中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > མི་སྣ། > རིག་གནས་མི་སྣ >
༄༅།། མི་རིགས་ཀྱི་སློབ་གསོ་བ་གུ་དྲག
དུས་ཚོད།2016-11-11 09:38:50     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ། རྩོམ་པ་པོ། དཀོན་མཆོག་སྒྲ་དབྱངས་རྒྱ་མཚོ།    ཆུང་། | འབྲིང་། | ཆེ།
    དཀའ་སྤྱད་འབད་བརྩོན་གྱི་སྙིང་རུས་རྩལ་དུ་སྤྲུགས་ཤིང་བློ་གྲོས་ཀྱི་མིག་རྒྱང་སྤོབས་པ་སྟོང་གིས་བསྐྱེད་དེ། བོད་ཀྱི་སློབ་གསོའི་ལས་དོན་ལ་བཞག་པའི་རྣམ་དཀར་དགེ་བའི་མཛད་བཟང་དེས་ཡུལ་གྲུ་འདིའི་སྐྱེ་བོ་ཀུན་གྱི་ཡིད་ཀྱི་མེ་ལོང་ངོར་བག་ཆགས་ཀྱི་རི་མོ་ཞིག་མངོན་པར་བྲིས་ཡོད། དེའི་ཕྱིར་ཀློག་པ་བོ་བགྲང་ལས་འདས་པ་ཞིག་གིས་ཁོང་གི་སྐབས་བབ་ཀྱི་གནས་ཚུལ་ཤེས་ཤིང་རྟོགས་པར་འདོད་པ་གདོན་མི་ཟ་བས། འདིར་སྐུ་ཞབས་གུ་དྲག་གི་གནས་ཚུལ་མདོར་གསལ་ཞིག་བློ་ལྡན་པ་རྣམས་ཀྱི་མིག་གི་དགའ་སྟོན་དུ་ཕུལ་བ་ལ། སྐུ་ཞབས་གུ་དྲག་ནི1955ལོར་ཅོ་ནེའི་དག་ཡིག་ཁོག་ཏུ་སྐྱེས་ཤིང་ཆོས་དཔལ་ལུང་ཁུག་ཏུ་འཚར་ལོངས་བྱུང་། ལོ་ན་ཆུང་བའི་དུས་ནས་བཟུང་རང་སའི་སློབ་ཆུང་དུ་ཡི་གེ་འབྲི་ཀློག་སྦྱང་འགོ་ཚུགས་ཏེ། རིམ་བཞིན་རིག་གནས་ཀྱི་གལ་ཆེ་བའི་རང་བཞིན་གསལ་བོར་རྟོགས་ནས། རྒྱ་ཡིག་གི་ཤེས་བྱ་སྦྱོང་དགོས་པའི་ཐོག་བོད་ཡིག་དེ་བས་སྤྱོད་དགོས་པའི་འདུན་པ་སྐྱེས་ནའང་། རྒྱལ་ཡོངས་ཀྱི་ཡུལ་གྲུ་ཀུན་ཏུ་རིག་གསར་གྱི་ཡི་གེ་མཁོ་མེད་སྨྲ་བའི་རླུང་ངན་རྒྱུ་བྱུང་བས། ལོ་དེར་བོད་ཡིག་བསླབ་རྒྱུའི་སྐལ་བ་ཡེ་ནས་མ་ལྡན་པར་རང་སྦྱོང་མི་བྱེད་ཐབས་མེད་དུ་གྱུར། སྤྱིར་སྦྱོང་བར་འདོད་པའི་ཤེས་བྱ་གང་ཞིག་ཡིན་རུང་གལ་སྲིད་དེ་ལ་ལྡབ་འགྱུར་གྱི་སྤྲོ་བ་སྐྱེས་ཚེ་དེའི་རྩ་བའི་ཆོས་ཉིད་གསལ་བོར་ཤེས་པ་ལྟར། ཁོང་གིས་ལོ་ངོ་དུ་མར་ཧུར་བརྩོན་གྱིས་སྦྱངས་བརྩོན་བྱས་པས། བྱིས་བློའི་འཛིན་མའི་སྣོད་དུ1973ལོར་ཕུལ་དུ་བྱུང་བའི་རྒྱུགས་འབྲས་ལ་བརྟེན་ནས་ཁོང་གིས་ལེན་ཐེངས་གཅིག་གིས་དམངས་སྒྲུབ་དགེ་རྒན་གྱི་གོ་མིང་བླངས་ནས་ལུས་སེམས་ཡོད་ཚད་སློབ་ཁྲིད་ཀྱི་བྱ་བའི་སྟེང་དུ་བཏོན། 1976ལོར་ཁོང་གིས་ཁྲིད་པའི་སློབ་ཚན་ཁག་ལ་ཕུལ་བྱུང་གི་འབྲས་བུ་ལེགས་པོ་བླངས་པ་དང་ཆབས་ཅིག  ཁོང་གི་རང་སྦྱོང་དང་ཉམས་ལེན་གྱི་རྒྱུགས་འབྲས་ལས་ཅོ་ནེ་རྫོང་གི་སློབ་འབྲིང་དུ་ལས་བགོ་བྱས། སློབ་འབྲིང་དུ་ཞུགས་པའི་ཉིན་མོ་ནས་བཟུང་ཁོང་གིས་དཀའ་ཁག་སྣ་ཚོགས་ལ་མགོ་མ་སྨད་པར་ལྕགས་དབྱུག་བརྡར་ནས་ཁབ་ཏུ་གྱུར་པའི་དཔེ་ལྟར། སུན་སྣང་མེད་པར་བོད་རྒྱའི་སྐད་ཡིག་ལ་དེ་བས་སྤྲོ་བས་གཞོལ་ཏེ་འབད་བརྩོན་ལྷོད་མེད་བྱས་ཤིང་ནམ་ཡང་བསམ་པ་རྒྱ་ཡན་དུ་མ་བཏང་བར་སློབ་ཁྲིད་ཀྱི་ལས་འགན་ལེགས་གྲུབ་བྱས་པའི་དུས་མཚུངས་སུ། ད་དུང་སྔར་བཞིན་ཤེས་བྱ་མཐའ་དག་ལ་བློ་ཡིས་ཞིབ་པར་སྦྱངས་པའི་ལས་ལ་རྩེ་གཅིག་ཡིད་ཀྱིས་གཞོལ་བར་བྱས་ཏེ། མི་རིགས་དགེ་ཐོན་འཛིན་གྲྭ་དང་དམའ་འབྲིང་འཛིན་གྲྭའི་སློབ་ཁྲིད་ཐད་བརྩོན་པའི་སེམས་ཤུགས་ལྷོད་མ་མྱོང་བར་བརྟེན། སློབ་མའི་སྦྱངས་འབྲས་ཀྱི་སྤུས་ཚད་དེ་སློབ་འབྲིང་དེ་གའི་ལོ་རྒྱུས་སྟེང་ཟིན་ཐོ་གསར་བ་ཞིག་བསྐྲུན་པས། སློབ་འབྲིང་དེ་གའི་འགོ་ཁྲིད་ཀྱིས་མངོན་པར་མཐོ་བའི་གདེང་འཇོག་དང་གཟེངས་བསྟོད་བྱེད་པའི་ཡུལ་དུ་གྱུར།
    1979ལོར་ཁོང་ཉིད་སློབ་འབྲིང་དགེ་རྒན་ཞིག་གི་མིང་ཐོག་ནས་ཁུལ་ཡོངས་ཀྱི་མི་རིགས་སློབ་གསོའི་ལྟ་སྐོར་ཚོགས་པར་ཞུགས་ཏེ། སྔ་གཞུག་ཏུ་སི་ཁྲོན་དང་མཚོ་སྔོན་སོགས་ས་ཁུལ་དུ་བསྐྱོད་དེ། མི་རིགས་སློབ་གསོའི་ཉམས་མྱོང་བསྡུ་ལེན་བྱས། སྐད་གཉིས་སློབ་ཁྲིད་ཀྱི་བྱེད་ལས་ཀྱི་འགོ་བརྩམས། སྤྱིར་སྐད་གཉིས་སློབ་ཁྲིད་ལ་སྔར་མེད་སྤྲོ་བ་དང་ཐོས་བསམ་བྱེད་མཁན་ཞིག་ཡིན་ཕྱིན། དེ་ལ་མིག་རྒྱང་རིང་ཞིང་སྐྱེས་སུ་འབུལ་བའི་ཕུགས་བསམ་ལྡན་དགོས་ལ། ཁྱོན་རྒྱ་མཁའ་ལྟར་ཡངས་པའི་བློ་ཁོག་དང་གསར་གཏོད་ཀྱི་སྙིང་སྟོབས་ལྡན་དགོས་པ་མ་ཟད། ད་དུང་ཞུམ་པ་མེད་པའི་ཤེས་བརྩོན་ཡང་ལྡན་དགོས་པ་དེ་ལགས། ཁོང་ཉིད་ལྟ་སྐོར་ལ་ཕྱིན་ནས་ཕྱིར་ལོག་པའི་ཉིན་མོ་ནས་བཟུང་། རྫོང་གི་འབྲེལ་ཡོད་འགོ་ཁྲིད་ཀྱི་བཀོད་སྒྲིག་དང་བཀའ་མངགས་ལྟར་རྫོང་ཡོངས་ཀྱི་མི་རིགས་སློབ་གསོའི་ཚོགས་འདུའི་སྟེང་། ཁོང་གིས་བསམ་གཞིགས་གསར་བ་དང་ལྟ་ཚུལ་གསར་བསྒྱུར་གྱིས་མི་རིགས་སློབ་གསོ་བསྒྲུབ་ཚེ་བོད་ཀྱི་སྐད་ཡིག་གི་སློབ་ཁྲིད་དམ་འཛིན་བྱ་དགོས་པའི་གལ་ཆེན་རང་བཞིན་དང་མི་རིགས་ཤིག་གི་དར་རྒུད་ནི་དེའི་རིག་གནས་གོང་འཕེལ་དུ་སོང་ཡོད་མེད་ལ་རག་ལས་པ་སོགས་ཀྱི་རྒྱུ་མཚན་བསྙད་པ་དེས། ཚོགས་ཞུགས་འགོ་ཁྲིད་དང་དགེ་རྒན་ཚོའི་ཡིད་ངོར་མི་རིགས་སློབ་གསོའི་ཉི་གཞོན་གསར་བ་ཞིག་ཡུལ་འདི་རུ་འཕྲོ་ངེས་པའི་ཡིད་ཆེས་དང་རེ་བ་སྟོང་གི་སྐྱ་རེངས་མཁའ་ནས་ཤར་དུ་བཅུག 
    དེ་ནས་ཅུང་མ་འགོར་བར་གོང་རིམ་རྩ་འཛུགས་ཀྱིས་ཅོ་ནེ་ཉིན་པ་སློབ་གྲྭ་ལ་ཤ་ཚ་ཞིང་བློ་དཀར་བ། སྙིང་རུས་ཅན་གྱི་སློབ་གཙོ་ཞིག་མཁོ་བར་ཁོང་ཉིད་བདམས་ནས་སློབ་གཙོར་བསྐོ་བཞག་བྱས། ཁོང་གིས་ཀྱང་རང་གི་སློབ་གསོའི་ཉམས་མྱོང་དང་བློ་སྟོབས་ལ་བསྟུན་ནས་ཅོ་ནེ་རྫོང་གི་ལོ་རྒྱུས་ཀྱི་སྟེང་དུ་ཞག་འདུག་སློབ་གྲྭ་ཐོག་མ་འཛུགས་པའི་སྟ་གོན་དུ་ཞུགས་པ་མ་ཟད། ད་རུང་སྤོབས་པ་ཆེན་པོས་སློབ་ཁྲིད་ཀྱི་བྱེད་སྟངས་བསྒྱུར་བཅོས་བྱས་ཏེ། བོད་ཡིག་གཙོ་བོ་བྱེད་པའི་སློབ་ཁྲིད་ཀྱི་བྱེད་སྒོ་དར་སྤེལ་དུ་བཏང་སྟེ་སློབ་མའི་བློ་ཁམས་དང་བསྟུན་ནས་དཔེ་ཁྲིད་ནན་ཏན་བྱས་པར་ཕན་འབྲས་སྔར་ལས་ཐོན་ཏེ་རྫོང་ཡོངས་ཀྱི་ཞག་འདུག་ལམ་ལུགས་ཆ་ཚང་ཅན་གྱི་སློབ་གྲྭ་དང་མི་རིགས་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་རྟེན་གཞི་འགངས་ཆེན་ཞིག་དང་མིང་དོན་མཚུངས་པ་ཞིག་ཏུ་གྱུར་པར་བརྟེན། སློབ་གྲྭ་འདིར་ཁུལ་དང་རྫོང་གིས་གཟེངས་བསྟོད་ཀྱི་བྱ་དགའ་ལན་མང་དང་བསྔགས་བརྗོད་ཐེངས་མང་གནང་བའི་ཐོག  ཁུལ་དང་རྫོང་གིས་སྔོན་ཐོན་སློབ་གྲྭའི་མཚན་མིང་ཡང་གནང་བ་རེད། ཡིན་ཡང་ཁོང་ད་དུང་མིག་མདུན་དུ་མངོན་པའི་གྲུབ་འབྲས་དེ་དག་ལ་བློ་ཡིད་གཏན་ནས་མ་ཚིམ་པར་སྔར་མེད་ཀྱི་སྤོབས་པ་བསྐྱེད་ནས་རང་རིགས་ཀྱི་སློབ་བུ་གང་དང་གང་མང་ཞིག་སྐྱེད་སྲིང་བྱེད་པར་བསམ་གཞིགས་མུ་མཐུད་བཏང་།      
    1984ལོར་བྱ་བའི་དགོས་མཁོ་ལྟར་གོང་རིམ་རྩ་འཛུགས་ཀྱིས་ཁོང་ཉིད་ཅོ་ནེ་རྫོང་རིག་སློབ་ཅུས་ཀྱི་ཅུས་ཀྲང་གཞོན་པར་བསྐོ་བཞག་བྱས་ཏེ། རྫོང་བོད་རིགས་སློབ་འབྲིང་འཛུགས་གྲབས་བྱེད་པའི་སྟ་གོན་གྱི་བྱ་བའི་འགན་བསྐྱོན། དུས་དེར་ཁོང་གི་ཡ་ཆུང་གངས་དཀར་སེམས་ལ་རང་མི་རིགས་ལ་ཕན་པའི་བྱ་བ་ཞིག་སྒྲུབ་པའི་དབང་དུ་བཏང་ན། ཁ་བཤད་ཙམ་ལས་མི་ཆོག་པར་ལག་ལེན་དངོས་སུ་བསྟར་དགོས་པར་སྙམ་སྟེ། བློ་རྩ་བརྟན་ཞིང་ངལ་བ་སྟོང་གིས་སློབ་འབྲིང་འཛུགས་པར་འཆར་གཞི་འགོད་པ་དང་མ་དངུལ་བསྡུ་བའམ། འབྲེལ་ཡོད་འགོ་ཁྲིད་ལ་ཡར་ཞུ་དང་མཐུན་སྦྱོར་བཅས་བྱས་ཏེ་བྱ་གཞག་གསར་བཏོད་ཀྱི་ལམ་དུ་འགྲོ་བར་བློ་རྩེ་་གཅིག་གིས་འབད་འབུངས་བྱས།
    1989ལོར་གོང་རིམ་གྱིས་ཁོང་གི་འཇོན་ཐང་ལ་གཞིགས་ནས་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པར་བསྐོས་ཏེ། སྲིད་དོན་གྱི་གར་སྟེགས་སྟེང་དུ་དེ་བས་ཀྱང་རང་གི་ཤེས་བྱའི་ནུས་པ་ངོམ་དུ་བཅུག ཁོང་གིས་ཀྱང་རྩ་འཛུགས་ཀྱིས་རང་ལ་སྤྲད་པའི་ལས་བགོས་བྱ་བ་འདི་ལེགས་པོར་བསྒྲུབ་དགོས་པར་སྙམ་སྟེ། རྫོང་ཡོངས་ཀྱི་མི་རིགས་སློབ་གསོའི་ལས་དོན་སྔར་ལས་མཐོ་རུ་འདེགས་པར་ཡིད་ཆེས་ཁེངས་ཏེ་བརྩོན་པའི་རྒྱུན་ཐག་མ་ལྷོད་པར་ཐབས་ལམ་གསར་བ་འཚོལ་ཕྱིར། ཅོ་ནེ་རྫོང་དུ་བོད་ཀྱི་སྐད་ཡིག་གི་ཟབ་སྦྱོང་འཛིན་གྲྭ་ཐེངས་དང་བོ་བསྒྲུབས་ཏེ་མཁས་དབང་དོར་ཞི་རིན་པོ་ཆེ་སོགས་མཁས་ཆེན་འགའ་གདན་འདྲེན་ཞུས་ནས་དཔེ་ཁྲིད་བྱས་པར་བརྟེན། འཛིན་གྲྭ་དེར་ཞུགས་པའི་དགེ་རྒན་དང་ལས་བྱེད་པ་ཚོས་བསྟོད་པའི་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་གཏོར་མྱོང་བ་རེད། ཁོང་གིས་རང་གི་ལས་བབ་ཀྱི་བྱ་བར་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པར་བརྟེན། 1991ལོར་གོང་རིམ་རྩ་འཛུགས་ཀྱིས་ཁོང་གི་ལས་གནས་སྤར་ནས་ཁུལ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པར་བསྐོ་བཞག་བྱས། ཁོང་གིས་ཀྱང་སྔར་ལས་ལྷག་པར་རང་ལ་བླང་བྱ་ནན་མོ་བཏོན་ནས་ཁུལ་ཡོངས་ཀྱི་སློབ་གསོའི་བྱ་བ་མཐའ་དག་མ་འཆོལ་བར་ལྷོད་གཡེང་མེད་པར་བརྩོན་པ་བྱས་པ་དང་། སྒོས་སུ་མི་རིགས་སློབ་གསོའི་ལས་དོན་མཐོ་རུ་འདེགས་པར་རྩེ་གཅིག་ཡིད་ཀྱིས་འབད་འབུངས་བྱས། གོང་རིམ་རྩ་འཛུགས་ཀྱིས་ཁོང་ཉིད་གཙོས་བོད་རིགས་སློབ་འབྲིང་འཛུགས་གཉེར་བྱེད་པའི་སྟ་གོན་གྱི་འགོ་ཁྲིད་ཚན་ཆུང་གི་འགོ་གཙོ་ལ་བསྐོས་ནས་བྱ་བའི་འགན་བསྐྱོན།
   དུས་དེར་ཁོང་ཉིད་ཀྱིས་ལྕི་བའི་ཁུར་བོ་ཕྲག་ཏུ་བླངས་ཏེ་སློབ་འབྲིང་འདི་ལེགས་པོ་ཞིག་བསྒྲུབ་པར་བརྩོན་པ་ལྷོད་མེད་བྱ་རྒྱུའི་བློ་ཐག་བཅད་དེ། ཐབས་བརྒྱ་ཇུས་སྟོང་གིས་འཆར་གཞི་འགོད་པ་དང་མི་སྣ་འཚོལ་བ། མ་དངུལ་བསྡུ་བ་སོགས་ཀྱི་ཐད་ཧུར་ཐག་བྱེད་འགོ་བརྩམས། ཐོག་མར་ཁོང་ཉིད་སློབ་འབྲིང་འཛུགས་གཉེར་བྱེད་པའི་ལས་ཡུལ་དངོས་སུ་སོང་ནས་བློ་རྩེ་གཅིག་གིས་སློབ་འབྲིང་འདིའི་རྨང་གཞི་འདིང་བའི་ཐད་ལ་གཉིད་ཆག་ཟས་བརྗེད་ཀྱི་བརྩོན་སེམས་བསྐྱེད་ནས་རང་ནུས་གང་ཡོད་བཏོན་པ་མ་ཟད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་རྟ་མགྲིན་སྐྱབས་ཀྱི་བྱམས་བརྩེ་ཐུགས་ཁུར་འོག་ཏུ། བློ་མཐུན་གཞན་པ་དང་མཉམ་དུ་ལུས་ཀྱི་ངལ་བ་དང་དཀའ་ཚེགས་ལ་མ་འཛེམ་པར་རེབ་ཐེངས་མང་བོར་རྒྱལ་ས་པེ་ཅིན་དང་ཞིང་ཆེན་དུ་སོང་ནས་འཛུགས་སྐྲུན་གྱི་མ་དངུལ་སློང་བ་དང་། ཕྱོགས་གཞན་ཞིག་ནས་སྤྱི་ཚོགས་ཡོངས་ལ་ཞལ་འདེབས་སློང་ཆེད་ཁོང་ཉིད་ཉིན་ཞག་གི་ཕྲེང་བ་རེ་རེ་དང་ལོ་ཟླ་ཡི་འཁོར་མོ་རེ་རེར་ཁུལ་གྱི་རྫོང་ཁག་སོ་སོར་སོང་བར་བརྟེན། སློབ་གྲྭའི་འཛུགས་སྐྲུན་ཐད་ལ་མ་དངུལ་འབོར་ཆེན་ཞིག་ལག་ཏུ་འབྱོར་ནས་ལས་གྲྭ་གཙོ་བོ་ལེགས་གྲུབ་བྱུང་སྟེ་རྨང་ལེགས་པོ་བཏིང་། ཡིན་ནའང་སློབ་འབྲིང་འདིའི་ཕྱིའི་བཀོད་པ་དང་ནང་གི་སྒྲིག་བཀོད་ཀྱི་ཆ་ལ་བོད་རང་གི་ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་ད་དུང་མ་དངུལ་འབོར་ཆེན་ཞིག་མཁོ་བར་ཁོང་ཉིད་ཆེད་དུ་རྒྱལ་ས་པེ་ཅིན་ལ་སོང་ནས་ཨུ་ཡོན་ཀྲང་གཞོན་པ་ང་ཕོད་ལགས་ཀྱི་མདུན་སར་བཅར་ནས་གནས་ཚུལ་ཡར་ཞུ་དང་གཞན་ཡང་རྒྱལ་ཁབ་སློབ་ཨུའམ་རྒྱལ་ཁབ་འཆར་གཞི་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཁང་བཅས་སུ་འཛུགས་སྐྲུན་གྱི་མ་དངུལ་སློང་བའི་གཞུ་རྒྱུད་ནམ་ཡང་ལྷོད་མ་མྱོང་ཞིང་སློབ་སྒྲུབ་ཀྱི་ཆ་རྐྱེན་ཇེ་ལེགས་སུ་གྱུར་པར་བརྟེན། 1993ལོའི་ཟླ9བར་སློབ་འབྲིང་འདིའི་སློབ་ཁྲིད་ཀྱི་ཐོག་ཁང་དང་སློབ་མའི་མལ་སའི་ཐོག་ཁང་། དགེ་རྒན་གྱི་སྡོད་ཁང་དང་སློབ་མའི་ཟ་ཁང་བཅས་སྔ་གཞུག་ཏུ་ལེགས་གྲུབ་བྱུང་ནས་སློབ་གཉེར་བ་ཐེངས་དང་བོ་བསྡུས་ནས་དགའ་སྟོན་གྱི་མཛད་སྒོ་འཚོགས་པས་ན། དེར་རྟེན་འབྲེལ་དུ་ཡོང་བའི་ལས་རིགས་སོ་སོའི་སྐུ་མགྲོན་ཚོས་བསྔགས་བརྗོད་ཀྱི་མེ་ཏོག་ཀུན་ནས་གཏོར་བ་དང་ཡིད་ཆེས་ཀྱི་རེ་བས་ཁེངས་པར་གྱུར། དེ་དང་ལྷན་དུ་མི་རིགས་ཆོས་ལུགས་ལས་རིགས་ཀྱིས་སློབ་གྲྭ་སྒྲུབ་པའི་ནུས་པ་འདོན་ཆེད། ཁོང་གིས་མཁས་དབང་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་ཁུལ་བོད་རིགས་སློབ་འབྲིང་དང་ཅོ་ནེ་རྫོང་གི་ཉིན་པ་སློབ་གྲྭའི་མཚན་འཛིན་སློབ་གཙོ་རུ་གདན་འདྲེན་ཞུས། ཁོང་གིས་སྔ་གཞུག་ཏུ་སློབ་གསོ་ཅུས་དང་ཁུལ་དམངས་ཆེན་དུ་བྱ་བའི་འགན་འཁུར་ནའང《ཀན་ལྷོ་ཁུལ་བོད་རིགས་སློབ་གྲྭ་འབྲིང་ཆུང་གི་བྱ་བའི་སྲོལ་ཡིག》དང《ཀན་ལྷོ་ཁུལ་གྱིས་ཧུར་བརྩོན་སྒོས་མི་རིགས་སློབ་གསོ་འཕེལ་རྒྱས་གཏོང་བའི་སྐོར་གྱི་གཏན་འབེབས》《ཀན་ལྷོ་ཁུལ་གྱི་བོད་རིགས་སློབ་གྲྭ་འབྲིང་ཆུང་གི་ལོ་བཅུ་གཉིས་ལམ་ལུགས་ཀྱི་འཆར་གཞི》《ཀན་ལྷོ་ཁུལ་གྱི་རང་སྐྱོང་སྲོལ་ཡིག》《ཀན་ལྷོ་ཁུལ་བོད་ཀྱི་སྐད་ཡིག་གི་སྲོལ་ཡིག》《ཀན་ལྷོ་ཁུལ་གྱི་སློབ་གསོའི་བྱ་བར་ཤུགས་སྣོན་གཏོང་དགོས་པའི་སྐོར་གྱི་བསམ་འཆར་འགའ》སོགས་ས་གནས་ཀྱི་ཁྲིམས་སྲོལ་དང་སྲིད་གཞུང་གི་ཚད་ལྡན་ཡིག་ཆ་དག་བཅོས་དང་རྩོམ་སྒྲིག་བྱ་བར་ཧུར་ཐག་གིས་ཞུགས་པའི་ཐོག་དུས་རྣམ་ཀུན་ཏུ་མི་རིགས་ཀྱི་རིག་གནས་གོང་དུ་སྤེལ་བ་དང་བདེ་སྡུག་ཐད་དོ་སྣང་ཆེ་བ་མཚོན་ཞིང་ལོ་མང་བོའི་རིང་གི་བྱ་བའི་ཞོར་དུ་རང་གི་རྣམ་དཔྱོད་ཀྱི་རྩལ་དང་ཤེས་རབ་ཀྱི་རྒྱུན་གྱིས་ཆེད་རྩོམ་དང་དཔྱད་རྩོམ་མང་བོ་བྲིས་ནས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་དུས་དེབ་ཏུ་བཀོད་པ་མ་ཟད། ཆེད་རྩོམ་བཅུ་ལྷག《འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ལམ་བུ》དང《འོད་སྟོང་འབར་བའི་ལེ་ཚན》《ལོ་རྒྱུས་ཀྱིས་མ་འོངས་པ་བརྗོད་པ》《དེང་རབས་ཆེད་མཁས་པའི་དཔྱད་རྩོམ་གཅེས་བསྡུས》《ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་རིག་མཛོད》《དུས་རབས་ཉེར་གཅིག་པའི་རིག་གཞུང་ཞིབ་འཇུག་དང་ལག་ལེན》《འོད་སྟོང་འབར་བའི་ཕྱོགས་སུ་སྐྱོད་པ》《ཀྲུང་གོའི་བཅོས་བསྒྱུར་གྱི་མདུན་སའི་རིག་གཞུང་ཚད་ལྡན་ཡིག་ཆ》《ཀྲུང་གོའི་སྤུས་ལེགས་རིག་མཛོད》《ཀྲུང་གོའི་སྤྱི་ཚོགས་ཚན་རིག་གི་དཔེ་ཚོགས》སོགས་སུ་བཀོད་པ་མ་ཟད། ད་དུང་ཆེད་རྩོམ་བཅུ་ལྷག་ལ་རྒྱལ་ཡོངས་དང་ཞིང་ཆེན་གྱི་རིམ་པ་མི་འདྲ་བའི་བྱ་དགའ་ལན་མང་ཐོབ། དུས་མཚུངས་སུ་ཁོང་གི་རྣམ་དཔྱོད་རྩལ་ལས་ཐོན་པའི《གུ་དྲག་གི་རྩོམ་རིག་གཅེས་བསྡུས》དང《གུ་དྲག་གི་བརྩམས་ཆོས་ཕྱོགས་བསྒྲིགས》པར་དུ་བསྐྲུན་ཏེ་ཀུན་ལ་སྐྱེས་སུ་ཕུལ། གཞན་ཡང་ཁོང་གི་མཛད་རྗེས《ཀྲུང་གོའི་སློབ་གསོའི་ཆེད་ལས་མཁས་པའི་ཚིག་མཛོད》དང《ཀྲུང་གོའི་ཤེས་ལྡན་མི་སྣའི་ཚིག་མཛོད》《ཀྲུང་གོའི་ཆེད་མཁས་པའི་ཚིག་མཛོད》དང《ཀྲུང་ཧྭའི་གྲགས་ཅན་མི་སྣའི་ཚིག་མཛོད》སོགས་ཚིག་མཛོད་ཆེ་གྲས་བཅུ་ལྷག་ཏུ་བཀོད་ཡོད། འདི་ནི་ཁོང་གི་བརྩོན་པའི་ངར་ལས་བྱུང་བའི་གད་རྒྱངས་ཡིན་གྱི་རྣམ་གཡེང་བག་ཏུ་ཉལ་བའི་རྨི་ལམ་ག་ལ་ཡིན། དེའི་ཕྱིར་ང་ཚོས་ངག་སྒོ་ཡངས་པོར་ཕྱེས་ནས་ཁོང་གི་རྣམ་དཀར་དགེ་བའི་མཛད་འཕྲིན་ལ་བསྔགས་བརྗོད་དེ་བས་བྱེད་རིགས་སོ།།
རྩོམ་སྒྲིག་པ། ཡུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།