中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > རིག་གནས་མི་སྣ >
༄༅།། གེ་སར་སྒྲུང་བ་སྐལ་ཁོ།
དུས་ཚོད།2016-09-14 15:22:56     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ། རྩོམ་པ་པོ། ཀ་ཤུལ་མགོན་པོ་སྐྱབས།    ཆུང་། | འབྲིང་། | ཆེ།
   སྒྲུང་བ་སྐལ་ཁོ་ལགས་ནི1943ལོར་རྨ་ཆུ་རྫོང་གི་ཁོངས་གཏོགས་དངུལ་རྭ་ལྷ་སྡེ་ཞེས་པར་སྐྱེས་ཤིང་། རྗེས་སུ་ཁྲོ་ཁོ་སྨད་མ་ཞེས་བྱ་བའི་འབྲོག་སྡེ་ཆེན་པོ་དེར་ཁོ་ཚང་གི་རུ་སྤར་ཏེ་གཞི་ཆགས། ཁོའི་ཕ་མེས་ཡང་མེས་ཀྱི་ཁྱིམ་རྒྱུད་མཚོ་སྔོན་མགོ་ལོག་ཁུལ་དགའ་བདེ་རྫོང་གི་ཁོངས་སུ་གཏོགས་པར་བཤད་ཅིང་། ཁོའི་ཁྱིམ་རྒྱུད་འདིར་མཚོན་ན། ད་ལྟའི་ཁོ་ལ་ཐུག་གི་བར་མི་རབས་བཞིའི་རིང་ལ་སྒྲུང་བ་དང་གླུ་བ། འདོགས་ར་སོགས་ལ་མཁས་པ་ཟམ་མ་ཆད་པར་བྱུང་བས། རྨ་ཀླུང་ཕྱུག་མོའི་ཁུགས་སོ་དང་པོ་འདིར་འཚོ་ཞིང་བཞེས་པའི་མི་རྣམས་ཀྱིས་ཁོ་ལ་མི་རབས་བཞི་བའི་སྒྲུང་བ་ཞེས་ཀྱང་འབོད། སྒྲུང་བ་ཁོ་རང་ཉིད་ནས་བརྩིས་པའི་མི་རབས་བཞིའི་ཐོག་མ་མི་ལོག་འཇམ་དར་ཟེར་བ་ཞིག་ལ་སྒྲུང་འབབ་རྒྱུ་ཡོད་པའི་བཤད་ཚུལ་ཡོད་པ་དང་། དེ་བཞིན་ཁོའི་ཕ་དང་ཨ་ཁུ་རྣམས་ཀྱང་སྒྲུང་དང་གླུ། རྣམ་ཐར་སོགས་སྨྲ་བར་མཁས་པས་མི་སྡེ་ནང་གི་ཁ་བདེ་མང་བོ་འབྱུང་སའི་ཁྱིམ་རྒྱུད་ཡིན་པ་མཐའ་འཁོར་སྡེ་མིའི་ཁ་ན་རླུང་ལྟར་ཁྱབ།
ཁྱིམ་ཚང་གི་རྒྱབ་ལྗོངས་དེ་ལྟ་བུའི་འོག་འདབ་ལག་རྒྱས་པའི་སྒྲུང་བ་སྐལ་ཁོ་ལགས་ཀྱིས་ཀྱང་ཀྱག་ཀྱོག་གི་མི་ཚེ་བགྲོད་ལམ་རིང་མོ་ཞིག་བརྒྱུད་ཡོད་དེ། ཁོ་རང་ལོ་བཅུ་གཅིག་གི་སྟེང་རྨ་ཆུ་རྫོང་ཁྲོ་ཁོ་སྨད་མ་ཤང་མཚན་སྒྲོགས་དགོན་དུ་གྲྭ་བ་བྱས་ཏེ་གསལ་བྱེད་སུམ་ཅུའི་སྦྱོར་ཀློག་གི་དབུ་བརྩམས་ཤིང་། ལོ་བཅུ་བཞིའི་སྟེང་དུ་བཅོས་བསྒྱུར་གྱི་འགོ་ཚུགས་ཏེ་སེར་མོ་ནས་སྐྱ་སར་བབས།
   སྤྱི་ཚོགས་གསར་བ་དབུ་བརྙེས་པ་ནས་བཟུང་རང་ཡུལ་ཁྲོ་ཁོ་སྨད་མ་ནས་རྟ་ནོར་ལུག་གསུམ་གྱི་སུག་རྗེས་བསྙེགས་ཤིང་། དུས་དེར་ཀློག་འདོན་ལ་ཐོགས་པ་མེད་པས་རྫི་བོའི་ཞོར་ནས་དཔེ་ཀློག་གི་རྒྱུན་ཆད་མ་མྱོང་། རང་ལོ་ཉི་ཤུ་ཡས་མས་སུ་རྟ་དཀར་སྨན་པའི(འཇིག་རྟེན་རྙིང་བར་མདོ་དབུས་ཁམས་གསུམ་དུ་མིང་གྲགས་ཅན་ཞིག་ཡིན)བུ་སྨན་ཕྲུག་སྦྱིན་པའི་གམ་ནས་སྨན་བསླབ་ཏེ་རང་སྡེའི་སྨན་པ་བྱས། བསྟུད་མར་སྡེ་བའི་རྩིས་གཉེར་བ་དང་སྡེ་བ་རིམ་པའི་འགོ་ཁྲིད་ཀྱི་ལས་འགན་བཞེས། ལས་ཀ་རབ་དང་རིམ་པ་ཞིག་་བསྒྲུབ་དགོས་ཀྱང་རང་གི་བློ་ཁ་འཁྱེར་ཕྱོགས་དེ་ནམ་ཡང་གཏོང་ཐབས་བྲལ་བས། ལས་ཞོར་་དུའང་རྣམ་གཡེང་དང་ལེ་ལོའི་དབང་དུ་མ་སོང་བར་རང་སྦྱོང་བྱས་ཏེ་སྒྲུང་དཔེ་དང་གླུ་ཚིག མའོ་ཙེ་ཏུང་གི་གསུང་རྩོམ་སོགས་ལ་འབད་པ་ཤུགས་ཀྱིས་བསྐྱེད་ཅིང་། ཕ་དང་ཨ་ཁུ། དེ་་མིན་སྡེ་བའི་ནང་གི་བགྲེས་པོ་ཚོའི་འཁྲིས་སུ་ཉེ་བར་བཅར་ཏེ། ཁོ་ཚོའི་མདུན་ནས་སྒྲུང་དང་གླུ། ཟློས་གར།  གཏམ་རྒྱུད་སོགས་དམངས་ཁྲོད་རིག་གནས་ཀྱི་ཐོས་པ་མང་དུ་བཙལ་བས། དུས་ཡུན་རིང་བོ་ཞིག་འགོར་རྗེས་ཁོ་རང་དུད་ཁ་སྟོང་དུ་ཡོད་པའི་ཁྲོ་ཁོ་སྨད་མའི་རྩྭ་ཐང་དུ་སྒྲུང་བ་རེད་ཅེས་བསྟོད་པའི་མཐེ་བོང་བསྒྲེང་མཁན་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་མང་དུ་འཕེལ།
   ལོ་རབས་བདུན་ཅུའི་སྨད་ནས་བཟུང་སྒྲུང་བ་སྐལ་ཁོ་ལགས་ཀྱིས་རང་གི་འཇོན་ཐང་ཕྱིར་སྤྱི་ཚོགས་ལ་ངོམ་པའི་འགོ་ཚུགས། ཁོས་རང་ཉིད་འཚོ་སའི་སྡེ་མི་རྣམས་ལ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་བཤད་པ་ལས་གཞན《མི་རོ་རྩེ་སྒྲུང》ནང་གི་གཏམ་རྒྱུད་ཚན་པ་རེ་དང《བདུད་འདུལ》བཅས་མང་ཚོགས་ནང་ནས་འཁྲབ་མཁན་བསྡུ་རུབ་བྱས་ཏེ་འཁྲབ་ཁྲིད་བྱས། ཁོ་རང་ཆུང་དུས་ནས་བཟུང་སྒྲུང་ལ་དགའ་བའི་དབང་གིས་སྐབས་དེར་ཆ་རྐྱེན་ཆེར་མེད་རུང་ཁྲབ་རྨོག་གི་ཚུལ་རེ་བཟོས་ཏེ་འཁྲབ་སྟོན་བྱས་ཚེ་མང་ཚོགས་ཀྱིས་ལྷག་ཏུ་དགའ་བསུ་བྱེད། 1979ལོར་རྨ་ཆུ་རྫོང་གིས་གནམ་འོག་གི་རྨ་ཆུའི་སྟོད་རྒྱུད་ཀྱི་ཟམ་པ་དང་བོ་ལེགས་གྲུབ་བྱུང་བའི་མཛད་སྒོ་སྤེལ་བ་སྟེ་རྨ་ཆུ་རྫོང་གི་ཟམ་སྟོན་གྱི་ཐོག་ཏུ་རྫོང་ཡོངས་ཀྱི་ཤང་སོ་སོའི་སྒྲུང་བ་དང་གླུ་བ་སོགས་དམངས་ཁྲོད་ཀྱི་ཕུལ་བྱུང་སྒྱུ་རྩལ་བ་མང་བོ་ལྷན་དུ་བསྡུས་ཏེ་འགྲན་བསྡུར་བྱས། ཟམ་སྟོན་དེའི་ཐོག་ལ་ཁོ་ནི་ཁྲོ་ཁོ་སྨད་མ་ཤང་གི་མང་ཚོགས་ཀྱི་ཁྲོད་བདམས་ནས་ཐོན་པའི་ཤང་དེའི་ཚབ་བྱེད་སྒྲུང་བ་རེད། རྫོང་ཡོངས་སུ་སྒྲུང་བ་སྐལ་ཁོ་ལགས་ཤང་རིམ་པ་ནས་མི་གྲངས་ཁྲི་ཚོ་བཞི་ལྷག་གི་རྫོང་རིམ་པའི་སྒྲུང་བར་གྱུར་པས་རིམ་བཞིན་ཀན་ལྷོ་ཁུལ་གྱི་མངའ་ཁོངས་སུ་ཡང་མཚན་སྙན་གྱི་བ་དན་གཡོས་ཏེ། "བྱ་རྨ་བྱའི་སྒྲོ་གུར་ཕུབ་འདྲ་བོ།། ཆགས་བཞག་ན་རྨ་ཆུའི་སྐལ་ཁོ་རེད།། བྱ་ཁུ་བྱུག་ལྷང་ངེ་གྲགས་འདྲ་བོ།། ཆགས་བཞག་ན་རྨ་བྱའི་གསུང་སྐད་རེད།།"ཅེས་རི་ལུང་ཀུན་ཏུ་བསྟོད་པའི་མཐེ་བོང་སྒྲེང་མཁན་བརྗོད་ཀྱིས་མི་ལང་བ་བྱུང་།
   ལོ་རབས་བརྒྱད་ཅུའི་སྟོད་ནས་བཟུང་སྒྲུང་བ་སྐལ་ཁོ་ལགས་ཀྱི་མཚན་སྙན་དང་སྤྱི་ཚོགས་གོ་གནས་སྔར་ལས་མཐོན་པོར་ཕྱིན། 1981ལོའི་དཔྱིད་ཀར་རྒྱལ་ཡོངས《གེ་སར》བྱ་བའི་གྲོས་ཚོགས་པེ་ཅིན་ནས་འཚོགས་པར་གདན་འདྲེན་བྱས་ཀྱང་ཕ་དྲིན་ཅན་ཚེ་ལས་འདས་ཏེ་བདུན་ཁ་མ་གང་བས་ཚོགས་འདུར་ཞུགས་མ་ཐུབ།
   1981ལོར་ཀན་ལྷོ་ཁུལ་བོད་ཀྱི་ཟློས་གར་ཚོགས་པའི་ནང་ཁུལ་ཡོངས་སུ་སྐད་གྲགས་ཆེ་བའི་དམངས་ཁྲོད་སྒྱུ་རྩལ་བ་ཚད་ལྡན་ཅན་སྐོར་ཞིག་དགེ་རྒན་དུ་གདན་དྲངས་ཏེ་རྒྱལ་ཁབ་ཀྱི་ལས་བྱེད་པ་ངོ་མར་བསྐོ་བཞག་བྱེད་པའི་གོ་སྐབས་བཟང་བོ་ཞིག་རྙེད། ཐེངས་དེར་དམངས་ཁྲོད་ནས་གདན་འདྲེན་དགོས་པའི་མི་སྣའི་ཁྲོད་དུ་བླ་བྲང་གི་སྒྲུང་བ་གྲགས་ཅན་སྐལ་བཟང་གྲགས་པ་དང་གླུ་མ་འཇིགས་བྱེད་འཚོ། རྨ་ཆུའི་སྒྲུང་བ་སྐལ་ཁོ་སོགས་ནང་དུ་ཐེ། རྨ་ཆུ་རྫོང་གི་ཁྲོ་ཁོ་སྨད་མ་རུ་་མིང་དོན་མཚུངས་པའི་སྒྲུང་བ་སྐལ་ཁོ་ཞེས་པ་ཞིག་ཡོད་པ་སྐབས་དེའི་ཀན་སུའུ་ཞིང་ཆེན་གྱི་འགོ་གཙོ་གཞོན་པའི་འགན་བཞེས་ཡོད་པའི་ཨ་བློ་ཚང་གིས་གསན་པས་ཐད་ཀར་དུས་དེར་ཀན་ལྷོ་ཁུལ་རིག་གནས་སློབ་གསོ་ཅུས་ཀྱི་འགོ་ཁྲིད་གཙོ་བོའི་འགན་འཁུར་ཡོད་པའི་སྐུ་ཞབས་རྟ་མགྲིན་མགོན་པོར(བོད་ཀྱི་སྙན་ངག་པ་གྲགས་ཅན)སྒྲུང་བ་སྐལ་ཁོ་དགེ་རྒན་དུ་གདན་འདྲེན་དགོས་པའི་བཀའ་གནང་ཡོད་པས། དེར་རྟ་མགྲིན་མགོན་པོ་ཁོང་རང་ཉིད་དང་གཞན་གླུ་གར་གྱི་ཆེད་མཁས་མི་གཉིས་བཅས་ཆེད་དུ་སྒྲུང་བ་སྐལ་ཁོ་ཀན་ལྷོ་གླུ་གར་ཚོགས་པར་དགེ་རྒན་དུ་གདན་འདྲེན་བྱེད་པར་ཕེབས་ཡོང་། དེ་ནི་སྒྲུང་བ་སྐལ་ཁོ་རང་ལ་མཚོན་ན་སྐོམ་པ་ཆུ་འདོད་ནང་བཞིན་ཡིན་ཡང་མ་དྲིན་མོ་ཆེ་གཏན་ནས་ཡིད་འཐད་མེད་པས་གོ་སྐབས་དེ་མི་གཏོང་ཐབས་མེད་བྱུང་བས་ཡོད་ཚད་ཀྱི་རེ་བ་ཟད། ཕྱིས་སུ་རྨ་ཆུ་རྫོང་གླུ་གར་ཚོགས་པ་དང་སྨད་མ་སློབ་གྲྭའི་དགེ་རྒན་ལ་ཤིན་ཏུ་མཁོ་བར་བརྗོད་ཀྱང་། མ་དྲིན་མོ་ཆེ་སྔར་བཞིན་འཐད་པ་མེད་པས་གོ་སྐབས་རབ་དང་རིམ་པ་ལག་ནས་བཏང་། ཡིན་ནའང་། སྨད་མ་སློབ་གྲྭས་ཁོ་ལ་ཟློས་གར་ཁྲིད་དགོས་པའི་འགན་བསྐྱོན་ནས་ཁོས《དྲི་མེད་ཀུན་ལྡན》དང《སྲོང་བཙན་སྒམ་པོ》གཉིས་ཀྱི་ཟློས་གར་ཁྲིད་ཅིང་རྫོང་ཐོག་ནས་འཁྲབ་སྟོན་བྱེད་པའི་སྟབས་ལེགས་པས། ཡུན་གྱིས་སྒྲུང་བ་སྐལ་ཁོའི་ཕུགས་བསམ་གྱི་རྩ་བ་བརྟན་པོར་ཚུགས།
   1984ལོའི་ཟླ8པའི་ནང་རྒྱལ་ཡོངས《གེ་སར》བྱ་བའི་འགོ་ཁྲིད་ཚན་ཆུང་དང་བོད་ལྗོངས་ཀྱི་འབྲེལ་ཡོད་ལས་ཁུངས་ཁག་གིས་གཙོ་སྒྲུབ་བྱས་པའི་བོད་ལྗོངས་དང་མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན། ནང་སོག ཞིན་ཅང་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བདུན་ནས་ཕེབས་པའི《གེ་སར》གྱི་དམངས་ཁྲོད་སྒྲུང་བའི་འཁྲབ་སྟོན་ཚོགས་འདུ་ལྷ་ས་ནས་འཚོགས་ཤིང་ཚོགས་ཞུགས་མི་སྣ་བརྒྱད་ཅུ་ལྷག་འདུས། ཁོ་ཡང་རྨ་ཆུའི་སྒྲུང་བ་གཅོད་རྒྱལ་དང་། སྒྲུང་བ་སྐལ་བཟང་གྲགས་པ་སོགས་དང་ལྷན་དུ་ཚོགས་འདུར་ཞུགས་པའི་གོ་སྐབས་ལྡན། ཚོགས་ཐོག་ནས་ཁོ་བོའི་མི་སེམས་འགུག་པའི་སྒྲུང་བའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཁྱད་ཆོས་ཀྱིས་ཚོགས་ཞུགས་མི་སྣར་བག་ཆགས་ཟབ་མོ་ཞིག་བཞག་ལ། ཚོགས་འདུ་དེའི་སྐབས་སུ། བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་དང《གེ་སར》གཞུང་སྒྲུབ་ཁང་སོགས་ལས་ཁུངས་ཀྱིས་བོད་ལྗོངས་ཀྱི་མིང་གྲགས་ཆེ་བའི་སྒྲུང་བ་གྲགས་པ་ལགས་དགུང་ལོ་བརྒྱད་ཅུར་སོན་པའི་བརྒྱད་ཅུའི་གྱ་སྟོན་ཞིག་སྤེལ་བས། གྱ་སྟོན་གྱི་ཚོགས་ཐོག་ཏུ་ཞིང་ཆེན་དང་རང་སྐྱོང་ལྗོངས་སོ་སོ་ནས་ཕེབས་པའི་ཕུལ་བྱུང་སྒྲུང་བ་བདུན་བདམས་པའི་ནང་ཁོ་ཚུད་ཡོད་ལ་དམིགས་བསལ་གྱིས་སྒྲུང་བ་གྲགས་པའི་གྱ་སྟོན་ལ་རྟེན་འབྲེལ་ཞུ་བའི་སྒྲུང་བཤད་པར་ཁོ་ལ་སྒྲུང་བ་གཞན་དག་ལས་ཀྱང་གདེང་འཇོག་ཚད་མཐོན་པོ་ཐོབ། ཚོགས་འདུ་དེ་ནི་གླིང་སྒྲུང་གི་གནས་བབ་ལ་མཚོན་ན་ལོ་རྒྱུས་རང་བཞིན་ལྡན་པའི་ཚོགས་འདུ་ཞིག་ཡིན་ལ། སྒྲུང་བ་སྐལ་ཁོར་མཚོན་ནའང་མི་ཚེའི་རྐང་ལམ་རིང་མོར་དྲན་པའི་རིས་སུ་ཕབ་པའི་བསུབ་ཐབས་མེད་པའི་རི་མོ་ཞིག་ཀྱང་ཡིན། ཉིན་དེ་ཚོར་ཁོ་རང་རྒྱལ་ཡོངས་སུ་སྐད་གྲགས་ཆེ་བའི་དམངས་ཁྲོད་སྒྲུང་བ་དང་སྒྱུ་རྩལ་བ་མང་བོར་མཇལ་འཕྲད་དང་གླེང་མོལ་བྱེད་པའི་སྐལ་བ་ལྡན་ལ། གླུ་མ་ཚེ་བརྟན་སྒྲོལ་མ་དང་ལྷན་དུ་གར་སྟེགས་སུ་བུད་དེ་ཕོ་མོ་མཉམ་ལེན་གྱི་གླུ་དབྱངས་ལ་རོལ་ཏེ་རྒྱ་ཆེའི་གཟིགས་མོ་བའི་མིག་གི་དགའ་སྟོན་དུ་འགྱུར་བའི་གོ་སྐབས་ཀྱང་བྱུང་། ཚོགས་འདུ་དེས་སྒྲུང་བ་སྐལ་ཁོར《གླིང་གེ་སར་རྒྱལ་བོའི་སྒྲུང》གླུ་རུ་ལེན་རྒྱུའི་ཐད་བྱས་རྗེས་བཞག་པས་སྐུལ་མའི་ཆེད་དུ་གཟེངས་བསྟོད་ལག་ཁྱེར་སྤྲད་དེ་ཁོའི་སྒྲུང་བཤད་པའི་གྲུབ་འབྲས་ལ་ཐུགས་ཁུར་ཟབ་བཞེས་གནང་ཡོད།
   དེ་ནས་བཟུང་། སྒྲུང་བ་སྐལ་ཁོར་གླིང་སྒྲུང་གི་རིག་གནས་རིན་ཐང་ལ་ངོས་ཟིན་གསར་བ་ཞིག་ཐོབ་ཅིང་། དམངས་ཁྲོད་རྩེད་རིགས་ཀྱི་མཛོད་དུ་འཛུལ་བར་ཡང་སྔར་བས་བློ་སྟོབས་བསྐྱེད། རྒྱུན་པར་ཕ་ཡུལ་གྱི་སྟོན་མོ་ཆེ་ཆུང་ཅི་རིགས་སུ་ཁོམ་ལོང་ཡོད་མེད་གཉིས་ཀར་སྒྲུང་དང་གླུ། རྣམ་ཐར། འབེལ་གར། འདོགས་ར་སོགས་རིགས་གང་ལ་འཇུག་དགོས་ཀྱང་ཐོགས་པ་མེད་པར་ཉན་མཁན་ནམ་གཟིགས་མཁན་གྱི་འདོད་བློ་བསྐང་བར་བྱེད་ཀྱི་ཡོད་པས་རྩྭ་ཐང་གི་སྒྱུ་རྩལ་བ་ལྷད་མེད་་ཅིག་གི་ཆོ་ལོ་བསྩལ་ཆོག་ལ། ངང་ངམ་ཤུགས་ཀྱིས་དམངས་ཁྲོད་རིག་གནས་ཀྱི་འཛིན་སྐྱོང་སྤེལ་གསུམ་ལའང་ལག་རྗེས་འཇོག་གི་ཡོད།
   1991ལོའི་དབྱར་ཁར་སྒྲུང་བ་སྐལ་ཁོས་ཀན་སུའུ་ཞིང་ཆེན་གྱི་གླུ་གར་ཚོགས་པའི་ཚོགས་གཙོའི་ཚབ་བྱས་ཏེ་ནང་སོག་ཏུ་བསྡུས་པའི་སྐབས་བཞི་བའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་འགྲན་ཚོགས་སུ་ཞུགས་ཏེ་སྒྲུང་བཤད་པ་དང་གླུ་ལེན་པ་སོགས་ཀྱིས་རིགས་སོ་སོའི་ལྟད་མོ་བ་རྣམས་ཀྱི་མིག་གི་དཔལ་དང་རྣ་བའི་བཅུད་དུ་སྨིན།
   1993ལོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་བཞི་བཅུ་འཁོར་བའི་ཁུལ་སྟོན་གྱི་མཛད་སྒོའི་ཐོག་ཏུ་ཀན་ལྷོ་བོད་རིགས་འབྲིང་རིམ་ཆེད་གཉེར་སློབ་གྲྭའི་ཚོམས་ཁང་ནས་དུས་ཚོད་གཅིག་དང་ཕྱེད་ཀའི་རིང་ལ་སྒྲུང་བ་སྐལ་ཁོས་མི་སྒེར་གྱི་རིག་རྩལ་འཁྲབ་སྟོན་་བྱས། ཁོས་སྒྲུང་དང་གླུ། མགུར། རྣམ་ཐར་སོགས་ཅི་རིགས་ངག་གི་དབྱངས་རྟར་དྲངས་པར་ཁུལ་ཡོངས་ནས་ཕེབས་པའི་ལྟད་མོ་བ་ཁྲི་མ་འབུམ་གྱི་དགའ་བསུ་བླ་ལྷག་ཐོབ་པས། ཁོ་ལ་ཁུལ་ནས་ཁྱད་འཕགས་ཅན་གྱི་བྱ་དགའ་ཐོབ། 2004ལོར་ཡང་བསྐྱར་རྨ་ཆུ་རྫོང་དམངས་ཁྲོད་གླུ་གར་་ཚོགས་པའི་དགེ་རྒན་དུ་གདན་དྲངས། ཉེ་བའི་ལོ་འདི་གར་དགེ་རྒན་གྱི་ཕྱག་ལས་གནང་བའི་ཞོར་ལ་དམངས་ཁྲོད་རིག་གནས་འཚོལ་སྡུད་དང་དར་སྤེལ་བྱེད་པའི་ལས་ཀ་གང་མང་གི་མཇུག་སྐྱོང་བར་འབད་ནས་རྨ་ཆུ་རྫོང་གི་ཤང་སོ་སོ་དང་ཀླུ་ཆུ་རྫོང་གི་ཟམ་ཚའི་འབྲོག སི་ཁྲོན་རྔ་བ་རྫོང་དང་མཛོད་དགེ་རྫོང་གི་ས་ཆ་ཁ་ཤས་སོགས་སུ་ངལ་བ་ཁྱད་དུ་བསད་ནས་དམངས་གླུ་འཚོལ་སྡུད་བྱེད་པར་ཐེངས་མང་ཕེབས། མི་འགྱངས་པར་དམངས་གླུ་འཚོལ་སྡུད་བྱེད་པའི་དཔེ་དེབ་ཅིག་ང་ཚོའི་མིག་ལམ་དུ་འགྲེམ་ངེས། དེ་མ་ཟད་ནམ་རྒྱུན་ཁོས་འཁྲབ་གཞུང་རྩོམ་པ་དང་འཁྲབ་ཁྲིད་པ་བཅས་ཀྱི་འགན་གཅིག་ལྕོགས་ཁུར་ཏེ།《སྲོང་བཙན་སྒམ་པོ》དང《འཁྲུངས་སྐོར》སོགས་ཀྱི་འཁྲབ་ཚན་དུ་མ་རྨ་ཆུ་རྫོང་གི་ཤང་སོ་སོར་སོང་ནས་འཁྲབ་སྟོན་མཛད་ཅིང་། གཞི་རིམ་འབྲོག་པ་མང་ཚོགས་ཀྱི་རིག་གནས་པར་རྡུང་ལེན་དང་ཆང་གཞས། ཇ་མཆོད། གེ་སར་གྱི་སྐོར་བྲོ་སོགས་ཀྱི་གླུ་ཚིག་ཉི་ཤུ་ཡས་མས་བརྩམས་པ་མ་ཟད། ད་དུང《བག་སྟོན་བསམ་པའི་་དོན་གྲུབ》དང《འབྲོག་ཕྱོགས་ཀྱི་རྩེད་རིགས་སྐོར》《སྟག་གཟིག་ནོར་འགྱེད》དང་གཞན་ད་དུང་སྒྲུང་དཔེ་རྙིང་བའི་ནང་ཆེས་དཀོན་པའི《འཇང་ཕྲུག་ཙ་ལ་སྲོག་དགུ》སོགས་ཀྱི་འཁྲབ་ཚན་འགའ་དང་། 《ཁ་ཤགས》སོགས་ཀྱང་བརྩམས་དང་རྩོམ་མུས་སུ་མཆིས།
རྩོམ་སྒྲིག་པ། ཡུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།