中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > རིག་གནས་མི་སྣ >
༄༅།། སློབ་དཔོན་ཆེན་མོ་སྐལ་བཟང་ཚེ་བརྟན།
དུས་ཚོད།2016-09-22 11:27:55     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ། རྩོམ་པ་པོ། དཀའ་ཐུབ་རྒྱལ།    ཆུང་། | འབྲིང་། | ཆེ།
   སྐལ་བཟང་ཚེ་བརྟན་ནི་སྤྱི་ལོ1944ལོའི་ཟླ12ཚེས10ལ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་ཧོར་རྒྱ་སྡེ་བའི་ཞིང་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས། 1958ལོར་བསང་ཆུ་རྫོང་བོད་རིགས་སློབ་ཆུང་ནས་མཐར་ཕྱིན་ཞིང་། 1969ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཆབ་སྲིད་སྡེ་ཁག་གི་དངོས་གཞི་འཛིན་གྲྭ་ནས་མཐར་ཕྱིན། 1978ལོར་པེ་ཅིང་གློག་བརྙན་སློབ་གླིང་གི་འཁྲབ་གཞུང་ཟབ་སྦྱོང་འཛིན་གྲྭ་ནས་ལོ་ངོ་གཅིག་ལྷག་ལ་སློབ་གཉེར་གནང་། 1980ལོར་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་རྩོམ་རིག་ཁྲིད་སྦྱོང་སུའོ་ནས(ད་ལྟའི་ལུའུ་ཞུན་རྩོམ་རིག་གླིང)ལོ་ངོ་གཅིག་ཙམ་ལ་ཟབ་སྦྱོང་བྱས་པ། 1993ལོའི་ཟླ12པར་དམིགས་བསལ་གྱིས་དགེ་རྒན་ཆེན་མོའི་གོ་གནས་འཕར།
   1969ལོ་ནས1975ལོའི་བར་དུ། བསང་ཆུ་རྫོང་ཨུའི་གཞུང་སྒྲུབ་ཁང་དང་རྫོང་སྤྱི་བདེ་ཅུས། རྫོང་ཨུའི་ཆབ་སྲིད་པུའུ། རྫོང་འཕྲིན་གཏོང་ཙུའུ་སོགས་ནས་བྱ་བ་བསྒྲུབས་མྱོང་ལ། 1976ལོ་ནས1992ལོའི་བར་དུ། ཀན་ལྷོ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་རིག་གནས་འཕྲོད་བསྟེན་ཁའོ་ཡི་ཁའོ་ཀྲང་དང་། ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་པ། ཀྲུའུ་ཞི་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་མྱོང་། ཁུལ་རིག་གནས་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་། ཅུས་ཀྲང་། ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་ཁུར། 1997ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ལས་གནས་སྤར་ཞིང་། སྔ་ཕྱིར་བོད་ཡིག་སྡེ་ཁག་གི་ཀྲུའུ་རེན་དང་། སློབ་གྲྭ་དེ་གའི་ནུབ་བྱང་མི་རིགས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་བཅས་ཀྱི་འགན་ཁུར། ད་ལྟ་ཀྲུང་གོའི་གྲངས་ཉུང་མི་རིགས་སྒྱུ་རྩལ་གྱི་རབ་འབྱམས་ཞིབ་འཇུག་ཚན་ཁག་ཏུ་སྣེ་ཁྲིད་མཛུབ་སྟོན་དགེ་རྒན་གྱི་འགན་བཞེས་ཡོད།
   ད་ལྟ་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་། ཀྲུང་གོའི་གློག་བརྙན་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི་དམངས་ཁྲོད་རིག་རྩལ་བའི་མཐུན་ཚོགས་ཀྱི་ཚོགས་མི། ཀན་སུའུ་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཀན་སུའུ་ཞིང་ཆེན་གྲངས་ཉུང་མི་རིགས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་འཛིན་འགོ་གཙོ་གཞོན་པ་དང་། ཀན་སུའུ་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ལྷན་ཚོགས་ཀྱི་རྒྱུན་ལས་འགོ་གཙོ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད།
དམངས་ཁྲོད་རིག་གནས་ནི་མི་རིགས་ག་གེ་མོའི་རིག་གནས་ཀྱི་ནང་སྙིང་ལྟ་བུ་ཡིན་པས། ཁོང་གིས་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་དཀའ་སྡུག་དང་ངལ་དུབ་ཀྱི་རྡོག་ཁྲེས་ལྕི་མོ་ཕྲག་ཏུ་བླངས་ཏེ་རིག་གནས་ཀྱི་རྫོང་མཐུག་སའམ་འབྱུང་ཁུངས་ལྟ་བུའི་གཞི་རིམ་དུ་བསྐྱོད་ནས་དམངས་གླུ་དང་ལ་གཞས། ཁེད། བྱིས་སྒྲུང་། གཏམ་རྒྱུད། བཤད་པ་སོགས་འཚོལ་སྡུད་དང་། སྒྲ་ཕབ། དག་སྒྲིག པར་སྐྲུན་བཅས་ཀྱི་ལས་དོན་ལ་རྩེ་གཅིག་སེམས་ཀྱིས་གཞོལ་བས། དུས་ཡུན་རིང་བོ་ངག་རྒྱུན་དུ་གྲགས་པ་ཙམ་ལས་ཡི་གེར་འགོད་མ་ཐུབ་པའི་དམངས་ཁྲོད་རིག་གནས་ཀྱི་སྙིང་བཅུད་མང་བོ་མ་ཉམས་པར་སླར་ཡང་རྒྱ་ཆེའི་གཟིགས་མོ་བ་རྣམ་པའི་སྤྱན་ལམ་དུ་བཤམས་ཏེ་རིག་གནས་ཀྱི་བང་མཛོད་ཆེན་པོར་གཟི་བྱིན་གསར་བ་ཞིག་བསྣན་བྱུང་། དེར་བརྟེན། ང་ཚོ་ཕྱི་རབས་པ་རྣམས་ཀྱིས་ཀྱང་ཁོང་གི་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱེད་པའི་བླ་མེད་ཀྱི་ལྷག་བསམ་དང་། དཀའ་སྤྱད་ཀྱི་བློ་སྟོབས་ལ་རྗེས་སུ་ཡི་རངས་དང་མོས་གུས་བྱེད་འོས།
   1973ལོ་ནས་བཟུང་རྩོམ་རིག་བརྩམས་ཆོས་སྤེལ་འགོ་ཚུགས་ཤིང་། 1982ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་ཁོང་གི《ཨ་མདོའི་བོད་ཀྱི་ཆང་གཞས་གཅེས་བཏུས》དང《བོད་ཀྱི་གཞས་ཕྱོགས་བསྒྲིགས》《བོད་ཀྱི་དམངས་གླུ་ཕྱོགས་སྒྲིག》སོགས་པར་དུ་བསྐྲུན།
   ཁོང་གི་བརྩམས་སྒྲུང་རིང་གྲས་ཀྱི་ཕྱོགས་ནས་མཚོན་བྱེད་བརྩམས་ཆོས་ལ། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《གསེར་ཁྲིའི་ཡང་སྤྲུལ》(ཡིག་འབྲུ་འབུམ་བདུན)དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་སྒྲུང་གཏམ་འབྲིང་ཐུང་གཅེས་བཏུས《ཉིན་སྲུབ་བར་གྱི་བྲག་ཆ》(ཡིག་འབྲི་ཁྲི་གཅིག་དང་སྟོང་བདུན)1989ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《བོད་རིགས་དམངས་ཁྲོད་ཀྱི་དོན་བརྗོད་སྙན་ངག་ཕྱོགས་བསྒྲིགས》སོགས་ཡོད་ལ། སྒྱུར་རྩོམ་ལ《ལྷ་སའི་འཁང་ར》སོགས་དམངས་ཁྲོད་ཀྱི་སྙན་ངག་རིང་ཤོས་ཁག་དགུ་སྒྱུར་སྒྲིག་བྱས་ཤིང་། ཤེན་ཅིན་གནའ་གཞུང་དཔེ་སྐྲུན་ཁང་གིས་པར་དུ་བཏབ། 《ཡེ་ཤེས་སྒྲོལ་མ》(དམངས་ཁྲོད་སྙན་ངག་རིང་ཤོས་ཁག་གསུམ་སྒྱུར་སྒྲིག་བྱས་པ་དང་།)ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས1988ལོར་པར་སྐྲུན་བྱས་པའི་བོད་ཡིག་དཔེ་དེབ་དང་མི་གཞན་དང་ལྷན་དུ་སྒྱུར་སྒྲིག་བྱས་པའི་རྒྱ་ཡིག་གི《བོད་ཀྱི་གཏམ་དཔེ་ཕྱོགས་བསྒྲིགས》བཅས་ཡོད། བསྒྱུར་རྩོམ《ཡེ་ཤེས་སྒྲོལ་མ》ལ་རྒྱལ་ཡོངས་སྐབས་གཉིས་པའི་དམངས་ཁྲོད་རྩོམ་རིག་བརྩམས་ཆོས་ཀྱི་ཨང་གསུམ་པའི་བྱ་དགའ་ཐོབ་པ་དང་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཐོག་མའི་ཏུན་ཧོང་རིག་རྩལ་བྱ་དགའ་ཐོབ།
   གློག་བརྙན་འཕྲིན་ནི་ཐད་ཀར་བརྙན་ཡོལ་གྱི་སྒྱུ་རྩལ་སྤྱད་ནས་དུས་རབས་གང་རུང་ཞིག་གི་སྤྱི་ཚོགས་འཚོ་བ་ཕྱིར་མཚོན་བྱེད་པའི་མེ་ལོང་ལྟ་བུ་ཞིག་ཡིན་པས། ཁོང་གི་བསམ་པར་ཡིག་ཐོག་ཁོ་ནས་ལྗགས་རྩོམ་གནང་ན་རིག་གནས་པའི་སྡེ་མ་གཏོགས་ཡིག་རྨོངས་པའི་སྡེ་ལ་ཕན་ཐོགས་ཆུང་བར་དམིགས་ནས། མི་དང་རང་བྱུང་། མི་དང་མིའི་བར། མིའི་ནང་སེམས་དང་ཕྱིའི་ཀུན་སྤྱོད་སོགས་ཀྱི་འགལ་འབྲེལ་གསལ་བར་བསྟན་ཐུབ་ཕྱིར། ཁོང་གིས་ངལ་བ་ཁྱད་གསད་ཀྱིས་ཆོས་ལུགས་དང་། རིག་གནས། སློབ་གསོ། དཔལ་འབྱོར་སོགས་ཀྱི་བརྗོད་དོན་རྣམས་ཕྱོགས་གཅིག་ཏུ་དྲིལ་ནས་ལྟ་འདོད་ཅིང་ཉན་སྤྲོ་བའི་གློག་བརྙན་དང་བརྙན་འཕྲིན་མང་བོ་ཕབ་བསྐྲུན་བྱས། དེ་དག་ལས་ཁོང་ཉིད་ཀྱིས་རང་གི་མི་རིགས་ལ་བརྩེ་བའི་མདུད་པ་ནམ་ཡང་ལྷོད་མེད་པར་སྤྱི་ཚོགས་ཀྱི་གནད་དོན་མང་བོར་མུ་མཐུད་དུ་ཐུགས་གཞིགས་ཟབ་མོ་ཞིག་གནང་གིན་ཡོད་པ་རྟོགས་ཐུབ།
   འཁྲབ་སྒྲིག་བྱས་པའི་བརྙན་འཕྲིན་ཟློས་གར་ལ《ཤམ་བྷ་ལར་བསྐྱོད་པ》(ལེའུ་གསུམ།)《ལྷ་སར་བསྐྱོད་པ》(ལེའུ་བརྒྱད།)《ལྷོ་ཡི་དྲི་བཞོན》ཞེས་པའི་ཟློས་གར་རྐྱང་བ་བཅས་ཡོད་ལ། ཁོང་གི་གློག་བརྙན་བརྙན་འཕྲིན་རྩོམ་རིག་གཅེས་བཏུས《ལྷ་སར་སྨོན་པ》(ཡིག་འབྲུ་ཆིག་འབུམ་གསུམ་ཁྲི)།ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཡོད།
   ཁོང་གི་དངོས་བྲིས་གློག་བརྙན《ཀྲུང་གོའི་བོད་རིགས་སྒྱུ་རྩལ་བང་མཛོད》དང《བླ་བྲང་དགོན་པ》《བསང་ཁོག་རྩྭ་ཐང》བཅས་རིག་གནས་པུའུ་ཡིས་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་པའི་གློག་བརྙན་བརྩམས་ཆོས་སུ་འདེམས་ནས་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཁང་ལ་སྐྱེལ་ཡོད།
   ཁོང་གི་ཆེད་སྒྲིག་བརྙན་འཕྲིན《བོད་བརྒྱུད་ནང་བསྟན》(ལེའུ་སུམ་ཅུ་ཅན)དང《ཀན་ལྷོའི་བོད་ཁུལ་གྱི་ཡུལ་སྐོར་ཟིན་ཐོ》བཅས་ཁྱོན་བསྡོམས་ཁོང་གིས་གློག་བརྙན་འཕྲིན་གྱི་བརྩམས་ཆོས་ལྔ་བཅུ་ལྷག་སྤེལ།
བརྙན་འཕྲིན་ཟློས་གར《ཤམྦྷ་ལར་བསྐྱོད་པ》ཞེས་པར1994ལོའི་རྒྱལ་ཁབ་ཀྱི"ལྔ་གཅིག་བཟོ་སྐྲུན་བྱ་དགའི"རྣམ་གྲངས་བཞི་ཅན་གྱི་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ། 《རེ་སྨོན་ཁྲོད་ཀྱི་ལྷ་ས》ཞེས་པར1998ལོར་རྒྱལ་ཁབ་གྲངས་ཉུང་མི་རིགས་ཀྱི"རྟ་མཆོག་རྟགས་མའི"བརྙན་འཕྲིན་བརྩམས་ཆོས་ཀྱི་བྱ་དགའི་རིམ་པ་གཉིས་པའི་རྣམ་གྲངས་གསུམ་ཐོབ། བརྙན་འཕྲིན་པར་གཞི་དང་དངོས་བྲིས་གློག་བརྙན། 《ཀྲུང་གོའི་བོད་རིགས་སྒྱུ་རྩལ་བང་མཛོད》དང《བླ་བྲང་དགོན་པ》སོགས་ལ་རྒྱལ་སྤྱིའི་ཡུལ་སྐོར་དཔྱད་འདེམས་ལས་རྣམ་གྲངས་བཞིའི་བྱ་དགའ་ཐོབ།
   ཁོང་གི་ལྷན་སྐྱེས་ཀྱི་རིག་པ་རྣོ་བའི་ཁར་དཀའ་སྤྱད་ཀྱི་བརྩོན་པ་ཆེ་བར་བརྟེན་མི་ལོ་མང་བོར་གངས་ལྗོངས་ཀྱི་སྲིད་འབྱོར་རིག་གསུམ་གྱི་ཕྱོགས་ནས་ཁོས་དཔྱད་རྩོམ་དང་གསུང་རྩོམ་མང་བོ་ལྗགས་རྩོམ་གནང་བ་ལ་ལུང་གི་རྒྱབ་བརྟན་སྲ་ཞིང་། རིགས་པའི་རྣོ་ངར་ཆེ་ཆེར་ལྡན་ལ། ཐུན་མིན་གྱི་ལྟ་བ་མངོན་པར་གསལ་བའི་ཁྱད་ཆོས་འབུར་ཐོན་དུ་ཡོད། ལྷག་པར་དུ་ནང་བསྟན་ཆོས་ལུགས་ཀྱི་འཕེལ་འགྱུར་དང་། བོད་ཀྱི་ཡུལ་སྲོལ་གོམས་འདྲིས་དང་རྒྱན་གོས་རིག་གནས། འཚོ་བ་རོལ་སྟངས། འདུ་ཤེས་འཛིན་སྟངས། རིན་ཐང་གི་ལྟ་བ། མཛེས་དཔྱོད་ཀྱི་ལྟ་བ་སོགས་ཕྱོགས་གང་ཅིའི་ཐད་ནས་བོད་རིག་པའི་ཞིབ་འཇུག་གི་ཁྲོད་ནས་ཐོད་བརྒལ་ཆེན་པོ་བྱུང་ཡོད་པར་བརྟེན། རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་མང་བོས་བསྔགས་བརྗོད་དང་གདེང་འཇོག་ཚད་མཐོན་པོ་གནང་མྱོང་།
   རིག་གཞུང་ཞིབ་འཇུག་དང་སྤྱི་ཚོགས་ཚན་རིག་གི་ཆེད་རྩོམ་གྱི་མཚོན་བྱེད་བརྩམས་ཆོས་ལ། ཆོས་ལུགས་རིག་གནས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《ཀྲུང་གོའི་བོད་བརྒྱུད་ནང་བསྟན》(ཡིག་འབྲི་ཁྲི་བཞི་ཅུ་ལྷག)བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《བོན་ཆོས་རྣམ་བཤད》(ཡིག་འབྲུ་ཁྲི་བཞི་ལྷག) ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་དཔེ་ཚོགས《གངས་ལྗོངས་བོད་ཀྱི་རིག་གནས་དངོས་མང་བཤམས་སྟོན་དཔེ་ཚོགས》དང《བྱ་གཏོར་བོད་ཀྱི་དུར་འཇུག་རིག་གནས》(ཡིག་འབྲུ་འབུམ་གཅིག་ཁྲི་གསུམ)《གངས་ལྗོངས་ཀྱི་དུས་ཆེན་རིག་གནས》(ཡིག་འབྲི་ས་ཡ་དགུ་འབུམ་གཅིག་ཁྲི་ལྔ)《མཚོ་བོད་མཐོ་སྒང་གི་འབྲོག་པའི་གོམས་སྲོལ་རིག་གནས》(ཡིག་འབྲུ་འབུམ་གཅིག་དང་ཁྲི་གསུམ)《བོད་བརྒྱུད་ནང་བསྟན་རིག་གནས་རགས་བཤད》(ཡིག་འབྲུ་འབུམ་གཅིག)《བོད་ཀྱི་ཤེས་རིག་ཀུན་གླེང》 (ཡིག་འབྲུ་འབུམ་གཅིག)《བསྐལ་བ་ཡ་ཐོག་གི་བོད་ཀྱི་སྤྱི་ཚོགས་དང་གླིང་གེ་སར་གྱི་དུས་རབས》 (ཡིག་འབྲུ་ཁྲི་བཅུ་གཅིག) ཡུན་ནན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《ནུབ་རྒྱུད་ཡུལ་ལྗོངས་ཀྱི་བཀོད་པ་ལས་ཀན་སུའུ་ཞིང་ཆེན་ཀན་ལྷོའི་ཡུལ་སྲོལ་གོམས་གཤིས་ཀྱི་སྐོར》(ཡིག་འབྲུ་ཁྲི་གཅིག)དངོས་སུ་ལག་བསྟར་བྱེད་པའི་རིག་རྩལ་ཞིབ་འཇུག་གི་བརྗོད་གཞི་ལ། རྒྱལ་ཡོངས་སྒྱུ་རྩལ་ཚན་རིག་འཆར་འགོད་ཀྱི་ཆོག་མཆན་ཐོབ་པའི་རྣམ་གྲངས་ཅན《བོད་བརྒྱུད་ནང་བསྟན་སྒྱུ་རྩལ་གྱི་གཞུང་ལུགས་གནད་བསྡུས》ཀན་སུའུ་སྤྱི་ཚོགས་ཚན་རིག་གི་གལ་ཆེའི་རོགས་དངུལ་ཐེབས་པའི་རྣམ་གྲངས་ཅན《ཆོས་ལུགས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་གོ་གནས་དང་ནུས་པ》སོགས་རྣམ་གྲངས་གསུམ་ཡོད། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གི་རྣམ་གྲངས་ཅན《ཀན་སུའུ་གྲངས་ཉུང་མི་རིགས་ཀྱི་རིག་གནས་བདེ་འཇགས་ཞིབ་འཇུག》སོགས་ཡོད།
   རིག་རྩལ་ཆེད་རྩོམ་སོགས་བསྡོམས་པས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་བྱ་དགའ་ཐེངས་བཞི་བཅུར་ཉེ་བ་ཐོབ་མྱོང་། ཆེད་རྩོམ《དུར་མཆོད》ལ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་ཆོག་མཆན་འོག་བཙུགས་པའི་ཀྲུང་གོའི་དམངས་ཁྲོད་རིག་རྩལ་རི་སྐྱེས་མེ་ཏོག་རྟགས་མའི་རིག་གཞུང་བརྩམས་ཆོས་ཐོག་མའི་ཨང་གསུམ་པའི་བྱ་དགའ་ཐོབ། 《གངས་ལྗོངས་དུས་ཆེན་རིག་གནས་ཀྱི་གནས་ཚུལ》དང《མཚོ་བོད་ས་མཐོའི་འབྲོག་མིའི་རིག་གནས》གཉིས་ལ2001ལོར་ཀན་སུའུ་ཞིང་ཆེན་ཕུལ་བྱུང་པར་རིས་དཔེ་གཞིའི་བྱ་དགའ་ཐོབ། །
རྩོམ་སྒྲིག་པ། ཡུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།