中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > རིག་གནས་མི་སྣ >
༄༅།། རིག་གནས་པ་མགོན་པོ་དབང་རྒྱལ།
དུས་ཚོད།2016-10-19 15:16:07     རྩོམ་གྱི་ཡོང་ཁུངས།མདོ་ལྷོ་དྲ་བ། རྩོམ་པ་པོ། བཀྲ་ཤིས་ཚེ་རིང་།    ཆུང་། | འབྲིང་། | ཆེ།
   མགོན་པོ་དབང་རྒྱལ་ནི1948ལོའི་ལུགས་རྙིང་གི་ཟླ་བཅུ་བར་ཅོ་ནེ་རྫོང་ལྦ་དམར་ཤང་ས་དམར་སྡེ་ཆེན་གྱི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། ལོ་རབས་ལྔ་བཅུ་བའི་ནང་བྱིས་པ་གཞན་པ་སློབ་གྲྭར་ཞུགས་ཏེ་དཔེ་ཆ་ཀློག་ནའང་ཁོ་བོ་གྲལ་རིམ་མཐོ་བའི་རྐྱེན་གྱིས་འུར་ཆ་ལག་ཏུ་བཟུང་ནས་བཙག་བསེར་བུའི་ནང་དུ་སྤྱི་གཞུང་གི་ཟོག་རྫིར་མངགས། 1960ལོར་ད་གཟོད་སློབ་གྲྭར་ཞུགས་ཐུབ་པ་བྱུང་། སྐབས་དེར་འཚོ་བར་ལྟོགས་སྐོམ་བྱུང་སྟེ་རྩམ་པ་ཉུང་ཤས་དང་ལྡུམ་རིགས་སྔོ་རིགས་ལ་བརྟེན་ནས་དཀའ་སྡུག་གི་འཚོ་བ་མྱོང་དགོས་བྱུང་ཞིང་། སློབ་ཆུང་ལོ་རིམ་གསུམ་པའི་སློབ་སྐབས་དང་བོ་ནས་སློབ་མཚམས་ཆད།
   1963ལོར་ཁོ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོས་བསྡུ་ལེན་བྱས་ཏེ་སྐད་ཡིག་ཚན་ཁག་གི་བོད་རྒྱ་སྐད་ཡིག་འཛིན་གྲྭ་འགྲིམ། སློབ་སྦྱོང་གི་རྨང་གཞི་ཞན་པས་ཁོས་གཞན་ལས་ལྷག་པའི་དཀའ་བ་གང་མང་སྤྱད་དེ་སྔ་གཞུག་ཏུ《ཞིན་ཧྭ་མིང་མཛོད་ཆུང་བ》དང《བོད་རྒྱ་ཤན་སྦྱར་ཚིག་མཛོད》སོགས་བློར་བཟུང་། 1966ལོར་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་སྤེལ་སྐབས་སུ་རྨ་ཆུ་རྫོང་མཚེ་རུ་མ་ཤང་མཚེ་རུ་མ་སྡེ་བར་མངགས་ནས་ཕྱུགས་ལས་ཐོན་སྐྱེད་གཉེར་བཞིན་མང་ཚོགས་དང་མཉམ་ཟ་མཉམ་འཐུང་མཉམ་ལས་བྱས། 1968ལོར་སློབ་མཐར་ཕྱིན་རྗེས། མའོ་ཀྲུའུ་ཞིས"ན་གཞོན་ཤེས་ཡོན་ཅན་གྲོང་གསེབ་ཏུ་སོང་ནས་འབྱོར་མེད་གྲལ་རིམ་གྱི་སློབ་གསོ་ཡང་བསྐྱར་དང་ལེན་བྱ་དགོས"ཞེས་པའི་སྐུལ་ཁྲིད་འོག་གྲོང་གསེབ་ཏུ་སོང་ནས་ལོ་བརྒྱད་དང་ཟླ་བཅུའི་རིང་མང་ཚོགས་དཀྱུས་མ་དང་རྩིས་གཉེར་བ། དྲུང་ཡིག ལས་གྲངས་འགོད་མཁན། དམངས་སྒྲུབ་དགེ་རྒན་བཅས་ཀྱི་ལས་ཀ་གཉེར།
   1975ལོའི་ལོ་མཇུག་ཏུ་སློབ་གྲོགས་ཚོའི་མཚམས་སྦྱོར་རོགས་རམ་ལ་བརྟེན་ནས་ཁུལ་ཨུའི་དྲུང་ཡིག་ཁྲུའུ་ལོ་ཙཱའི་ཚན་ཁག་ཏུ་ལས་བྱེད་ཀྱི་བྱ་བ་བྱེད་འགོ་བརྩམས། 1978ལོ་ནས1979ལོའི་བར་སྔ་གཞུག་ཏུ་ཅོ་ནེ་རྫོང་ལྦ་དམར་ཤང་དང་སྤོས་ལུང་ཤང་དུ་སྤྱི་ཚོགས་རིང་ལུགས་ལམ་ཕྱོགས་སློབ་གསོ་སྤེལ་བའི་གྲས་སུ་ཞུགས། ས་དེའི་མང་ཚོགས་མང་ཤས་དབུལ་ཞིང་ཕོངས་གཤིས། འཚོ་བ་ངན་ངོན་ལ་རོལ་བས་ཁོ་བོའི་ཡིད་མནར་ཏེ་རང་ཉིད་ཀྱི་གྱོན་ཆས་སོགས་ཁྱིམ་ཚང་དག་ལ་སྦྱིན་པ་མ་ཟད། ཆད་འབྲུ་སྤྲོད་མི་དགོས་ཤིང་བཟའ་འབྲུ་བགོ་བཤའ་རྒྱག་ཏུ་བཅུག་ནས་ཁོ་ཚོར་དཀའ་ཁག་སེལ་རོགས་བྱས། དེའི་རྗེས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ཟབ་སྦྱོང་དུ་ཕྱིན་པ་དང་།  ཡང་ཀན་ལྷོ་མི་རིགས་མཐོ་རིམ་འབྲིང་རིམ་ཆེད་གཉེར་འཛིན་གྲྭར་རྒྱུགས་འཕྲོད་དེ། སྔ་གཞུག་ཏུ་དཀོན་མཆོག་ཚེ་བརྟན་དང་ཧོ་ཏེ་རུང་། ཆོས་མཐར། བསེ་ཚང་བློ་བཟང་དཔལ་ལྡན། སྨོན་ལམ་རྒྱ་མཚོ། ཉ་ཚེ་བསོད་ནམས་ཚེ་རིང་སོགས་དགེ་རྒན་དུ་བསྟེན་ནས་ཤེས་བྱའི་རྒྱ་མཚོའི་འཇིངས་སུ་ཤེས་རིག་གི་ཉིང་བཅུད་ལ་ཅི་དགར་རོལ་ཅིང་། བོད་རྒྱ་ཡིག་རིགས་ཀྱི་རྨང་བརྟན་པོ་བཏིངས།
   1982ལོར་རྩ་འཛུགས་ཀྱིས་ཁུལ་ཨུའི་ཡིག་སྒྱུར་ཚན་ཁག(ལོ་དེར་ཁུལ་ཡིག་སྒྱུར་ཅུས་སུ་བསྒྱུར།)གི་ཁའོ་ཀྲང་གཞོན་པར་བསྐོས་ཤིང་། ལས་བཟོ་བ་ཚང་མ་དང་མཉམ་དུ་བོད་ཀྱི་སྐད་ཡིག་བྱ་བ་སླར་གསོ་བགྱིས་ཏེ་རྣམ་པ་གསར་བ་བཏོན་པར་འབད་འབུངས་སྒོས་གོང་རིམ་ནས་བསྐྱོན་པའི་ཚན་ཁག་ཆེ་བཞིའི་འགོ་ཁྲིད་ཀྱི་གཏམ་བཤད་དང་སྙན་ཞུ། དྲིལ་སྒྲོག་ཡིག་རིགས་སོགས་ཡིག་སྒྱུར་བྱས་ལ《མདོ་སྨད་ཆོས་འབྱུང》སྣུམ་པར་དུ་བཏབ། 1984ལོའི་ཟླ10བར་ཡིག་སྒྱུར་ཁང་གི་ཀྲུའུ་རེན་གཞོན་པར་བསྐོས་ཕྱིན་བོད་ཡིག་གནའ་དཔེ་བསྡུ་སྒྲིག་གི་ལས་འགན་འཁུར། སྔ་གཞུག་ཏུ《སྡེ་དགེ་བཀའ་འགྱུར》དང《རྙིང་མ་བའི་གསུང་འབུམ》སོགས་བསྡུ་སྒྲིག་བྱས། གཞན་ཡང《བསླབ་བྱ་གཅེས་བཏུས》དང《བོད་ཀྱི་གནའ་བོའི་སྐྱེས་ཆེན་ལོ་ཙཱ་བའི་མཚན་བྱང》 《དག་ཡིག་འདེམས་སྒྲིག》 《ཉམས་མྱོང་རྒན་པོའི་འབེལ་གཏམ》 《རིག་གནས་བཅུའི་གསལ་འགྲེལ》སོགས་དེབ་དགུ་འཚོལ་བསྡུ་དག་སྒྲིག་བྱས་ཏེ་བོད་ཀྱི་ཕུལ་བྱུང་རིག་གནས་མྱུར་སྐྱོབ་དང་རྒྱུན་འཛིན་གོང་འཕེལ་གཏོང་བའི་མགོ་བཟང་བོ་བརྩམས། 1983ལོར་ཀན་ལྷོའི་གསར་འགྱུར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པར་བསྐོས་ཏེ《ཀན་ལྷོའི་བོད་ཡིག་གསར་འགྱུར》ལ་ལས་བགོས་བདག་དམ་བྱས། སྐབས་དེར་ཟིང་བཅོས་ཡོ་བསྲང་གི་དུས་སྐབས་དངོས་ལ་འཁེལ་བས་བོད་ཡིག་ཚགས་པར་ལ″རིག་གསར″གྱི་རྐྱེན་ངན་གྱིས་བོད་ཡིག་གི་ཚིག་རྒྱན་དང་དག་ཡིག་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད། བོད་རིགས་བཟོ་ཞིང་དམག་གི་སློབ་གྲྭ་ཆེན་མོ་བ་རེ་འགས་བཟོད་གླགས་བྲལ་བའི་ཚིག་གི་ངན་རྒོལ་གྱི་སྦྱོར་བ་བརྩམས་ཡང་ཁོས་རྒྱ་རིགས་རྩོམ་སྒྲིག་པ་དབྱང་ཀྲན་ཚའེ་དང་ཅི་ཐེན་ཚའེ། ལིའུ་ཀྲི་ཞན་བཅས་ཁོའི་ཕྱོགས་སུ་བླངས་ཏེ་མཉམ་དུ་སྐབས་དེའི་མ་དག་རྒྱུན་འབྱམས་སུ་གྱུར་པའི་རྣམ་པར་ཡོ་བསྲང་བྱས་ཤིང་། བོད་ཡིག་ཚགས་པར་གྱི་གསར་འགྱུར་རང་བཞིན་དང་ཤེས་བྱའི་རང་བཞིན། ཡིད་དབང་ཕྱོགས་པའི་རང་བཞིན་འཚོལ་སྙེགས་བྱེད་བཞིན་རང་རྩོམ་རང་སྒྲིག་གི་ལམ་དུ་བསྐྱོད་པ་དང་། རིག་རྩལ་ལེ་ཚན་སོགས་ཇུས་འགོད་ཁ་སྣོན་བྱས་ནས་མི་རིགས་ས་ཁོངས་རང་སྐྱོང་གི་སྲིད་ཇུས་དྲིལ་བསྒྲགས་དང་། ཀན་ལྷོའི་བོད་རིགས་སློབ་གསོར་ཞིབ་འཇུག་གྲོས་བསྡུར། ལོ་རྒྱུས་དཔྱད་ཡིག་དང་ཚན་རིག་ཤེས་བྱ། ཁྲིམས་ལུགས་ཁྲིམས་སྲོལ་ཤེས་བྱ་སོགས་ཇུས་འགོད་བྱས་པས《ཀན་ལྷོའི་གསར་འགྱུར》ཅུང་བཟང་བའི་དུས་སྐབས་སུ་བསླེབས།
   1992ལོར་ཁོས་ཀན་ལྷོ་ཁུལ་སྲིད་གྲོས་ཀྱི་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་ཨུ་ཡོན་ལྷན་ཁང་དུ་བྱ་བ་གཉེར། སྔོན་ཆད་གསར་འགྱུར་ཁང་དུ་ཆེད་རྩོམ་སྤེལ་མྱོང་བས་ལོ་ཙཱའི་མཐོ་རིམ་གཞོན་པའི་ཆེད་ལས་གོ་གནས་སྤར་བའི་ཚད་ལོངས་ཡང་གོང་རིམ་ནས"མཚན་འཛིན་སྒྱུར་ཞུས་གཞོན་པའི"ཐོབ་ཐང་དུ་བཅོས། འོན་ཏེ་ཁོས་རང་ཁུལ་གྱི་ལོ་རྒྱུས་ཡིག་རིགས་འཚོལ་བསྡུ་དང་རྩོམ་འབྲིའི་ལས་ལ་ཉིན་མཚན་དབྱེར་མེད་དུ་འབད་འབུངས་བགྱིས་ཏེ་སྔ་གཞུག་ཏུ་ཀན་ལྷོ་ཁུལ་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དཔྱད་ཡིག་ལས《ཀན་ལྷོའི་བོད་བརྒྱུད་ནང་དགོན་ལོ་རྒྱུས་མདོར་བསྡུས》དེབ་བར་ཆ་དང་སྨད་ཆ། 《ཀན་ལྷོའི་བོད་ཀྱི་ཚོ་ཤོག་ལོ་རྒྱུས》 《ཁྲི་ཆེན་བླ་མ་རབ་བརྟན་རྒྱ་མཚོ་སྐུ་ཕྲེང་བཞི་བའི་མཛད་རྣམ》 《ཀན་ལྷོའི་བོན་དགོན་ལོ་རྒྱུས་མདོར་བསྡུས》 《ཀན་ལྷོའི་སྲིད་གྲོས་ལོ་རྒྱུས》 (རྒྱ་ཡིག)སོགས་རྩོམ་ཞུས་དང་རྩོམ་སྒྲིག་གནང་། དེ་བཞིན་དུ་ཁོ་བོའི་དཀའ་ལས་ལས་ཐོན་པའི་འབྲས་བཟང་ལ་སྲིད་གྲོས་འགོ་ཁྲིད་ཀྱིས་གདེང་འཇོག་འོས་འཚམ་གནང་སྟེ1998ལོར་རྫོང་རིམ་ལས་བྱེད་པའི་གོ་གནས་བསྐོས། དེ་བས་ཀྱང་སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ཆ་ནས་ཁུལ་གྱི་སྤྱི་ཚོགས་ལས་རིགས་སོ་སོའི་འཕེལ་རྒྱས་ཐད་ཐབས་འདོན་ཇུས་འབུལ་གྱི་འགན་དབང་སྤྱད་དེ་མང་ཚོགས་ཀྱི་རེ་བཅོལ་སེམས་སུ་བཅངས་ནས་དོན་བཟང་མང་བོ་བསྒྲུབས། 1998ལོའི་དགུན་དུས་ཀྱི་ཉིན་ཞིག་ལ་མི་གཞན་ལ་རོགས་བྱེད་སྐབས་རླངས་འཁོར་གྱི་བགེགས་ལ་འཕྲད་ནས་དཔུང་བ་གཡས་པར་ཆག་སྐྱོན་བཏང་། རུས་མཐུད་གཤགས་བཅོས་བྱས་ཀྱང་དཔུང་བའི་མཉེན་ཆ་ཞན་སྟབས་རྩོམ་འབྲི་ལ་བགེགས་ཐེབས། ཡིན་ཡང་ཁོ་བོས་ཨམ་བཙིགས་བསྡམས་ཏེ་ན་ཟུག་བསྲན་བཞིན་བྱ་བ་མཚམས་མ་བཞག
   ཚེ་ཡི་འདུ་བྱེད་མ་སྟོང་གི་བར་དུ་རང་ནུས་ཅི་མཆིས་གཞན་དོན་དུ་སྤྱད་དེ་ཕ་ཡུལ་མཐོ་སྒང་ལ་རང་ཉིད་ཀྱི་ཞབས་རྗེས་འགོད་རྒྱུ་ནི་མི་ཚེའི་དམ་བཅའ་ཡིན"ཞེས་ཁོང་གིས་ཚམ་ཚོམ་མེད་པར་བཤད། ཁོའི་ཆུང་དུས་ནས་བཟུང་བའི་ཕུགས་འདུན་ནི་སྨན་པ་ཞིག་བྱས་ནས་མི་རྣམས་ཀྱི་ན་ཚའི་སྡུག་བསྔལ་བསལ་ཐུབ་ན་དགེ་བ་བསམ་གྱིས་མི་ཁྱབ་པར་འདོད་དེ། 1980ལོ་ནས་བཟུང་རང་འཁྲིའི་བྱ་བ་སྒྲུབ་ཞོར་དུ་བོད་ཀྱི་གསོ་རིག་དང་ཀྲུང་དབྱི་གསོ་རིག་གི་དཔེ་ཆ་གང་མང་བཀླགས་ཏེ《བོད་ཀྱི་གསོ་རིག་ཐ་སྙད་རྒྱ་བོད་ཤན་སྦྱར》ཞེས་པའི་དེབ་ཅིག་འཚོལ་བསྡུ་བྱས་ཏེ་སྣུམ་པར་དུ་བརྒྱབ་མྱོང་ཡང་རྐྱེན་དབང་གིས་བོར་སོང་། དེའི་ཕྱིས་ཁོས་ཕྱོགས་གཅིག་ནས་བོད་རྒྱ་ཡིག་སྒྱུར་གྱི་ཆེད་ལས་ཤེས་བྱ་སྦྱང་ཞོར་དུ་གསར་འགྱུར་དང་ཚན་རིག་ཤེས་བྱ། གློག་བརྙན་འཁྲབ་གཞུང་སོགས་བསྒྱུར་ཅིང་། ཕྱོགས་གཞན་ཞིག་ནས་སྙན་ངག་དང་ལྷུག་རྩོམ། བརྩམས་སྒྲུང་། འཁྲབ་གཞུང་། དཔྱད་རྩོམ་སོགས་བོད་ལྗོངས་དང་མཚོ་སྔོན། སི་ཁྲོན་དང་རང་ཁུལ་གྱི་རྩོམ་རིག་དུས་དེབ་ཏུ་བཀོད། བརྩམས་ཆོས་གཙོ་བོར་མི་ལ་རས་པའི་རྣམ་ཐར་ལྟར་བསྒྲིགས་པའི་འཁྲབ་གཞུང《ཐུན་མོང་མ་ཡིན་པའི་ཚེ་གཅིག》དང་བྱ་སྤྲེལ་གཏམ་རྒྱུད་ལྟར་བསྒྲིགས་པའི་འཁྲབ་གཞུང《གྱོད》སོགས་དང་ཡིག་སྒྱུར་བརྩམས་ཆོས་ལ་གློག་བརྙན《ཞི་ཨན་དོན་རྐྱེན》དང་ཆུའེ་ཡོན་གྱི《བགེགས་གདུང》སོགས་བོད་འགྱུར་དང་། 《ཁྱད་པར་འཕགས་བསྟོད》དང《ལྷ་ལས་ཕུལ་བྱུང་གི་བསྟོད་པ》རྒྱ་འགྱུར་ཅན་ཡོད། བརྩམས་སྒྲུང《བདེ་སྐྱིད་ཀྱི་ལམ་ལ་ཆས་པ》ཞེས་པར་ཞིང་ལྗོངས་ལྔ་དང་ཀན་སུའུ་ཞིང་ཆེན་གྱི་རྩོམ་རིག་གསར་རྩོམ་བྱ་དགའ་རིམ་པ་གསུམ་པ་དང་གཉིས་པ་ཐོབ། རིག་རྩལ་དཔྱད་གླེང《རྗེ་བཙུན་མི་ལ་རས་པ་དང་དེའི་མགུར་འབུམ་ལ་དཔྱད་པ》དང་བཅས་པའི་བོད་ཀྱི་སྐད་ཡིག་དང་མི་རིགས་སློབ་གསོ། ཡིག་སྒྱུར་གཞུང་ལུགས། ཀན་ལྷོའི་དམངས་སྲོལ་དང་འབྲེལ་བའི་དཔྱད་རྩོམ་མང་དག《ཀྲུང་གོའི་བོད་ཀྱི་ཤེས་རིག》དང《ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ》《ཨ་མདོ་ཞིབ་འཇུག》སོགས་སུ་བཀོད། ཁོང་ལ་རྩོམ་གཞན་པ་ཡང《མར་ལེ་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་བསླབས་པའི་ཚོར་སྣང》དང《བོད་ཀྱི་ལོ་ཙཱའི་གཞུང་ལུགས་དང་ལག་ལེན་ལ་དཔྱད་པ》《བོད་ཀྱི་གསར་འགྱུར་གོང་འཕེལ་དང་ཚད་གཞི》 《ཡུན་ནན་ཞིང་ཆེན་བོད་རིགས་ཀྱི་ལོ་རྒྱུས་མདོར་བསྡུས》 《བླ་བྲང་དགོན་པ་དང་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་རིམ་བྱོན》《ཀན་ལྷོའི་གཙང་གཅིག་ཆུ་གཉིས་ཡུལ་གྱི་གོམས་སྲོལ》《ས་སྐྱ་ལེགས་བཤད་ཀྱི་བསམ་བློ་དང་སྒྱུ་རྩལ་གྱི་ཁྱད་ཆོས》སོགས་མཆིས། ད་དུང《རྒྱལ་རབས་ལོ་ཚིགས་ཤེས་བྱ་མང་འདུས》དང《གངས་ཅན་ཟློས་སྒྲའི་ཚིག་ཚོགས་རྣམ་པར་བརྒྱན་པ་དབྱིག་གི་མཛོད》པེ་ཅིན་མི་རིགས་དཔེ་སྐུན་ཁང་གིས་པར་དུ་བསྐྲུན་ཅིང་། 《ཅོ་ནེ་ས་སྐྱོང་གི་ལོ་རྒྱུས་ཀླུ་ཆུ་སྔོན་མོའི་གྱེར་དབྱངས》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ་དང་། 《ཆོས་ཀྱི་རྣམ་གྲངས་ཤེས་བྱའི་ནོར་གླིང་འཇུག་པའི་གྲུ་གཟིངས》ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།《ཀན་སུའུ་བོད་ཀྱི་ལོ་རྒྱུས་འཕེལ་རིམ་དང་རིག་གནས་གོམས་སྲོལ་རྒྱས་པར་བཤད་པ་རྨ་ཀློང་དལ་འགྲོའི་རླབས་ཕྲེང》ཀན་ལྷོའི་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དཔྱད་ཡིག་ལྟར་ནང་ཁུལ་དུ་བཀྲམ། 《མགོན་པོ་དབང་རྒྱལ་གྱི་རྩོམ་ཐོར་བུ》དེབ་གསུམ་ནང་ཁུལ་བརྗེ་རེས་ཀྱི་ཚུལ་དུ་པར་དུ་བསྐྲུན། ཡང་ཁོ་དང་ཀླུ་ཚང་རྡོ་ཕྲུག་སོགས་ཀྱིས་ཐུན་མོང་དུ་རྩོམ་འབྲི་གནང་བའི《ཀྲུང་གོའི་བོད་བརྒྱུད་ནང་བསྟན་དགོན་པའི་ལོ་རྒྱུས་ལས་ཀན་སུའུ་ཡི་གླེགས་བམ》བོད་རྒྱ་དེབ་གཉིས་ཡང་པར་དུ་བསྐྲུན་ནོ།།
རྩོམ་སྒྲིག་པ། ཡུམ་ཚེ་རིང་།
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།