འདི་ལ་ཕྱིར་རྟོག་བྱེད་བཞིན་ལོ་རྒྱུས་ཀྱི་བདེན་པ་གཙིགས་སུ་བཀུར། ཀྱག་ཀྱོག་དང་དཀའ་སྡུག་གི་འཚོ་བར་འཁང་ར་བརྗོད་ཅིང་། ཤེས་རྨོངས་དང་བག་འཁུམས་ཀྱི་ངན་གཤིས་རྡུལ་དུ་བརླགས་པས། དེ་ནི་དུས་རབས་ཤིག་གི་རྟོགས་སད་ཀྱི་འབོད་སྒྲ་ལས་བྱུང་བའི་བསམ་བློའི་རོལ་དབྱངས་ཤིག་ཏུ་ངེས་པས། བརྩམས་ཆོས་དེ་ཐོག་མར་ལག་བྲིས་ཀྱི་རྣམ་པས་བོད་ཁུལ་གྱི་ས་ཆར་གང་སར་ཁྱབ་ཅིང་། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་མཇུག་ཏུ་དུས་དེབ་སྟེང་སྤེལ་རྗེས། བོད་ཀྱི་ས་ཁུལ་སོ་སོའི་ཀློག་པ་པོ་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ། 
   དཔའ་དར་ལགས་ནི་རྩོམ་རིག་སྒྱུ་རྩལ་གྱི་ཀྱག་ཀྱོག་ལམ་ཕྲན་སྟེང་འཚོལ་རྟོག་གི་གོ་་རིམ་བརྒྱུད་པའི་འགྲུལ་བཞུད་པ་ཞིག་ཡིན་པས་དངོས་ཡོད་སྤྱི་ཚོགས་ནས་རྐང་ཚུགས་ཏེ་དུས་བསྟུན་མདུན་སྐྱོད་བྱེད་མཁན་ཞིག་དང་བྱ་སྤྱོད་དངོས་ཀྱི་སྟེང་ནས་མི་རིགས་རིག་གནས་ཐད་ཀྱི་ངོས་འཛིན་དང་མི་རིགས་མདུན་ལམ་དང་ལས་དབང་ལ་སེམས་ཚེགས་བྱེད་ཅིང་། ཁོའི་སྙན་ངག་གསར་རྩོམ་དེ་མཐར་གཏུགས་ན་ཁོའི་རིག་གནས་ཀྱི་དགོངས་པ་དང་རིན་ཐང་ལྟ་བའི་ཐད་ནས་ལག་ལེན་སྤེལ་བའི་ལས་ཤིག་ཡིན། ཁོས་བཤད་རྒྱུར། མི་རིགས་ཤིག་བརྟན་པོར་གནས་མིན་དེ་མཐར་གཏུགས་ན་མི་རིགས་གང་དེའི་རིག་གནས་ལ་འབྲེལ་བ་ཡོད། གལ་སྲིད་མི་རིགས་ཤིག་དར་རྒྱས་བྱུང་ཚེ་ད་གཟོད་རིག་གནས་ལ་འཕེལ་རྒྱས་ཆེན་པོ་འབྱུང་ངེས། དུས་མཚུངས་སུ་རིག་གནས་རྒྱུན་འཛིན་མཁན་རྣམས་ཀྱིས་རང་འགུལ་སྒོས་གཞན་པའི་རིག་གནས་ཀྱི་ཉིང་བཅུད་སྡུད་ལེན་བྱ་དགོས། དེ་ལྟར་མིན་ཚེ་དུས་རབས་དང་མི་འཚམས་པའི་རིག་གནས་རྙིང་བ་རྣམས་མཐའ་མཇུག་ཕྱིར་འབུད་བྱེད་པའི་སྐབས་ཤིག་འབྱུང་ངེས་ཟེར། གོང་གི་སྐད་ཆ་འདི་སྙན་ངག་པའི་རིག་གནས་བླང་དོར་དང་མི་རིགས་འཕེལ་རྒྱས་ཀྱི་འབྲེལ་བ་ངོས་འཛིན་བྱས་པའི་བསྒྲགས་གཏམ་ཞིག་ཏུ་ངོས་བཟུང་ཆོག་ལ། དེ་ལས་ཁོས་མི་རིགས་དང་མི་རིགས་རིག་གནས་ཀྱི་རིན་ཐང་ཚད་གཞི། དངོས་ཡོད་འཇིག་རྟེན་ལ་བཟུང་བའི་རྣམ་འགྱུར་སོགས་གསལ་བོར་མཚོན་ཞིང་། བོད་མི་རིགས་དང་བོད་ཀྱི་རིག་གནས་ལོ་རྒྱུས་ཀྱི་ཁ་ཕྱོགས་ངེས་འཛིན་བྱུང་བ་མཚོན། དཔལ་འབྱོར་ས་སྟེང་ཅན་དུ་འགྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་འགྲོ་བ་དང་། ཁོ་བོའི་རྣམ་འགྱུར་དང་ངོས་ཟིན་དེས་སྤྱི་ཚོགས་རིག་གནས་ཀྱི་ཐོན་ཁུངས་ཐུན་མོང་དུ་སྤྱོད་པའི་ཆུ་ཚད་མུ་མཐུད་གོང་མཐོར་འགྲོ་བའི་དཔལ་འབྱོར་ཐོ་བརྒལ་གྱི་དུས་རབས་སུ་སླེབས་མཚམས་འདིར་བོད་མིའི་སྤྱི་ཚོགས་དང་བོད་ཀྱི་རིག་གནས་དེ་ད་དུང་ལྟོས་བཅས་ཀྱིས་ཁེར་ཚུགས་སུ་གནས་ཤིང་རང་སྟོབས་ཀྱི་ནུས་པ་བག་ལ་ཞ་བའི་རྣམ་པ་དེ་མངོན་སུམ་གྱིས་མཚོན་འདུག  དཔེར་ན་ཁོའི་སྙན་ཚིག་སྟེ《ཟླ་དྲུག་པའི་ཁ་བ》《མཚན་མོར་ཕྱིར་ལོག་པ》《སྦྲ་ནག》《ང་ཡི་པགས་རྩག་རྙིང་བ》《བླ་སྲོག་གང་དུ་བཞུད་སོང》《བདེན་རྫུན》《གངས་རིའི་བླ་སྲོག》《མཆོད་མེ》《ཨ་ཆེན་གངས་རིའི་རྩྭ་་ཕྲན》སོགས་ཀྱིས་སྙན་ངག་པས་འདི་ལྟ་བུའི་བརྩེ་སེམས་དང་སྒྱུ་རྩལ་འཚོལ་བསྙེག་ཐད་མི་ཚེ་ཕྱེད་པའི་བརྩོན་འགྲུས་བསྐྱེད་པ་མཚོན་ཡོད།  དཔའ་དར་གྱི་སྙན་ངག་ལ་སྒྱུ་རྩལ་དང་ལོ་རྒྱུས། མངོན་གྱུར་གྱི་རིན་ཐང་ཆེན་པོ་ལྡན་པ་མ་ཟད། མ་འོངས་པར་ཁ་ཕྱོགས་པར་གསེར་སྦྱང་བཙོ་མ་ལྟ་བུའི་རིན་ཐང་ལྡན། སྐབས་འགར་དཔའ་དར་ལགས་ཀྱི་སྙན་ངག་གྱིས་འཚོ་བའི་འགལ་འདུ་དང་གཡོ་འཕྲུལ་སྦམ་རྫུ་སོགས་མིའི་བརྩེ་ཞེན་ལ་དྲེག་ནག་བགོ་བའི་སྣང་ཚུལ་ཐལ་ཤལ་འགའ་ལ་མ་རངས་པའི་ངར་སྐད་སྒྲོག་ཅིང་། ཕལ་བའི་མི་ཚེའི་ཁྲོད་ཀྱི་དགའ་སྐྱོ་ཁྲོ་སྡང་སོགས་འཚོ་བའི་བདེན་དངོས་རྣམས་ཇི་བཞིན་དུ་ཡིག་ངོར་ཕབ་སྟེ་རང་ལ་བལྟ་རུ་འཇུག་གིན་ཡོད། སྐབས་འགར་ལོ་རྒྱུས་ཀྱི་དུས་སྐབས་དམིགས་བསལ་བའི་ཁྲོད། མུ་མཐུད་དུ་སྤྱི་ཚོགས་ཀྱི་མི་དང་རང་བྱུང་གི་མིའི་བར་གདམས་ཀ་དང་ལེགས་སྒྲིག་བྱེད་པའི་སེམས་འདུན་དང་རེ་བ་མཚོན་པར་བྱས་ཏེ་མི་གཤིས་ཀྱི་དགེ་བའི་ངོ་བོ་ཉམས་དམས་དང་རྩ་བརླག་ཏུ་མི་གཏོང་བའི་འབོད་སྐུལ་བཏང་ཡོད། ད་ལྟ་ཁོ་བོ་ལ་ཁའི་ཉི་མ་དང་ལ་རྟིང་གི་གྲིབ་མ་ལྟ་བའི་རྒན་མགོ་དཀར་ཞིག་ཏུ་གྱུར་ཡོད་རུང་། བསམ་གཞིགས་དང་འཚོལ་རྟོག་གི་གོམ་ཁ་ནམ་ཡང་ལྷོད་ཀྱིན་མེད་ལ། ཁོ་བོའི་བློ་གྲོས་ཀྱི་སྤྱན་ཟུང་རྣོན་པོ་དང་ནམ་མཁའི་ཁྱོན་ལྟར་ཡངས་པའི་སེམས་རྒྱ་ཡིས་སྤྱི་ཚོགས་ཀྱི་གནས་བབ་ལ་ཡུལ་དུས་དང་འཚམས་པའི་གདེང་འཇོག་བྱེད་ཅིང་། ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས། ད་དུང་མི་གཤིས་ཀྱི་ཟབ་སར་གནས་པའི་ནད་རྙིང་དག་ལ་རྒྱུ་འབྲས་ཀྱི་བློ་མིག་སྤྱད་ནས་དགག་བཞག་སུན་འབྱིན་བྱེད་པ་དང་། ནམ་ཡང་རྒྱ་ཆེ་བའི་ངལ་རྩོལ་མི་དམངས་ཀྱི་ཁྲོད་དུ་ལངས་ནས་བདེན་དོན་གྱི་དཔའ་སྐད་ལྷང་ལྷང་གྱེར་བཞིན་ཡོད་དོ། །
རྩོམ་སྒྲིག་པ། ཡུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།