中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། རྒྱལ་བཟའ་བལ་བཟའ།
དུས་ཚོད།2016-12-02 18:18:07     རྩོམ་གྱི་ཡོང་ཁུངས། ཡོངས་འཛིན་རིག་མཛོད།    ཆུང་། | འབྲིང་། | ཆེ།
    དུས་རབས་བདུན་པའི་ནང་བོད་རྒྱལ་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོས་བལ་ཡུལ་དུ་བློན་པོ་སོགས་བཏང་ནས་བལ་བོ་རྒྱལ་བོའི་སྲས་མོ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་དང་ཞལ་ནས་ཙན་དན་གྱི་དྲི་བྲོ་བའི་ཁྲི་བཙུན་ཞེས་པ་དེ་རྒྱལ་བོའི་བཙུན་མོར་སློང་ཡང་བལ་བོའི་རྒྱལ་བོས་འདྲི་བ་དཀའ་གནད་ཆེ་བ་གསུམ་བཏོན་ནས་དེ་དག་ལ་ལན་འདེབས་ཐུབ་ན་སྲས་མོ་སྟེར་ཞེས་གསུངས། བོད་ཀྱི་བློན་པོས་དྲི་བ་གསུམ་པོར་ལན་ཡང་དག་པ་བཏབ་ནས་བལ་བཟའ་ཁྲི་བཙུན་མི་སྟེར་ཀ་མེད་བྱུང་། ཡབ་རྒྱལ་བོས་བལ་བཟའ་ཁྲི་བཙུན་གྱི་སྐུ་སྐལ་དུ་ཤཱཀྱ་ཐུབ་པ་དགུང་ལོ་བརྒྱད་ཀྱི་སྐུ་ཚད་ཡིན་པའི་ཇོ་བོ་མི་བསྐྱོད་རྡོ་རྗེ་དང་། ཙན་དན་གྱི་སྒྲོལ་མ། བྱམས་པ་ཆོས་འཁོར་སོགས་བརྫངས་ནས་རྟ་བ་བརྒྱ་ཕྲག་མང་པོས་སྐྱེལ་མ་བྱས་ཏེ་བོད་ཀྱི་ས་མཚམས་སྐྱིད་གྲོང་བར་བསྐྱལ་བ་དང་བོད་ཀྱི་བསུ་མ་སྐྱིད་གྲོང་དུ་འབྱོར་ནས་བལ་བཟའ་ཁྲི་བཙུན་ལྷ་སར་གདན་དྲངས་ཏེ་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་མཇལ། ཆོས་རྒྱལ་སྲོང་བཙན་སྒམ་པོས་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་གཟབ་རྒྱས་བཤམས་ཐོག་ཚང་མ་དགའ་སྤྲོའི་དཔལ་ལ་རོལ།
    ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོས་བློན་པོ་རིག་པ་ཅན་མགར་སྟོང་བཙན་སོགས་རྟ་བ་བརྒྱ་ཕྲག་རྒྱ་ནག་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་ལ་རྒྱལ་བོའི་བཀའ་ཤོག་སྒྲོམ་བུ་དང་། རིན་ཆེན་པདྨ་རཱ་གའི་ཁྲ་རྒྱན་གྱི་ཁྲབ། གསེར་གྱི་དོང་ཙེ། གསེར་ཕྱེ་མ་སོགས་འབུལ་རྟེན་གྱ་ནོམ་པ་བསྐུར་ནས་སྲས་མོ་ལྷ་གཅིག་བུན་ཁྲེང་ཀོང་ཇོ་རྒྱལ་བོའི་བཙུན་མོར་སློང་བར་བཏང་ཞིང་། བོད་ཀྱི་བློན་པོ་མགར་བ་སྟོང་བཙན་སོགས་རྒྱལ་ས་ཁྲང་ཨན་ལ་འབྱོར་སྐབས་རྒྱ་གར་རྒྱལ་བོའི་བློན་པོ་དང་། སྟག་གཟིག་ནོར་གྱི་རྒྱལ་བོའི་བློན་པོ། བྷ་ཏ་ཧོར་གྱི་རྒྱལ་བོའི་བློན་པོ། གེ་སར་དམག་གི་རྒྱལ་བོའི་བློན་པོ་བཅས་རྒྱལ་ཁབ་ཆེན་པོ་བཞིའི་ཕོ་ཉ་ཡང་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་ལ་སྲས་མོ་བུན་ཁྲེང་ཀོང་ཇོ་སློང་བར་སླེབས་ཟིན་ཡོད། སྲས་མོ་བུན་ཁྲེང་ཀོང་ཇོ་རྒྱལ་ཁབ་ལྔ་བོ་སུ་ལ་སྟེར་ན་ལེགས་མིན་ཐེ་ཚོམ་སོམ་ཉིའི་སྐབས་སུ། གོང་མ་དང་། བཙུན་མོ། རྒྱལ་སྲས། སྲས་མོ་ཀོང་ཇོ་བཅས་གྲོས་མོལ་བྱས་པའི་མཐར་རང་རང་སོ་སོའི་བློ་འདོད་མི་འདྲ་བ་རེ་བྱུང་། གོང་མའི་ཐུགས་ལ་ཀོང་ཇོ་རྒྱ་གར་རྒྱལ་བོར་སྟེ་འདོད་ཆེ། གང་ལགས་ཤེ་ན། རྒྱ་གར་ཆོས་ཀྱི་འབྱུང་ཁུངས་ཡིན་པས་བཀའ་དྲིན་ཆེ་བར་སེམས། བཙུན་མོའི་ཐུགས་ལ་སྟག་གཟིག་ནོར་གྱི་རྒྱལ་བོར་སྟེར་འདོད་ཆེ། གང་ལེགས་ཤེ་ན། སྟག་གཟིག་ནོར་གྱི་རྒྱལ་བོ་ནི་སྟོབས་འབྱོར་མངའ་ཐང་ཆེ་བས་སོ། ། རྒྱལ་སྲས་ཀྱི་ཐུགས་ལ་བྷ་ཏ་ཧོར་གྱི་རྒྱལ་བོར་སྟེར་བར་འདོད། གང་ལེགས་ཤེ་ན། བྷ་ཏ་ཧོར་གྱི་རྒྱལ་བོ་ནི་ལུས་ཀྱི་རྩལ་བཟང་པོ་ཁྱད་དུ་འཕགས་པས་སོ། ། ཀོང་ཇོ་རང་ཉིད་ཀྱི་ཐུགས་ལ་གེ་སར་དམག་གི་རྒྱལ་བོའི་བཙུན་མོ་བྱེད་པར་འདོད། གང་ལགས་ཤེ་ན། གེ་སར་དམག་གི་རྒྱལ་བོ་ནི་གཟུགས་བཟང་ཞིང་སྐྱེ་འབྲས་མཚར་བས་ཚེ་གང་གི་གཏན་གྲོགས་བྱེད་པའི་མཐུན་རྐྱེན་ཚང་བར་སེམས། བོད་ལ་སྟེར་འདོད་མཁན་གཅིག་ཀྱང་མ་བྱུང་། ཐང་གི་གོང་མ་ཆེན་པོ་ཅི་བྱ་གཏོལ་མེད་དུ་འགྱུར་བའི་སྐབས་དེར། གོང་མས་རྒྱལ་ཁབ་ལྔ་ནས་ཕེབས་པའི་བློན་པོ་རྣམས་རིག་པ་སུ་རྣོའི་འགྲན་བསྡུར་གྱིས་ཤིག    རིག་པའི་འགྲན་བསྡུར་སུ་རྒྱལ་བ་ལ་ཀོང་ཇོ་སྟེར་གསུངས། དེ་ནས་རིག་པ་སུ་རྣོ་བའི་འགྲན་བསྡུར་ཁག་བརྒྱད་བྱས་པ་སྟེ།
   གཅིག གཡུ་མིག་ཀྱག་ཀྱོག་ནང་དར་སྐུད་རྒྱུ་བ། གཉིས། ཉིན་གཅིག་ནང་ལུག་བརྒྱ་བསོད་པ་དང་། བཤའ་པ། ཤ་བཟའ་བ། པགས་པ་མཉེས་བ་སོགས་བྱ་རྒྱུ། གསུམ། ཆང་བན་ཆེན་པོ་བརྒྱ་ཉིན་གཅིག་ནང་བཏུང་བ། མ་བོ་བ། མ་བཟི་བ་སོགས་བྱ་རྒྱུ། བཞི། རྟ་མ་བརྒྱ་དང་རྟའུ་བརྒྱ་ཁ་ཕྲལ་ནས་རྟ་མ་སུའི་རྟེའུ་སུ་ཡིན་པ་བུ་སྦྱོར་ཐུབ་པར་བྱེད་རྒྱུ། ལྔ། བྱ་མོ་དང་བྱ་ཕྲུག་ཁ་བྲལ་ནས་བྱ་མོ་སོ་སོའི་བྱ་ཕྲུག་སུ་ཡིན་ངོ་ཤེས་ཐུབ་པར་བྱ་རྒྱུ། དྲུག གསོམ་ཤིང་མགོ་མཇུག་སྤོམ་ཕྲ་མཚུངས་བ་བརྒྱའི་མགོ་མཇུག་ངོ་ཤེས་ཐུབ་པ་བྱ་རྒྱུ། བདུན། སྟོན་མོའི་ཐིག་ཆང་གིས་ཡོངས་སུ་བཟི་རྗེས་མཚན་མོ་མིན་ནག་ནང་རང་རང་སོ་སོའི་གནས་ཚང་དུ་ལོག་ཐུབ་པར་བྱ་རྒྱུ། བརྒྱད། བུ་མོ་སྐྱེ་འབྲས་མཚར་ལུགས་གཅིག་མཚུངས་ཡིན་པ་སུམ་བརྒྱའི་ནང་ནས་ཀོང་ཇོ་ངོ་ཤེས་ཐུབ་པར་བྱ་རྒྱུ་བཅས་རིག་པ་འགྲན་བསྡུར་ཁག་བརྒྱད་པོ་ཚང་མ་བོད་ཀྱི་བློན་པོ་རིག་པ་ཅན་མགར་བ་སྟོང་བཙན་ལ་རྒྱལ་ཁ་ཐོབ་པས་ཐང་རྒྱལ་རབས་ཀྱི་གོང་བློན་འཁོར་བཅས་དང་། རྒྱལ་ཁབ་ཆེན་པོ་བཞིའི་བློན་པོ་རྣམས་བོད་ཀྱི་བློན་པོའི་རིག་པ་ལ་ངོ་མཚར་ཡིད་སྨོན་གྱིས་བསྟོད་བསྔགས་ཆེན་པོ་བྱས། དེ་ནས་ཐང་གི་གོང་མས་ལྷ་གཅིག་བུན་ཁྲེང་ཀོང་ཇོ་བོད་ཀྱི་རྒྱལ་བོའི་བཙུན་མོར་མི་སྟེར་ཀ་མེད་བྱུང་བ་དང་གོང་མ་ཆེན་པོས་ལྷ་གཅིག་བུན་ཁྲེང་ཀོང་ཇོའི་སྐུ་སྐལ་དུ་སྟོན་པ་ཤཱཀྱ་ཐུབ་པ་དང་། དགུང་ལོ་བཅུ་གཉིས་ཀྱི་སྐུ་ཚད་ཡིན་པའི་ཇོ་བོ་ཤཱཀྱ་མུ་ནེ། ལས་ཀྱི་མེ་ལོང་། གབ་ཙེ་གཙུག་ལག་སུམ་བརྒྱ། བཟོ་ཡི་རིག་བྱེད་དྲུག་ཅུ། བརྟག་ཐབས་བརྒྱ་དང་དཔྱད་ལྔ་སྤྱད་དྲུག སྦྱོར་སྡེ་བཞི་ལ་སོགས་པ་གནང་། ལྷ་གཅིག་བུན་ཁྲེང་ཀོང་ཇོ་འཁོར་བཅས་དང་བོད་ཀྱི་བློན་པོ་འཁོར་བཅས་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་ནས་རྡོག་ཐོན་གྱིས་བོད་ཀྱི་ཕྱོགས་སུ་ཕེབས། བུན་ཁྲེང་ཀོང་ཇོ་འཁོར་བཅས་ལྷ་སར་ཕེབས་འབྱོར་ཟིན་སྐབས། ལྷ་སའི་བར་སྣང་དར་འཕྱར་གྱིས་སྒྲིབ་པ་དང་། ས་གཞི་ཆེན་པོ་གཟབ་མཆོར་སྤྲས་བའི་མི་ཚོགས་ཀྱིས་ཁེངས་བ། གླུ་དང་གར་རོལ་མོ་ལ་སོགས་པ་སྙན་པའི་དབྱངས་ཀྱིས་ནམ་མཁའ་གང་བ་སོགས་བསུ་བ་ཞུ་བའི་དགའ་སྤྲོའི་རྣམ་པས་ས་ཕྱོགས་ཀུན་ཁྱབ་ཅིང་། ཆོས་རྒྱལ་སྲོང་བཙན་སྒམ་པོས་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་གཟབ་རྒྱས་བཤམས་ནས་ཐམས་ཅད་དགའ་བདེའི་དཔལ་ལ་རོལ།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།