中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > རིག་གནས་མི་སྣ >
༄༅།། རྩོམ་པ་པོ་བཀྲ་ཤིས་དོན་གྲུབ།
དུས་ཚོད།2016-10-31 15:40:37     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ། རྩོམ་པ་པོ། ཚེ་དོན།    ཆུང་། | འབྲིང་། | ཆེ།
   བཀྲ་ཤིས་དོན་གྲུབ(མིང་གཞན་ལ་ཅཱ་ཏུང་ཧྥུན་ཟེར)ནི1950ལོར་ཀན་སུའུ་ཅོ་ནེ་རུ་སྐྱེས། ཆུང་དུས་ནས་སློབ་གྲྭ་འགྲིམ་པའི་སྐལ་བ་ལྡན་པས1974ལོར་ཀན་ལྷོ་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན།  སློབ་མཐར་ཕྱིན་རྗེས་སུ་ཀླུ་ཆུ་རྫོང་སློབ་ཆུང་དང་སློབ་འབྲིང་། ཀན་ལྷོའི་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་གནང་བའི་སྐལ་བཟང་མེ་ཏོག་རྩོམ་སྒྲིག་ཁང་སོགས་སུ་ཕྱག་ལས་གནང་། 1997ལོར་སྙན་རྩོམ་རིང་མོ་གེ་སར་སྒྲུང་གི་མྱུར་སྐྱོབ་དང་ཞིབ་འཇུག་ཐད་ལ་བྱས་རྗེས་འབུར་དུ་ཐོན་པ་བཞག་པས་རྒྱལ་ཁབ་རིག་གནས་པུའུ་དང་རྒྱལ་ཁབ་དམངས་ཨུ། ཀྲུང་གོའི་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་དུ་གྲུབ་འབྲས་ཁྱད་འཕགས་ཅན་གྱི་གཟེངས་རྟགས་གནང་། ཀན་ལྷོ་ཁུལ་གྱི་སྐབས་བཅུ་བའི་སྲིད་གྲོས་ཨུ་ཡོན་ཡིན། 2000ལོར་ནུབ་བྱང་མི་རིགས་སློབ་ཆེན་དུ་ལས་གནས་སྤར་ཏེ་གེ་སར་སྒྲུང་ཞིབ་འཇུག་དང་སློབ་ཁྲིད་ཀྱི་བྱ་བ་དོན་དུ་གཉེར། ཞིབ་འཇུག་པ་དང་ཞིབ་འཇུག་སློབ་མའི་ཁྲིད་སྟོན་དགེ་རྒན་གྱི་འགན་འཁུར། 1982ལོ་ནས་བཟུང་རྩོམ་རིག་གསར་རྩོམ་གྱི་འགོ་བརྩམས་པ་ནས་བཟུང་ཀན་སུའུ་ཞིང་ཆེན་རྩོམ་པ་པོའི་ཚོགས་མི་དང་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཚོགས་མི་བཅས་ཀྱི་འགན་འཁུར་མྱོང་། གཙོས་མི་རིགས་དགེ་ཐོན་སློབ་གྲྭའི་རྒྱ་ཡིག་སྡེ་ཁག་གི་གདན་ཞུའི་སློབ་དཔོན་ཆེན་མོ་དང་སི་ཁྲོན་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་ཞིབ་འཇུག་སུའོ་ཡི་གདན་ཞུའི་ཞིབ་འཇུག་པ་གཞོན་པ་བཅས་ཡིན།
   དེའང་ཁོང་གི་གསར་རྩོམ་ནི1982ལོར་འགོ་བརྩམས་པ་ཡིན་པ་དང་སྒྲུང་ཐུང་ལ《ཟླ་འོད་འོག་གི་མཚན་མོ》དང《ཆིའར་མ་ཡང་གཙང་བོ་ཡཱ》《སྲིད་པ་ལེན་པའི་ངའི་སྤོ་ལོ་ཡ》སོགས་དང་། སྒྲུང་ཐུང་བསྡུས་དེབ་ལ《རི་སྒང་གི་ཅང་ཤེས་སམ་བརྩེ་དུངས་ཀྱི་མནར་གཅོད》སོགས་ཡོད་ལ། སྒྲུང་རིང་ལ《གཙང་བོའི་གཏིང་ནས་ཁྱབ་པའི་རྟ་ཕོའི་རྨིག་སྒྲ》སོགས་ཡོད། གློག་བརྙན་འཁྲབ་གཞུང་ལ《ལྷོ་ཡི་དྲི་བཞོན》ལྟ་བུ་ཚབ་བྱེད་བརྩམས་ཆོས་ཡག་ཤོས་ཡོད་པ་དང་དེ་ཉིད་གློག་བརྙན་དུ་ཕབ་རྗེས་ཀྲུང་དབྱང་བརྙན་འཕྲིན་ཁང་ནས་བཏང་བ་མ་ཟད། ཀྲུང་ཧྭ་བརྗེ་རེས་ལེ་ཚན་དུ་བདམས་རྗེས་ཧྥ་རན་སི་ནས་ཀྱང་བརྒྱུད་གཏོང་བྱས། བརྩམས་ཆོས་དེར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་དཔྱད་འདེམས་ཁྲོད་ཀྱི་རྩོམ་པ་པོ་གསར་བ་དང་བརྩམས་ཆོས་གསར་བའི་རྟགས་མ་ཐོབ་པ་དང་། ལྗོངས་ཞིང་ལྔའི་རྩོམ་རིག་བྱ་དགའ། ཀན་སུའུ་ཞིང་ཆེན་གྱི་སྐབས་གཉིས་པ་དང་གསུམ་པའི་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་བྱ་དགའ། ཀན་སུའུ་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི་ཟངས་ཀྱི་རྟ་མཆོག་རྟགས་མའི་བྱ་དགའ་བཅས་ཐོབ།
   ཁོང་གིས་བརྩམས་སྒྲུང་གི་ལམ་ནས་རང་གི་བསམ་བློ་དང་བརྩེ་དུང་དེ་དངོས་ཡོད་དང་ཕུགས་བསམ་ཁྲོད་ཀྱི་འགལ་འཐབ་མཚོན་པར་ཚོད་བགམ་བྱས་ཤིང་། བརྩམས་སྒྲུང་ཁྲོད་ཀྱི་མི་སྣའི་ལས་དབང་དེས་རང་གི་སྐྱོ་ངལ་དང་ཕུགས་འདུན་སྟོན་པར་བརྩོན་བཞིན་ལྐོག་གྱུར་ཡིན་ལ་མངོན་སུམ་ཡང་ཡིན། ཁོ་བོས་དེ་ལས་ཀྱང་ཁུར་ལྕི་བའི་རྩོམ་རིག་གི་རྡོག་ཁྲེས་ལྕི་མོ་ཞིག་ཕྲག་ཏུ་ཐེག་པའི་འབྲས་རྟགས་སུ་སྒྲུང་རིང་བསྡུས་དེབ《རི་སྒང་གི་ཅང་ཤེས་སམ་བརྩེ་དུངས་ཀྱི་མནར་གཅོད》ཅེས་བ་དེ་བོད་ཀྱི་རྩོམ་རིག་གར་སྟེགས་སུ་དངོས་སུ་བསྟབས། སྒྲུང་རིང་དེའི་རྒྱུ་ཆའི་ས་བོན་ས་ནས་བལྟས་ན། བརྩམས་ཆོས་དེ་དག་ལ་མངོན་གསལ་གྱི་ཁྱད་ཆོད་གཉིས་མངའ་སྟེ། སྔ་མ་སྐོར་ཞིག་ནི་ལོ་རབས་བརྒྱད་བཅུ་བའི་བར་སྟོད་དུ་བརྩམས་པ་དང་རྩོམ་པ་པོའི་མཛེས་དཔྱོད་ཀྱི་ཡུལ་གཙོ་བོ་ནི་བོད་མི་རིགས་དེ་སྤྱི་ཚོགས་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་བཞག་ནས་བསྟན་ཡོད་དེ། དཔེར་ན《ཟུངས་ཁྲག་དང་རྒྱུ་འབྲས》ཅེས་པར་མི་ཆོས་རིང་ལུགས་ཀྱི་ཀུན་སྤྱོད་ཀྱིས་ཆབ་སྲིད་རྨ་ཁའི་སྙིང་ནད་རྩོད་པ་དང་། 《ཆིར་མ་ཡང་གཙང་བོ་ཡཱ》ཞེས་པར་ཆབ་སྲིད་ལས་འགུལ་གྱིས་བོད་རིགས་བརྩེ་མཐུན་མཛའ་གྲོགས་གཉིས་ལ་བཟོས་པའི་བརྩེ་དུང་གི་གོད་ཆག་དང་སེམས་ཀྱི་རྨ་ཁ་དེ་ཡོངས་སུ་བསྟན་ཡོད། ཡང《ཀ་ལུའུ་ན་རི་བོའི་ལྷགས་རླུང》ཞེས་བར་མི་རིགས་ས་ཁུལ་སྡོད་པའི་རྒྱ་རིགས་ལས་བྱེད་ཅིག་གི་སྐད་ཆ་ལ་བརྟེན་ནས་དགོད་བྲོ་བའི་ཆབ་སྲིད་ལས་འགུལ་བསླངས་པ་ལ་ཕྱིར་རྟོག་དང་བསམ་གཞིགས་བྱས་ཡོད། ཕྱི་མ་དག་ནི1986ལོའི་ཚུན་དུ་བྲིས་པ་དག་ཡིན་ཞིང་། རྩོམ་པ་པོའི་གསར་རྩོམ་གྱི་ཁ་ཕྱོགས་དང་བརྗོད་བྱ་དེ་གཙོ་བོ་བོད་མི་རིགས་ཀྱི་རིག་གནས་རིན་ཐང་ལྟ་བའི་འགྱུར་ལྡོག་གི་ཕྱོགས་ལ་དོ་འཁུར་མཛད་པའི་འགོ་བརྩམས། དཔེར་ན། 《རི་སྒང་གི་ཅང་ཤེས་སམ་བརྩེ་དུངས་ཀྱི་མནར་གཅོད》ཅེས་པར་བརྩེ་དུང་གི་གཏམ་རྒྱུད་ཅིག་ནས་དགའ་སྐྱོ་ཆགས་སྡང་དང་སྐྱེ་རྒ་ན་འཆི། བུད་མེད་དང་སྐྱེས་པའི་མི་གཤིས་སོགས་གནད་དོན་མང་པོ་ཞིག་བསྟན་ཡོད་པ་དང་བསམ་གཞིགས་རྒྱ་ཆེ་ཞིང་རྩོད་སྒྲུབ་ཀྱི་རིགས་པ་དང་ལྡན་པ་ཞིག་ཡིན། 《རི་ལུང་ཁྲོད་ཀྱི་བུ་མོ》ཅེས་པར་སྐྱེས་པ་བོར་བའི་སྡེ་བ་ཞིག་གི་བུ་མོ་ཚོའི་དགོད་བྲོ་བའི་གཏམ་རྒྱུད་ཅིག་གི་བྱུང་བ་ལ་བརྟེན་ནས་སྤྱི་ཚོགས་ལོ་རྒྱུས་ཀྱི་དུས་རིམ་སྐྱོ་བོས་མི་རྣམས་ལ་བཞག་པའི་ཤུགས་རྐྱེན་ངན་པ་དང་མི་གཤིས་ལ་བཟོས་པའི་རྨ་ཁ་དག་དམར་རྗེན་དུ་མཚོན་ཡོད། དེ་བས་ཁོང་གི་བརྩམས་ཆོས་ཧྲིལ་བོར་སྤྱི་ཚོགས་མཚང་འབྱིན་གྱི་སྙིང་སྟོབས་ཀྱི་ངར་ཤུགས་ཤིག་གིས་ཀུན་ནས་བརྐྱངས་ཡོད་པ་མ་ཟད་ལོ་རྒྱུས་ཕྱིར་རྟོག་ལ་བསམ་བློས་འཆུན་པའི་དཀྱེལ་ཡངས་ཀྱི་བློ་སྤོབས་ཤིག་གིས་སྐབས་དེའི་ཀློག་པ་པོ་མང་པོར་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པ་དང་། ཁོང་གི་སེམས་འགྱུ་དེའི་ཁྲོད་ཀྱི་བན་བུན་གྱི་སྐྱོ་སྣང་ཟབ་མོ་དེར་མཛེས་དཔྱོད་ཀྱི་རིན་ཐང་ངོ་མ་ཞིག་ལྡན་པ་མ་ཟད་བསམ་གཞིགས་ཀྱི་བར་སྟོང་ཆེན་པོ་ཡང་ལྡན་ནོ།།
   ཁོང་གི་བརྩམས་ཆོས་ལས་བརྩམས་སྒྲུང་གི་སྐོར་ལ།
《ཟུངས་ཁྲག་དང་རྒྱུ་འབྲས》 《ཆི་ཨར་མ་ཡང་གཙང་བོ་ཡཱ》 《ཟླ་འོད་འོག་གི་མཚན་མོ》 《བླ་བྲང་དངོས་བྲིས》སོགས་དང་། ལྷུག་རྩོམ་ལ། 《སུ་རུ་- ཚེ་སྲོག་གི་གླུ་དབྱངས》 《ཡུལ་སྐོར་ཟིན་ཐོ》 《ཁྲུང་ཁྲུང་ཧྲི་མེན་དཔྱིད་དུ་གྲགས》 སོགས་དང་། དམངས་ཁྲོད་རྩོམ་རིག་འཚོལ་སྡུད་དང་ལེགས་སྒྲིག ལོ་ཙཱ་བཅས་ཀྱི་སྐོར་ལ། 《བློན་པོ་ཉི་ཆོས་བཟང་བོ》 《ཉི་ཟླ་འགག་གི་ངག་རྒྱུན》 《སྤྲེལ་དང་རི་བོང་།ལྦ་མོ་བཅས་ཀྱི་གཏམ་རྒྱུད》 《བོད་ཀྱི་གཏམ་དཔེ་གཅེས་བཏུས》སོགས་དང་། རྩོམ་སྒྲིག་གི་སྐོར་ལ། 1984ལོ་ནས 2000ལོ་བར་གྱི《སྐལ་བཟང་མེ་ཏོག》གི་བརྩམས་སྒྲུང་དང་དམངས་ཁྲོད་རྩོམ་རིག རྩོམ་རིག་དཔྱད་བརྗོད། མཛེས་རྩལ་བཅས་ཀྱི་རྩོམ་སྒྲིག་གི་འགན་བཞེས། 1992ལོ་ནས2001ལོ་བར་རྒྱུན་ལས་རྩོམ་སྒྲིག་པ་གཞོན་པའི་འགན་བཞེས། 1990ལོར་ཀན་ལྷོ་ཁུལ་ས་གནས་ལོ་རྒྱུས་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་དང་ཁུལ་ནགས་ལས་ཅུས་ཀྱི་ཆེད་ཞུས་རྩོམ་སྒྲིག་པའམ་མ་ཡིག་བསྡུ་སྒྲིག་པ།  རྩོམ་སྒྲིག་པ། ཞུ་དག་པ་བཅས་ཡིན། 《ཀྲུང་ཧྭ་མི་རིགས་ཀྱི་གཤིན་ས - ཀན་ལྷོ》(ན་གཞོན་རྒྱལ་གཅེས་རིང་ལུགས་པའི་ས་གནས་བསླབ་གཞི)ཞེས་པའི་ཇུས་འགོད་དང་སྒྲིག་གཞི་གཏན་འབེབས། མ་ཡིག་བསྡུ་སྒྲིག རྩོམ་སྒྲིག་པ་བཅས་ཀྱི་འགན་བཞེས། རྩོམ་རིག་དཔྱད་བརྗོད་ཀྱི་སྐོར་ལ། 《ལམ་འགྲམ་གྱི་རྩྭ་ལྗང་ཞེས་པ་བཀླག་རྗེས་ཀྱི་འཆར་སྣང》 འབྲུག་ཆུའི་ཆེད་དེབ་ཀྱི་སྔོན་འགྲོའི་གཏམ་སྟེ《ས་གོར་མོའི་སྟེང་གི་མགོ་ནག་མི》《རང་ཞིང་གི་གློག་བརྙན་ཟློས་གར་གྱི་ནུབ་ཕྱོགས་འདུ་ཤེས་ཕྱོགས་ལ་ཤུགས་སྣོན་དགོས》《མགོན་པོ་བཀྲ་ཤིས་ཀྱི་བརྙན་པར་བརྩམས་ཆོས་ཀྱི་དཔྱད་བརྗོད་དེ་མི་རིགས་ཀྱི་རྣམ་ཤེས་འཚོལ་ཞིབ》ལྷུག་རྩོམ་གཅེས་བསྡུས《གཙང་གསུམ་གྱི་མགྲིན་གླུ》ཞེས་པའི་དཔྱད་བརྗོད《གནས་འདིའི་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག》 རྨ་ཆུའི་ཆེད་དེབ་ཀྱི་སྔོན་འགྲོའི་གཏམ《རྨ་ཆུ་སྔོན་མོས་གནམ་འོག་གི་ཁུགས་སོ་དང་པོའི་ཁ་གཡང་ཀུན་ནས་སྒྲོགས》《རྟ་མགྲིན་མགོན་པོའི་གཞས་ཚིག་ལང་ལོང་རྒྱུ་བའི་དྲི་འཛིན་ཞེས་པ་བཀླག་པའི་འཆར་སྒོ》སོགས་དུས་དང་དུས་སུ་སྨིན་པའི་དཔྱད་བརྗོད་ཀྱི་མེ་ཏོག་སྣ་བརྒྱ་བོད་ཀྱི་རྩོམ་རིག་གི་སྐྱེད་ཚལ་དུ་སྦྲང་ཆར་བཞིན་དུ་འཇོ་ནས་ཡོད་དོ།།
   བསྒྱུར་རྩོམ་དང་ཆེད་རྩོམ་སྐོར་ལ《ཆོས་རྒྱལ་ནོར་བཟང་》《འཛམ་གླིང་སྤྱི་བསང་ལྷ་ཡི་དགའ་སྟོན》《རབ་རྟོག་སྒྲུང་གཏམ》《སྤོ་བོ་བློ་ཕྲུག་དང་ཁྱི》《ཞུམ་བུ》《ཤན་འདན་ནང་འཁྲུག》《ལམ་གཉིས》《གེ་སར་རིག་པའི་ལོ་རྒྱུས་ཟིན་ཏིག》《གེ་སར་སྒྲུང་གི་རྩོམ་རིག་ལོ་ཙཱ་སྨྲ་བ》བཅས་སོ། དཔྱད་རྩོམ་སྐོར་ལ། 《ལོ་རྒྱུས་ཀྱི་་འོད་སྣང་ལས་འཚེར་བའི་མུ་ཏིག་དཀར་པོ་སྟེ་གེ་སར་སྒྲུང་གི་འཛམ་གླིང་སྤྱི་བསང་གི་སྤྱི་ཁོག་ལ་ཅུང་ཙམ་དཔྱད་པ》 《པེ་ལན་དང་གླིང་དཀར་བོའི་ས་ཁམས་གནས་སྟངས་དང་དེ་དག་གི་འབྲེལ་བ》《གླིང་དཀར་པོ་དང་པེ་ལན་ལས་གེ་སར་གྱི་ཕ་ཡུལ་ལ་ཐོག་མར་དཔྱད་པ》《དེང་རབས་བོད་ཀྱི་སྒྲུང་ཐུང་སྐོར་གྱི་བསམ་གཞིགས》《ཀ་ཆུའི་རྒྱུད་ཀྱི་རི་གླུ་དང་ཨ་མདོའི་བོད་སྐད་གཉིས་ཀྱི་ནང་འབྲེལ》《དེང་རབས་བོད་ཀྱི་རྩོམ་རིག་དང་སྒྲུང་གཏམ་གསར་རྩོམ་ཐད་ཀྱི་ལྟ་ཚུལ་འགའ》《གེ་སར་སྒྲུང་ལས་གནའ་བོའི་བོད་ཀྱི་ཚོ་བའི་སྤྱི་ཚོགས་ལ་རགས་ཙམ་དཔྱད་པ》《ཀན་ལྷོའི་རིག་གནས་རྣམ་བཤད》《གཟུགས་འདས་རིག་པའི་རྗེས་དཔག་བསམ་གཞིགས་དང་མི་རིགས་ཀྱི་བརྩེ་དུངས》《བོད་ཀྱི་རིག་གནས་གླེང་བ》《སྒྲུང་གཏམ་གྱི་གཟུགས་འདས་རིག་པ》《སྙན་ངག་གི་རང་གཤིས་ཀྱི་སྐྱོན་ཞིབ་དང་སྐྱོན་ཞིབ་བྱེད་པའི་སྙན་ངག་གི་རང་གཤིས》《གེ་སར་རིག་ཚན་འཛུགས་སྐྲུན་ཐད་ཀྱི་རང་གི་ལྟ་ཚུལ་འགའ》《གེ་སར་དང་དམངས་ཁྲོད་སྒྱུ་རྩལ་བར་གྱི་འབྲེལ་བར་དཔྱད་པ》《གེ་སར་གྱི་སྒྱུ་རྩལ་སྒྱུར་སྒྲིག་ལས་དམངས་ཁྲོད་རྩོམ་རིག་དང་རྩོམ་རིག་སྒྱུ་རྩལ་བའི་གསར་རྩོམ་ལ་ཐེབས་པའི་ཤུགས་རྐྱེན》《གེ་སར་གྱི་ལོ་ཙཱའི་གནད་དོན་རགས་ཙམ་གླེང་བ》《ནུབ་བྱང་མི་རིགས་སློབ་ཆེན་གྱི་རིག་ཚན་གྱི་རིག་ཚན་འཛུགས་སྐྲུན་རྒྱས་བཤད》《བོད་ཀྱི་དགོན་སྡེའི་རང་བྱུང་ཁོར་ཡུག་གི་གདམས་གསེས་དང་གནས་སྟངས་ལས་ནང་གནས་ཀྱི་སྒྲིག་གཞི་དང་དེའི་མཛེས་བཟོ》《གེ་སར་རིག་ཚན་འཛུགས་སྐྲུན་དང་སྐབས་སོ་སོའི་ཞིབ་འཇུག་སློབ་མའི་དཔྱད་རྩོམ་སྐོར་རགས་ཙམ་གླེང་བ》《གེ་སར་གྱིས་བོད་ཀྱི་དད་མོས་འདུ་ཤེས་ལ་ཐེབས་པའི་ཤུགས་རྐྱེན》《ཀན་ལྷོ་ཤར་ལྷོའི་ཕྱོགས་ཀྱི་བོད་ཀྱི་ཞབས་བྲོ》《རྒྱལ་སྤྱིའི་གེ་སར་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དྲུག་པར་རགས་ཙམ་དཔྱད་པ》《བོད་དང་སོག་པོ། ཧོར། ཡུས་ཀུའུ་རིགས་བཅས་སུ་དར་བའི་གེ་སར་སྒྲུང་གི་མི་སྣའི་སྣང་བརྙན་ཞིབ་སྡུར་ཞིབ་འཇུག》《གེ་སར་གྱི་དངོས་ཡོད་དོན་སྙིང་དང་དེའི་རྩོམ་རིག་ལོ་ཙཱའི་ཞིབ་འཇུག་གི་གནད་དོན་ཐད་ཀྱི་ལྟ་ཚུལ་རགས་ཙམ་བཤད་པ》《གེ་སར་གྱི་རིག་གནས་ཀྱི་སྐད་ཆའི་གནས་བབས་དང་དེའི་རྒྱ་འགྱུར་མའི་སྐད་ཆའི་གནས་བབས་རགས་ཙམ་དཔྱད་པ》《ཡིག་སྒྱུར་གྱི་ངོ་བོ་དང་རྩོམ་རིག་ཡིག་སྒྱུར་གྱི་ཁྱད་ཆོས་ལ་དཔྱད་པ》བཅས་སོགས་བོད་ཀྱི་རིག་གནས་ཀྱི་ཞིབ་འཇུག་ཁྱབ་ཁོངས་སོ་སོའི་ཞིབ་འཇུག་ཐད་དུ་རང་ནུས་བླ་ལྷག་ཏུ་བཏོན་ཡོད། གློག་བརྙན་འཁྲབ་གཞུང《ཁུ་བྱུག་བུ་མོ》དང《ལྷོ་ཡི་དྲི་བཞོན》སོགས་བརྩམས་ཆོས་ལེགས་གྲས་ཀུན་ཀྱང་བོད་ཀྱི་རྩོམ་རིག་གི་པད་མོ་ཀུན་ནས་རྒྱས་པའི་སྦྲང་ཆར་གྱི་སྐྱེས་སུ་གྱུར་ཡོད། མཐར་སྤྱི་ལོ2011ལོའི་ཟླ5བའི་ཚེས19ཉིན་ལན་གྲུ་ནས་སྐུ་གཤེགས།།
 རྩོམ་སྒྲིག་པ། ཡུམ་ཚེ་རིང་།
 
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།