中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > རིག་གནས་མི་སྣ >
༄༅།། ངག་རྩོམ་མཁས་པ་མཁར་ཆེན་སྐལ་བཟང་བློ་གསལ།
དུས་ཚོད།2016-09-09 16:06:37     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ། རྩོམ་པ་པོ། ཀླུ་ཚང་རྣམ་སྲས།    ཆུང་། | འབྲིང་། | ཆེ།
   སྐུ་ཞབས་མཁར་ཆེན་སྐལ་བཟང་བློ་གསལ་ལགས་ནི་སྤྱི་ལོ1942ལོར་ཀན་ལྷོ་ཁུལ་རྨ་ཆུ་རྫོང་མཛོད་དགེ་ཉིན་མའི་མཁར་ཆེན་སྡེ་བར(དེང་སང་གོང་མའི་རུ་ཆེན་ལ་གཏོགས)སྐུ་འཁྲུངས། དགུང་ལོ་བརྒྱད་ཀྱི་སྟེང་ལ་མཁར་སྡེ་བའི་སེར་སྡེར་ཁོང་གི་ཁུ་བོ་སྔགས་རམས་པ་ཨ་ལགས་ར་མང་གི་སྐུ་མདུན་ནས་གྲོང་དགེ་སྡོམ་པ་བཞེས་ཤིང་། ཡང་ཁོང་གི་མདུན་ནས་ལོ་ངོ་བདུན་རིང་ལ་ཡི་གེ་ཀློག་དང་སྙན་ངག་རྩིས་སོགས་ལ་གསན་སྦྱོང་མཛད། 1958ལོ་ནས1964ལོར་ནུབ་་བྱང་མི་རིགས་སློབ་ཆེན་འགྲིམ་ཞིང་མཐར་ཕྱིན་ཏེ་ལས་གནས་སུ་ཞུགས། ལོ་ངོ་སུམ་ཅུའི་རིང་ལ་ཁུལ་དང་རྫོང་རིམ་པའི་སྡེ་ཁག་ནས་ནོར་སྲིད་དང་རྫོང་རིམ་པའི་སྡེ་ཁག་གི་སྲིད་འཛིན་ལས་དོན་བསྒྲུབས། དུས་ཕྱིས་མཐོ་རིམ་དཔལ་འབྱོར་མཁས་ཅན་དང་རྩིས་པ་ཆེན་མོ་བའི་གོ་མིང་ཐོབ་ཅིང་། སྲིད་གྲོས་ཀན་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་ཀན་ལྷོ་ཁུལ་དམངས་ཁྲོད་རིག་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས།
   ཁོང་གིས་སྐུ་ན་ཕྲ་དུས་ནས་བཟུང་། ཁུ་བོ་ཨ་ལགས་ར་མང་སོགས་དགེ་རྒན་དུ་མ་ལས་རིག་གནས་ཀྱི་བག་ཆགས་རྙེད་པ་དང་། སྒོས་སུ་སྐབས་དེའི་རྨ་ཆུའི་ས་གནས་སུ་མཆིས་པའི་བླངས་ན་རྫོགས་མཐའ་མེད་པ་དང་སྤྱད་ན་འཛད་མཐའ་མེད་པའི་དམངས་ཁྲོད་ངག་རྩོམ་དང་འབྲོག་ཕྱོགས་ཀྱི་རིག་གནས་ཁོར་ཡུག་སོགས་ཀྱིས་ཁོང་གི་བྱིས་བློ་ཕྲ་མོར་བསུབ་ཏུ་མེད་པའི་ཤུགས་རྐྱེན་ཐེབས་ཏེ། དམངས་ཁྲོད་ངག་རྩོམ་དང་རྩེད་ཆས་སོགས་ལ་འགོག་ཏུ་མེད་པའི་སྤྲོ་སྣང་འཕེལ་བ་དང་དེ་ལ་ཐུགས་ཉམས་གཏད་ཅིང་། དེ་ནས་ནར་སོན་རྗེས་དེ་ལ་གདེང་འཇོག་དང་འཚོལ་སྡུད་བྱེད་པ་ནི་ཁོང་གི་སྐུ་ཚེ་ཧྲིལ་བོའི་ལས་ཞོར་གྱི་དགའ་ཁ་འཁྱེར་ཕྱོགས་དང་འབད་བརྩོན་གྱི་དམིགས་འབེན་དུ་གྱུར། ཇི་སྐད་དུ། དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར།། ཞེས་པ་ལྟར། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བར《ཟླ་ཟེར》རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་བློ་མཐུན་ཕྱག་རྡོར་ཚེ་རིང་ལགས་ཀྱིས་ཁོང་གི་དམངས་ཁྲོད་ངག་རྩོམ་ལ་ཐུགས་སྤྲོ་ཞིང་འཇུག་པ་ཡངས་པ་ལས་བསམ་ནས། ཁོང་ལ་ཡང་ཡང་སྐུལ་བའི་མཐར། ཁོང་གིས་བྲིས་པའི་ངག་རྩོམ《ཟླ་ཟེར》དུས་དེབ་སྟེང་སྔ་གཞུག་ཏུ་མུ་འགོད་བྱས། དེ་ནས་བཟུང་ཁོང་གིས་སྲིད་དོན་སྐྱོང་བའི་ཞོར་དུ་ཕ་མེས་ཀྱིས་བཞག་པའི་དམངས་ཁྲོད་རྩོམ་རིག་མྱུར་སྐྱོབ་དང་རྒྱུན་འཛིན། དར་སྤེལ་གཏོང་རྒྱུར་ཆོད་སེམས་བརྟན་པོ་བཅངས།
   ཁོང་གི་གོ་གནས་དང་ལས་གནས་ལ་འཕོ་འགྱུར་གང་མང་བྱུང་རུང་དམངས་ཁྲོད་རྩོམ་རིག་མྱུར་སྐྱོབ་དང་དར་སྤེལ་གཏོང་རྒྱུ་ལ་སྙོམས་ལས་མེད་པར། སྲིད་དོན་སྐྱོང་ཞོར་དུ་ཁོང་གིས་ཀན་ལྷོ་མ་ཟད་ཐ་ན་ཞིང་ཆེན་གཞན་པའི་འབྲོག་ཁྱིམ་གྱི་སྦྲ་གུར་དང་རོང་བའི་ཁྱིམ་ཚང་དུ་དམངས་ཁྲོད་ངག་རྩོམ་དང་རིག་གནས་གཞན་པ་འཚོལ་སྡུད་དང་དག་སྒྲིག་བྱེད་པར་ཕེབས་པའི་ཞབས་རྗེས་རེ་རེ་དང་། འགྲོ་སོང་རེ་རེ་བཏང་བ་སོགས་ནི་དངོས་གནས་བློ་ཡིས་དཔོག་དཀའ། འདིའི་ཐད་དུ་དཔེ་གང་མང་འདྲེན་རྒྱུ་ཡོད་རུང་འདིར་མ་སྤྲོས། ཁོང་གིས་བྱ་བའི་ཞོར་དུ་དུས་ཚོད་ལྷག་མ་ཡོད་ཚད་བོད་ཀྱི་དམངས་ཁྲོད་ངག་རྩོམ་དང་དམངས་སྲོལ་སྔོག་འདོན་དང་འཚོལ་སྡུད། ཞིབ་འཇུག་གི་ཕྱོགས་ལ་བཏང་བས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་སྟེ། དུས་རབས་འདིའི་དུས་འགོར་སྔ་གཞུག་ཏུ《ངག་རྩོམ་ནོར་བུའི་གཏེར་བུམ》དང《བསྟོད་བཤད་མེ་ཏོག་གངས་ལྷ》《གཏམ་དཔེ་ནོར་བུའི་དོ་ཤལ》《འབེལ་གཏམ་ནོར་བུ་མེ་འབར》《རྩེད་ཆས་ཀུན་དགའ་ནོར་བུ》སོགས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། འགྱུར་རྡོ་གསོན་པོ་ལྟ་བུའི་མི་རིགས་ཀྱི་དམངས་ཁྲོད་ངག་རྩོམ་དང་དམངས་ཁྲོད་རིག་གནས་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་གཏོང་བར་མཛད་རྗེས་མི་དམན་པ་བཞག་པས་སྤྱི་ཚོགས་ཀྱི་དགའ་བསུ་དང་གདེང་འཇོག་ཚད་མེད་ཐོབ། ནང་སྒོས་སུ་ཁོང་གིས་རྩོམ་སྒྲིག་མཛད་པའི་དཔེ་ཚོགས་ལས《རྩེད་ཆས་ཀུན་དགའ་ནོར་བུ》ནི་ཀྲུང་གོ་གསར་བ་དབུ་བརྙེས་པའི་ཚུན་ཆད་དུ་བོད་ཀྱི་དཔེ་སྐྲུན་ལོ་རྒྱུས་སྟེང་སྔར་བྱུང་མ་མྱོང་བ་ཞིག་རེད། དེའི་ཁྲོད་དུ་ཕ་མེས་ཤུལ་བཞག་གི་རྩེད་ཆས་རྣམ་གྲངས་ཏེ། འཇུག་དང་ཤོ  ཁུ་ཚུར། བྱིའུ་ཐི། ཐེ་གེ  ས་ལམ་རྣམ་བཞག་སོགས་སོ་སོར་ཕྱེས་ཏེ་རྩེད་ཚུལ་དག་ཡི་གེ་དང་རི་མོ་ཉིས་སྦྲགས་སུ་མཚམས་སྦྱོར་བྱས་པ་ཞིག་ཡིན་པས་ཞིབ་འཇུག་གི་རིན་ཐང་དང་བེད་སྤྱོད་ཀྱི་རིན་ཐང་ཆེས་ཆེན་པོ་ལྡན། ཁོང་གིས་བོད་ཀྱི་དམངས་སྲོལ་རིག་པ་དང་ལྷག་པར་དུ་འབྲོག་པའི་དམངས་སྲོལ་རིག་གནས་སྔོག་འདོན་དང་འཚོལ་སྡུད་རྒྱུན་འཛིན་བྱས་པའི་གྲུབ་འབྲས་རླབས་པོ་ཆེ་དེ་ཀུན་གྱི་དོ་སྣང་བྱ་ཡུལ་དུ་གྱུར།
   2008ལོའི་ཟླ10བའི་ཚེས11ཉིན། རྨ་ཆུ་རྫོང་གེ་སར་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་ཤིང་རྨ་ཆུ་རྫོང་ཉིན་མ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་རམ་འདེགས་བྱས་འོག  སྐུ་ཞབས་མཁར་ཆེན་སྐལ་བཟང་བློ་གསལ་གྱི་རིག་གཞུང་གྲུབ་འབྲས་བགྲོ་གླེང་ཚོགས་འདུ་དེ་རྨ་ཆུ་རྫོང་ཉིན་མ་གྲོང་རྡལ་གྱི་ཚོགས་ཁང་དུ་ཚོགས། ཚོགས་ཞུགས་པ་སོ་སོས་ཁོང་གི་གྲུབ་འབྲས་ལ་ཚད་འདྲ་མིན་གྱི་གདེང་འཇོག་གང་ལེགས་གནང་། ཚོགས་ཐོག་ཏུ་སྐུ་ཞབས་མཁར་ཆེན་སྐལ་བཟང་བློ་གསལ་ལགས་ཀྱིས་རང་ཉིད་ལས་དེར་འཇུག་པའི་ཐོག་མའི་ཀུན་སློང་དང་བར་གྱི་འགལ་རྐྱེན། མཐའ་མའི་འབྲས་བུ་སོགས་ཕྱོགས་སོ་སོ་ནས་མཚམས་སྦྱོར་མཛད།
   སྐུ་ཞབས་མཁར་ཆེན་སྐལ་བཟང་བློ་གསལ་ལགས་ནི་སྤྱིར་བཏང་གི་འགོ་ཁྲིད་པ་དང་མི་འདྲ་སྟེ། བློ་མཐུན་ཏེང་ཞའོ་ཕིན་གྱི་ལྟེ་བ་གཅིག་དང་རྩ་གནད་གཉིས་ཀྱི་དགོངས་དོན་གཙིགས་སུ་བཟུང་སྟེ། དཔལ་འབྱོར་བདག་དམ་གྱི་གཞུང་ལུགས་དང་ལག་ལེན་སོགས་ལ་བརྒྱུད་རིམ་དང་མ་ལག་ལྡན་པའི་སྒོ་ནས་སློབ་སྦྱོང་དཔྱིས་ཕྱིན་གནང་སྟེ། དུས་སྐབས་མི་འདྲ་བའི་གོ་རིམ་ཁྲོད་དུ་གང་ལ་གང་འཚམ་གྱིས་བེད་སྤྱོད་དང་ལག་ལེན་བྱས། དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བའི་དུས་འགོར་ཁོང་རྨ་ཆུ་རྫོང་གི་རྫོང་དཔོན་དུ་བཞུགས་སྐབས། ཁོང་གིས་དངོས་ཐོག་བདེན་འཚོལ་གྱིས་རང་སའི་གནས་ཚུལ་རྒྱུས་ལོན་དང་ཡུལ་དངོས་སུ་རྩད་ཞིབ་ཡང་ཡང་བྱས་པས། རྨ་ཆུའི་གུར་ཁོག་གསེར་ཁུངས་ཀྱི་གཏེར་འདོན་པར་གྱུར། རྨ་ཆུ་རྫོང་གི་སྐབས་དེའི་བཟོ་ཞིང་ལས་ཀྱི་ཐོན་རིན་ནི་སྒོར་ས་ཡ་གསུམ་ཙམ་མ་གཏོགས་མེད་པ་དེ་སྒོར་བྱེ་བ་གཅིག་ཏུ་འཕར། དེ་བཞིན་དུ་རྨ་ཆུའི་གུར་ཁོག་གསེར་ཁུངས་ཀྱིས་ལོ་ངོ་ཉི་ཤུ་ལྷག་གི་འཕེལ་རྒྱས་ཁྲོད་གྲུབ་འབྲས་ཆེན་པོ་བླངས་པའང་ཁོང་གི་སྣེ་ཁྲིད་ཡང་དག་ལས་བྱུང་། དེར་བརྟེན། ཁོང་ནི་ཀན་ལྷོའི་བོད་ཁུལ་གྱི་ཆེས་དཀོན་པའི་མིང་དོན་མཚུངས་པའི་མཐོ་རིམ་དཔལ་འབྱོར་མཁས་ཅན་དུ་ཀུན་གྱིས་འཇོག་པ་རེད། སྐུ་ཞབས་མཁར་ཆེན་སྐལ་བཟང་བློ་གསལ་མི་འདོད་ནད་ཀྱིས་མནར་ཏེ་སྤྱི་ལོ2009ལོར་སྐུ་གཤེགས། །
རྩོམ་སྒྲིག་པ། ཡུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།