中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > རིག་གནས་མི་སྣ >
༄༅།། བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་རྒྱལ་མོ་འབྲུག་པ
དུས་ཚོད།2016-11-04 16:44:27     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ། རྩོམ་པ་པོ། དཔལ་ལྡན།    ཆུང་། | འབྲིང་། | ཆེ།
   མི་ལོ་སུམ་ཅུ་ལྷག་གི་རིང་ལ་ཉིན་མཚན་ཁ་སྦྱོར་གྱིས་འབད་འབུངས་དང་དཀའ་སྤྱད་སྡུག་རུས་ཀྱིས་འཛམ་གླིང་གི་བོད་རིག་པའི་ཞིབ་འཇུག་ཐད་དུ་གཞན་དྲིང་མི་འཇོག་པའི་སྤོབས་པ་རྙེད་པ་ནི། མི་བུ་ཕལ་བ་ཞིག་ལ་མཚོན་ན་གཞན་ལ་ངོམ་ཆོག་ཆོག་གི་གྲུབ་འབྲས་མི་དམན་པ་ཞིག་རེད་ལ། རྗེས་རབས་པས་ངོ་སོ་བསྟད་ཆོག་ཆོག་གི་ལག་རྗེས་ཤིག་ཀྱང་ཅི་ལ་མིན། ཡིན་ཡང་མུ་མཐུད་དུ་འཚོལ་སྙེགས་དང་ཞིབ་འཇུག་བགྱི་བ་ནི་ཁོ་བོའི་ཕྲག་ཏུ་བབས་པའི་ལྡོག་མེད་ཀྱི་ལས་འགན་འབའ་ཞིག་ཏུ་འདོད་ཡོད། བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་རྒྱལ་མོ་འབྲུག་པ་ནི་1957ལོའི་ཟླ6པར་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འདབས་བསང་ཆུ་རྫོང་རྒྱལ་མོ་དགོན་ཤང(ད་ལྟ་གཙོས་གྲོང་ཁྱེར་གྱི་ཁོངས)དུ་སྐྱེས། བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པའི་ཞིབ་འཇུག་ཐད་བྱས་རྗེས་མི་དམན་པ་བཞག་དང་འཇོག་མུས་སུ་ཡོད་པའི་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པའམ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི(བཀའ་བསྟན)དཔེ་བསྡུར་ཁང་གི་རྒྱུན་ལས་དབུ་འཛིན་གཞོན་པ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་རིག་གཞུང་ཨུ་ཡོན་ལྷན་ཚོགས་ཀྱི་ཁོངས་མི། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་སློབ་གླིང་གི་ཞིབ་འཇུག་སློབ་མའི་དགེ་རྒན། ཀྲུང་གོའི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་གི་གདན་ཞུས་ཞིབ་འཇུག་པ། ཀྲུང་གོའི་བོད་རིག་པ་སྲུང་སྐྱོབ་དང་གོང་སྤེལ་མཐུན་ཚོགས་ཀྱི་ལས་འཛིན། སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་ཀྲུང་ཧྭའི་ནང་བསྟན་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་གདན་ཞུས་ཞིབ་འཇུག་པ་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས་འདུག ཁོང་ནི1976ལོར་ཀན་ལྷོ་མི་རིགས་སློབ་གྲྭ་ནས་མཐར་ཕྱིན་རྗེས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་དུ་བྱ་བ་བགོས། 1976ལོ་ནས1982ལོའི་བར་དེ་གའི་དཔེ་སྐྲུན་ཁང་དུ་བོད་ཡིག་དཔེ་དེབ་ཀྱི་པར་ཞུས་ཡིག་སྒྱུར། དཔེ་སྒྲིག་བཅས་ཀྱི་ལས་ལ་གཞོལ། 1978ལོ་ནས་1981ལོའི་བར་དུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་བོད་ཡིག་དགེ་རྒན་ཟབ་སྦྱོང་འཛིན་གྲྭ་དང་བོད་ཡིག་ཞིབ་འཇུག་སློབ་མའི་དཔེ་ཁྲིད་ལ་ཟུར་ཞུགས་བྱས་ནས། ཁོ་རང་གི་སྔ་མའི་དགེ་རྒན་དཔའ་རིས་སངས་རྒྱས་ལགས་དང་། དགེ་རྒན་ཆེན་མོ་དཀོན་མཆོག་ཚེ་བརྟན། ངག་དབང་ཆོས་དར། ལྷག་པར་དུ་མཁས་དབང་ཆེན་མོ་ཚེ་ཏན་ཞབས་དྲུང་སོགས་དགེ་རྒན་བཀའ་དྲིན་ཅན་མང་བོའི་དྲུང་དུ་བོད་ཀྱི་བརྡ་སྤྲོད་དང་རྩོམ་རིག ལོ་རྒྱུས། མངོན་བརྗོད། གྲུབ་མཐའ་སོགས་ཀྱི་སྐོར་ལ་སྦྱངས་པ་མི་དམན་པ་བྱས། 1982ལོའི་ཟླ9བར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གི་བོད་ཀྱི་ཡིག་རྙིང་ཆེད་གཉེར་འཛིན་གྲྭར་ཞུགས་ཤིང་། སྔ་ཕྱིར་རྐང་འཛིན་དགེ་རྒན་དཔལ་དོན་གྲུབ་རྒྱལ་མཆོག་གཙོས་པའི་བོད་ཀྱི་མཁས་དབང་ཆེན་པོ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་དང་། གདན་ཞུས་དགེ་རྒན་དགེ་བའི་བཤེས་གཉེན་ཆེན་པོ་དམུ་དགེ་བསམ་གཏན། མཆོག་སྤྲུལ་ཐུབ་བསྟན་ཉི་མ། མཁས་དབང་མཁྱེན་རབ་འོད་གསལ་སོགས་ཀྱི་ཞབས་པད་སྤྱི་བོར་བླངས་ཏེ་སྐད་ཡིག་དང་རྩོམ་རིག ལོ་རྒྱུས། ཆོས་ལུགས་སྐོར་དང་། བོད་ཀྱི་བརྡ་རྙིང་ཡིག་ཆ་དང་རྒྱའི་གནའ་བོའི་སྐད་ཡིག་དང་དེང་རབས་ཀྱི་སྐད་བརྡ། མི་རིགས་དང་ཆོས་ལུགས་སྐོར་གྱི་རིག་པའི་གཞུང་ལུགས་སོགས་ལ་སློབ་གཉེར་དཔྱིས་ཕྱིན་པ་མཛད་ཅིང་། ཕྱིས་ཀྱི་རིག་གཞུང་ཞིབ་འཇུག་ཐད་རྨང་གཞི་བརྟན་པོ་ཞིག་ཚུགས། 1984ལོར་སློབ་མཐར་ཕྱིན་རྗེས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་དུ་ཕྱིར་ལོག་ནས་བོད་ཡིག་དཔེ་དེབ་ཀྱི་དཔེ་སྒྲིག་དང་ཞུ་དག་གི་ལས་ལ་མུ་མཐུད་དུ་གཞོལ། སྔ་ཕྱིར《བཀའ་ཆེམས་ཀ་ཁོལ་མ》དང《ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་བོའི་རྣམ་ཐར》《གུང་ཐང་བསྟན་པའི་སྒྲོན་མེའི་རྣམ་ཐར》《ལེགས་སྦྱར་སྐད་དང་བོད་ཡིག་ཤན་སྦྱར་ཚིག་མཛོད》སོགས་དཔེ་རིགས་དཀོན་པོ་སྐོར་ཞིག་གི་དཔེ་སྒྲིག་གི་འགན་དང་དུ་བླངས་ཤིང་། དེ་ལས་དཔེ་དེབ་གཉིས་ལ་ཀན་སུའུ་ཞིང་ཆེན་གྱི་ཕུལ་བྱུང་དཔེ་དེབ་ཀྱི་བྱ་དགའ་ཐོབ།  1986ལོར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་དང་རིག་གནས་པུའུ། རྒྱལ་ཁབ་དམངས་ཨུ་སོགས་པུའུ་ཨུ་བཞི་ཡིས་གནང་པའི"གེ་སར་སྒྲུང་མྱུར་སྐྱོབ་དང་ལེགས་སྒྲིག་གི་སྔོན་ཐོན་མི་སྒེར"གྱི་མཚན་སྙན་ཐོབ། 1987ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་བོད་ཡིག་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་གཞོན་པར་བསྐོས་པ་དང་ལོ་དེར་རྩོམ་སྒྲིག་པའི་གོ་མིང་ཐོབ།
   1988ལོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཁོངས་གཏོགས་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་དུ་ལས་གནས་སྤར་ཏེ་བོད་ཡིག་དཔེ་དེབ་དང《བཀའ་བསྟན》དཔེ་བསྡུར་མའི་དཔེ་སྐྲུན་གྱི་ལས་ལ་འཇུག་པའི་ཞོར་དུ། རང་ཉིད་ཀྱི་རྩོམ་སྒྲིག་གི་ཆུ་ཚད་དང་རིག་གནས་ཀྱི་ཆུ་ཚད་མི་དམན་པར་བརྟེན་ནས་དུས་ཡུན་ལོ་གཅིག་གི་ཡུན་ཙམ་ལ་ཡིག་འབྲུ་ཁྲི་བརྒྱ་ལྷག་ཡོད་པའི་བོད་ཀྱི་སྐར་རྩིས་སྨྲ་བའི་མཁས་དབང་བསམ་གྲུབ་རྒྱ་མཚོ་མཆོག་གི་གསུང་རྩོམ《སྐར་རྩིས་ཀུན་འདུས་ནོར་བུ》སྟོད་ཆ་དང་སྨད་ཆ་རྩོམ་སྒྲིག་གི་ལས་ཀ་ཡོངས་སུ་གྲུབ་ཅིང་། དཔེ་སྐྲུན་འགྲེམ་སྤེལ་བྱས་པས་བོད་ཀྱི་མཁས་དབང་དང་ཆེད་མཁས་པ་རྣམས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བ་མ་ཟད་བྱ་དགའ་ཡང་གང་མང་ཐོབ། 1990ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པའམ་བོད་ཡིག་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་དུ་བསྐོས་པ་ནས་ད་ལྟའི་བར་དུ། ལོ་རེའི་བོད་ཡིག་དཔེ་དེབ་དཔེ་སྐྲུན་གྱི་འཆར་གཞི་འགོད་པ་དང་ལག་བསྟར་གྱི་གཙོ་འགན་འཁུར་བ་མ་ཟད། དཔེ་དེབ་གལ་ཆེན་གྱི་མ་ཡིག་ཞིབ་བཤེར་དང་རྩོམ་སྒྲིག་འགན་ཁུར་བའི་འགན་ཡང་ཁུར་ཡོད་ལ། སྐབས་ལ་ལར《ཀྲུང་གོའི་བོད་རིག་པ》དུས་དེབ་ཀྱི་མཐའ་མའི་ཞུ་དག་གི་བྱ་བའི་འགན་འཁུར་ཡོད། ཁོང་གི་འགོ་ཁྲིད་དང་འབད་བརྩོན་འོག  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས《བཀའ་བསྟན》(དཔེ་བསྡུར)དཔེ་ཚོགས་པར་སྐྲུན་འགྲེམ་སྤེལ་བྱས་བ་ལས་གཞན་དུ་དུང《གངས་ལྗོངས་རིག་བཅུའི་ཉིང་བཅུད་ཆེན་མོ》《བོད་ཆོས་རིག་གནས་དཔེ་ཚོགས》སོགས་རིག་གཞུང་གི་རང་བཞིན་ཆེན་པོ་ལྡན་པའི་དཔེ་དེབ་སྐོར་ཞིག་དཔེ་སྐྲུན་འགྲེམ་སྤེལ་བྱས་པར། བྱ་དགའ་ཐེངས་མང་ཐོབ་མྱོང་། ཁོ་རང་གིས་རྩོམ་སྒྲིག་གི་འགན་ཁུར་བའི《རྩོམ་རིག་སྤྱི་བཤད》དང་། 《གེ་སར་དཔྱད་རྩོམ་ཕྱོགས་བསྒྲིགས》《བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས》《སྡེ་དགེ་དཔར་ཁང་གི་དཀར་ཆག་ཆེན་མོ》《བོད་ཀྱི་སྲོལ་རྒྱུན་མཛེས་རྩལ་སྤྱི་བཤད》《དུང་དཀར་ཚིག་མཛོད》སོགས་དཔེ་དེབ་ལ་རྒྱ་ཆེའི་ཀློག་པ་པོའི་དགའ་བསུ་ཚད་མེད་ཐོབ་པ་མ་ཟད་བྱ་དགའ་ཡང་ཐེངས་མང་ཐོབ། 1996ལོ་ནས་བཟུང་བྱ་བའི་དགོས་དབང་གིས《བཀའ་བསྟན》དཔེ་བསྡུར་ཁང་གི་རྒྱུན་ལས་དབུ་འཛིན་གཞོན་པའི་འགན་ད་ལྟའི་བར་དུ་འཁུར། རྒྱལ་ཁབ་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཐད་ཀྱི་གནད་སའི་ཚན་རིག་ཞིབ་འཇུག་བྱ་གཞི་སྟེ《བསྟན་འགྱུར》(དཔེ་བསྡུར)དཔར་སྐྲུན་བྱས་པས་རྒྱལ་ཁབ་ཕྱི་ནང་གི་མཁས་དབང་མང་པོས་གདེངས་འཇོག་ཚད་མེད་གནང་བ་དང་། 《བསྟན་འགྱུར》ཁག་དང་བོར1997ལོར་རྒྱལ་ཁབ་ཀྱི་དཔེ་དེབ་ཕྱོགས་ཀྱི་ཆེས་མཐོའི་བྱ་དགའ་སྟེ"རྒྱལ་ཁབ་ཀྱི་དཔེ་དེབ་བྱ་དགའ"ཐོབ། 1997ལོ་ནས་ད་ལྟའི་བར་དུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་རིག་གཞུང་ཨུ་ཡོན་ལྷན་ཚོགས་ཀྱི་ཁོངས་མིའི་འགན་བཞེས་ཡོད། མི་རིགས་གང་དང་གང་ཞིག་ཡིན་རུང་དེ་ལ་མི་རིགས་དེ་ཉིད་འཕེལ་རྒྱས་ཀྱི་བརྒྱུད་རིམ་གསལ་བའི་ལོ་རྒྱུས་ཤིག་ངེས་པར་དུ་ཡོད་ངེས་ཏེ། ང་ཚོ་རྗེས་རབས་པས་དེ་ལ་ཞིབ་འཇུག་དང་འཚོལ་སྙེག་བྱེད་རྒྱུ་ནི་དགོས་གལ་ཤིན་ཏུ་ཆེ་བར་འདོད། རྒྱལ་མོ་འབྲུག་པ་ལགས་ཀྱིས་ལྷན་སྐྱེས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་ལ་བརྟེན་ནས་རང་ཉིད་བརྒྱུད་མྱོང་བའི་ལམ་ཁར་ལྗིད་ཏིག་ཏིག་གི་འབྲས་བུས་ཕྱུར་བུར་གཏམས་ཤིང་། བོད་རིག་པ་ཞིབ་འཇུག་དང་སྒོས་སུ་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ཐད་དུ་གཡུར་དུ་ཟ་བའི་འབྲས་བུ་བླངས་ཡོད། 1995ལོར《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ》ཞེས་པ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་སྐྲུན་འགྲེམ་སྤེལ་བྱས་ཤིང་། 1996ལོར་སི་ཁྲོན་ཞིང་ཆེན་གྱི"རྒྱལ་ཡོངས་ཀྱི་བོད་ཡིག་ཀློག་དེབ་ཀྱི་བྱ་དགའ་ཨང་གསུམ་པ"ཐོབ། དཔེ་དེབ་ལས་སྔོན་རབས་ལོ་རྒྱུས་གཞན་དག་བསྐྱར་འབྲི་དང་ལད་ཟློས་བྱས་པ་ཙམ་མ་ཡིན་པར། ལོ་ཚིགས་དང་ལོ་རྒྱུས་ཀྱི་དོན་རྐྱེན་སྣ་ཚོགས་ལོ་རྒྱུས་ཡིག་ཆ་ཁུངས་བཙུན་དང་ལྷག་པར་དུ་ཏུན་ཧོང་གཏེར་ཡིག་དང་རྡོ་རིང་ཡི་གེ་སོགས་ལ་ཁུངས་གཏུགས་ཏེ་རང་བློས་གང་ལྕོགས་སུ་བརྟག་དཔྱད་བྱས་ཐོག བོད་ཡིག་ལོ་རྒྱུས་ནང་གནས་ཚུལ་མི་གསལ་བ་དང་བྱུང་བ་སྟོངས་པའི་རིགས་རྣམས་ཡིག་རིགས་གཞན་དག་ལས་ཁ་སྐོང་དང་ཟུར་བལྟ་རུ་བཟུང་སྟེ་ཞིབ་རྒྱས་སུ་བྲིས་ཡོད་ལ། སྒོས་སུ་སྔ་རབས་སྐྱེ་བོ་མང་པོས་བོད་ཀྱི་ལོ་རྒྱུས་བོད་དབུས་གཙང་གི་རྒྱལ་བློན་དང་ཆོས་འབྱུང་ཁོ་ན་གཙོ་བོར་བཟུང་སྟེ་ཆོས་ལུགས་རྐྱང་རྐྱང་འབྲི་བའི་སྲོལ་ལས་བརྒལ་ཏེ། བོད་དང་འབྲེལ་གཏུག་ཟབ་པའི་མི་རིགས་གཞན་དག་དང་བོད་ས་གནས་ཁག་གི་ལོ་རྒྱུས་ཀྱང་ཁ་གསབ་དང་ངོ་སྤྲོད་བྱས་ཡོད་པ་ནི་དཔེ་དེབ་འདིའི་དགེ་མཚན་ཞིག་ཏུ་འཁུམས་ཤིང་། རྩོམ་གཤིས་ཐད་ཕལ་སྐད་དང་བརྡ་ལོག་མ་འདྲེས་པར་བོད་ཐུན་མོང་གིས་བཀོལ་སྤྱོད་བྱེད་བཞིན་པའི་ཡིག་སྐད་ལྟར་བྲིས་ཡོད་པས། བོད་ཀྱི་ལོ་རྒྱུས་ལ་འཇུག་པའི་ལས་དང་བོ་བ་རྣམས་ལ་སྦྱོང་བྱའི་ཟུར་བལྟར་འོས་ཤིང་འཚམ་པའི་ལོ་རྒྱུས་དཔེ་དེབ་བཟང་བོ་ཞིག་ཡིན་སྟབས། སྔ་གཞུག་ཏུ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་དང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། མཚོ་ལྷོ་མི་རིགས་དགེ་འོས་སློབ་གྲྭའི་བོད་ཀྱི་སྐད་ཡིག་སྡེ་ཚན་དང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ། དཀར་མཛེས་ལས་བྱེད་སློབ་གྲྭ་སོགས་ཀྱི་སློབ་དེབ་དང་ཁྲིད་གཞིར་བཟུང་ཡོད། གཞན་ཡང་རིག་གཞུང་ཞིབ་འཇུག་ཕྱོགས་ཀྱི་དཔྱད་རྩོམ་གང་མང་མང་ཞིག་བོད་ཁམས་ཀྱི་རིག་གཞུང་དུས་དེབ་གཙོ་གྲས་སུ་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད་དེ། 《ཁྲི་སྲོང་ལྡེ་བཙན་གྱི་མ་ཡུམ་སུ་ཡིན་ལ་དཔྱད་པ》དང《རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་ལ་དཔྱད་པ》《ས་སྐྱ་གོང་མའི་དུས་སྐབས་ཀྱི་ལོ་རྒྱུས་དང་འབྲེལ་བའི་གནད་་དོན་ཞིབ་འཇུག》སོགས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ཐད་རིན་ཐང་ཅན་གྱི་དཔྱད་རྩོམ་གང་མང་ཞིག《བོད་ལྗོངས་ཞིབ་འཇུག》དང་།《སྦྲང་ཆར》《ཟླ་ཟེར》《མཚོ་སྔོན་སློབ་གསོ》《མཚོ་སྔོན་མང་ཚོགས་སྒྱུ་རྩལ》《མི་རིགས་སྐད་ཡིག》《ཀྲུང་གོའི་བོད་ཀྱི་ཤེས་རིག》སོགས་སུ་བཀོད་པ་མ་ཟད། དེ་དག་ལས་དཔྱད་རྩོམ་སྐོར་ཞིག《གེ་སར་དཔྱད་རྩོམ་ཕྱོགས་བསྒྲིགས》དང《བོད་རིག་པ་ཞིབ་འཇུག་གི་དཔྱད་རྩོམ་ཕྱོགས་བསྒྲིགས》སོགས་སུ་འདེམས་བཀོད་བྱས་ཡོད། ཁོས་བྲིས་པའི་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་དཔྱད་རྩོམ་དེ་དག་ནི་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ཐད་ཀྱི་གྲུབ་འབྲས་གསར་བ་ཞིག་གམ་གཞི་འཛིན་ས་ཞིག་ཏུ་གྱུར་ཡོད་ཅིང་། རྒྱ་ཆེའི་ཀློག་མཁན་དང་མཁས་པ་རྣམས་ཀྱི་བསྟོད་བསྔགས་ཚད་མེད་ཐོབ་ཡོད། ལོ་རྒྱུས་སྨྲ་བ་ཞིག་གི་ངོས་ནས་བརྗོད་ན། རྒྱལ་མོ་འབྲུག་པ་ལགས་ཀྱིས་ལོ་རྒྱུས་ཀྱི་བྱུང་བ་དངོས་ལ་གཞི་བཅོལ་ཏེ། བཙན་པོའི་སྐབས་ཀྱི་ལོ་རྒྱུས་དང་བོད་སིལ་བའི་སྐབས་ཀྱི་ལོ་རྒྱུས། ས་སྐྱ་བའི་སྐབས་ཀྱི་ལོ་རྒྱུས། སངས་རྒྱས་ཀྱི་བསྟན་པ་དར་ནུབ་སོགས་རང་ལྟ་མཆོག་འཛིན་དང་ཚིག་ཚོགས་སོགས་ཀྱིས་མ་སྦགས་པར་ལོ་རྒྱུས་ཀྱི་བྱུང་བ་ཇི་མ་ཇི་བཞིན་དུ་ཁ་གསལ་དོན་འདུས་ཀྱི་སྒོ་ནས་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་ངོ་སྤྲོད་བྱས་པར་ཀུན་གྱིས་བསྟོད་པའི་མཐེ་བོ་ཡང་ཡང་བསྒྲེངས་མྱོང་། སྒོས་སུ་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་གི་ཐད་དུ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ལ། རྒྱལ་ཁབ་ཕྱི་ནང་གི་བོད་རིག་པ་མཁས་ཆེན་ཚོས་ཁས་ལེན་དང་གདེང་འཇོག་མཐོན་པོ་གནང་ཡོད། གཞན་ཡང་ཁོས་བོད་རིག་པ་ཞིབ་འཇུག་གི་གྲུབ་འབྲས་དེ་དག་འཛམ་གླིང་གི་རིག་གཞུང་ཞིབ་འཇུག་ཚོགས་འདུ་ཆེ་ཆུང་གང་མང་དུ་སྒྲོག་སྤེལ་བྱས་ཏེ། རྒྱལ་སྤྱི་དང་ཡང་ན་འཛམ་གླིང་གི་མིའི་རིགས་ལ་བོད་ཀྱི་རིག་གནས་དང་ལོ་རྒྱུས་མཚམས་སྦྱོར་གང་ལེགས་བྱས་ཡོད་དེ། 1998ལོར། ཨ་རིའི་དབྱིན་ཏེ་ཨན་ན་སློབ་གྲྭ་ཆེན་མོར་སྤེལ་བའི་སྐབས་བརྒྱད་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་དུ་ཕེབས་ཏེ་རང་ཉིད་ཀྱིས་བྲིས་པའི་དཔྱད་རྩོམ་སྒྲོག་སྦྱང་བྱས། 2000ལོར། ཧོ་ལན་ལའེ་ཏུན་དུ་སྤེལ་བའི་སྐབས་དགུ་བའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་དུ་ཕེབས་ཏེ་ཚོགས་ཆེན་ལ་རང་ཉིད་ཀྱི་དཔྱད་རྩོམ་སྤྲད།
   2001ལོར། ཨ་རིའི་ཀྲི་ཅ་ཀོ་ནས་སྤེལ་བའི་རྒྱལ་སྤྱིའི་དཔེ་དེབ་བཤམས་སྟོན་ཚོགས་ཆེན་ལ་ཞུགས་ཏེ་རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་བྱེད་མཁན་ལ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་གནས་ཚུལ་མཚམས་སྦྱོར་བྱས་པའི་ཞོར་དུ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་གྲུབ་འབྲས་འགྲེམས་སྟོན་བྱས་པས་རྒྱལ་ཁབ་ཕྱིའི་བོད་རིག་པ་མཁས་ཆེན་དང་རིག་གཞུང་བརྗེ་རེས་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་ཐོན། 2003ལོར། པེ་ཅིང་དུ་བསྡུས་པའི་སྐབས་བདུན་པའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཚན་རྩལ་བྱུང་འཕེལ་གྱི་ལོ་རྒྱུས་ཏེ་བོད་རིགས་ཀྱི་ཚན་རྩལ་བྱུང་འཕེལ་ལོ་རྒྱུས་ཀྱི་རྒྱལ་སྤྱིའི་ཚོགས་འདུར་ཞུགས་ཏེ་རང་ཉིད་ཀྱིས་བྲིས་པའི་དཔྱད་རྩོམ་ཚོགས་ཆེན་ལ་སྤྲད་པ་མ་ཟད། རྒྱལ་ནང་དུ"པེ་ཅིན་བོད་རིག་པའི་བགྲོ་གླེང་ཚོགས་འདུར"སྔ་ཕྱིར་ཐེངས་གསུམ་ལ་ཞུགས་མྱོང་། བོད་རིག་པ་ཞིབ་འཇུག་གི་ཡོ་ལང་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་རྒྱས་པའི་དུས་སྐབས་འདིར། སྐུ་ཞབས་རྒྱལ་མོ་འབྲུག་པ་ལགས་ཀྱིས་ཀྱང་རང་གི་ཤེས་རབ་ཀྱི་བློ་མིག་དང་། མི་རིགས་ཤིག་གི་བརྩེ་ཞེན་རྣལ་མས་བསྐུལ་བ་ལ་བརྟེན་ནས།  བོད་རིག་པ་ཞིབ་འཇུག་གི་ཐད་དུ་གྲུབ་འབྲས་བརྗོད་ཀྱིས་མི་ལང་པ་བླངས་ཡོད་པ་དེར།  ང་ཚོས་རྗེས་སུ་ཡི་རངས་དང་བསྟོད་པའི་མེ་ཏོག་ཅིས་ཀྱང་གཏོར་འོས། ཁོང་གིས་ད་དུང་བོད་རིག་པ་ཞིབ་འཇུག་གི་བརྩོན་པའི་གོམ་ཁ་མ་ལྷོད་པར་སྔར་མུས་བཞིན་ཞིབ་འཇུག་གི་ལས་ལ་བྲེལ་སྟབས་ཀྱིས་འཇུག་བཞིན་ཡོད་པས། ཁོང་གི་ཞིབ་འཇུག་གི་ལམ་བུར་ལྗིད་ཏིག་ཏིག་གི་འབྲས་བཟང་ཞིག་ཡང་བསྐྱར་བསུས་ཡོང་བར་ང་ཚོས་རེ་ལྟོས་ཀྱི་མིག་ཟུང་བགྲད་ནས་ཡོད།།
 རྩོམ་སྒྲིག་པ། ཡུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།