中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། བོད་ལྗོངས་སུ་གནའ་བོའི་རྗེས་ཤུལ་20ལྷག་གསར་དུ་རྙེད་པ།
དུས་ཚོད།2017-03-24 16:33:11     རྩོམ་གྱི་ཡོང་ཁུངས། མི་དམངས་དྲ་བའི་འཕྲིན།     ཆུང་། | འབྲིང་། | ཆེ།
     ཟླ3ཚེས22ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་(གཤམ་དུ་བསྡུས་མིང་ལ་བོད་ལྗོངས་རིག་དངོས་ཞིབ་འཇུག་ཁང་འབོད་རྒྱ྄ུ་ཡིན་)ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོ་ནས2016ལོའི་བར་དུ་གནའ་རྫས་རྟོག་ཞིབ་བརྟག་དཔྱད་བྱེད་པའི་རིང་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཁོངས་སུ་གནའ་བོའི་རྗེས་ཤུལ20གསར་དུ་རྙེད་པ་དང་། དེས་ཡར་ཀླུང་གཙང་པོ་འབབ་རྒྱུད་ཀྱི་གནའ་བོའི་ལོ་རྒྱུས་རིག་གནས་འཚོལ་ཞིབ་བྱ་རྒྱུར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་འདོན་སྤྲོད་བྱས།
     ཡར་ཀླུང་གཙང་པོའི་བར་རྒྱུད་ཀྱི་ཡར་ཀླུང་ལུང་གཞུང་ནི་གནའ་སྔ་མོ་ནས་བཟུང་བོད་ཀྱི་བསྐལ་པ་ཡ་ཐོག་གི་ཤེས་རིག་འབྱུང་ཡུལ་གཅིག་ཡིན་པ་དང་། བོད་ལྗོངས་རིག་གནས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཁྲེན་ཙུའུ་ཅུན་གྱིས་ཡར་ཀླུང་གཙང་པོའི་འབབ་རྒྱུད་ཀྱི་ཡི་གེ་མ་བྱུང་སྔོན་གྱི་ལོ་རྒྱུས་ནས་བཙན་པོའི་དུས་སྐབས་བར་གྱི་གནའ་རྫས་རྟོག་ཞིབ་རྗེས་ཤུལ་ལ་རྒྱུད་རིམ་ལྡན་པའི་བརྟག་དཔྱད་དང་། ཚོད་ལྟའི་སྔོག་འདོན། ཞིབ་འཇུག་བཅས་བྱེད་པར་བརྟེན་ནས་ས་ཁོངས་འདི་ཡར་ཀླུང་སྤུ་རྒྱལ་ཚོ་བ་(གདོད་མའི་རུས་རྒྱུད་ཀུང་ཧྲེའི་དུས་སྐབས་སུ་ལྷོ་ཁའི་ཡར་ཀླུང་ལུང་གཞུང་གི་འཕྱོངས་རྒྱས་དང་རྩེད་ཐང་རྒྱུད་དུ་འཚོ་གནས་བྱས་པའི་ཚོ་བ་མཉམ་འབྲེལ་)ནས་བོད་བཙན་པོའི་རྒྱལ་རབས་སུ་འཕེལ་རྒྱས་བྱུང་བའི་ལོ་རྒྱུས་འཕེལ་རིམ་དང་ནང་གནས་འགུལ་རྐྱེན་འཚོལ་ཞིབ་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་པ་རེད།
    ཡུལ་དངོས་སུ་བརྟག་དཔྱད་མ་བྱས་གོང་། བོད་ལྗོངས་རིག་གནས་ཞིབ་འཇུག་ཁང་གིས་《འཕྱོངས་རྒྱས་རྫོང་གི་རིག་དངོས་ལོ་རྒྱུས་དེབ་ཐེར》དང་བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་ཡོངས་བཤེར་ཐེངས་གསུམ་པའི་དཔྱད་གཞིའི་ཡིག་རིགས་ལྟ་ཞིབ་བྱས་པ་བརྒྱུད་ཡར་ཀླུང་གཙང་པོའི་ཡན་ལག་འཕྱོངས་རྒྱས་ཆུ་བོའི་འབབ་རྒྱུད་ཀྱི་རིག་དངོས་ཁྱབ་ཚུལ་ཤེས་རྟོགས་རགས་ཙམ་བྱས་པ་རེད། དེའི་རྗེས་སུ་བོད་ལྗོངས་རིག་གནས་ཞིབ་འཇུག་ཁང་གི་གནའ་རྫས་རྟོག་ཞིབ་པ་རྣམས་ས་གནས་དེ་གའི་ཡུལ་མི་ཚོར་བཅར་འདྲི་བྱེད་པ་དང་རྐང་ཐང་དུ་རྟོག་ཞིབ་བྱེད་པ་སོགས་ཀྱི་ཐབས་ཤེས་ལ་བརྟེན་ནས་བསྐལ་བ་ཡ་ཐོག་ལ་མིའི་རིགས་ཀྱི་འགུལ་སྐྱོད་རྗེས་ཤུལ་ཡོད་སྲིད་པའི་ས་ཁུལ་དུ་བརྟག་དཔྱད་ཞིབ་ཕྲ་བྱས་པ་རེད།
     ཐེངས་འདིའི་གནའ་རྫས་རྟོག་ཞིབ་ལས་རྙེད་པའི་གནའ་བོའི་རྗེས་ཤུལ་20ལས་གནའ་བོའི་འཛུགས་བསྐྲུན་རྗེས་ཤུལ་ས་གནས་4དང་བང་སོ་9ཡི་གནས།  རྡོ་བརྐོས་རི་མོའི་གནས་7བཅས་ཀྱི་རྗེས་ཤུལ་གྱི་ལོ་རབས་དང་རང་བཞིན། ནུས་པ་སོགས་ཕྱོགས་མང་པོའི་ཐད་ཀྱི་གནད་དོན་ད་དུང་གོམ་གང་མདུན་སྤོས་ཀྱིས་ཞིབ་འཇུག་བྱ་རྒྱུ་ཡིན་པ་རེད། 
     གནའ་བོའི་རྩིག་བཟོས་རྗེས་ཤུལ་གྱི་ཁྲོད་དུ་བདེ་ཆེན་དགོན་པའི་རྗེས་ཤུལ་དང་། ཤར་མདའ་མཆོད་རྟེན་ཞིག་རོ། ལྷ་ཡུལ་གཞིས་ཀའི་རྗེས་ཤུལ། སྤང་དཀར་གྲོང་ཚོའི་བྱང་ཤར་དགོན་པའི་རྗེས་ཤུལ་བཅས་འདུས་ཡོད་པ་རེད། ཁྲེན་ཙུའུ་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། བདེ་ཆེན་དགོན་པའི་རྗེས་ཤུལ་ནི་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་པད་ནག་གྲོང་ཚོ་བུམ་ཐང་རང་བྱུང་གྲོང་ཚོའི་ཤར་ལྷོའི་ཧ་ལམ་སྨི་800ཡོད་སའི་རི་མགོར་བཏབ་ཡོད་པ་དང་། ཐོག་མར་བཏབ་པའི་ལོ་རབས་མི་གསལ་ཞིང་། ད་ལྟའི་གནས་ཚུལ་ལས་འདུ་ཁང་རྩིག་བཟོས་ཀྱི་ཚོགས་དང་། ལྷ་ཁང་དང་ཨ་ནེའི་ཤག་ཁང་རྩིག་བཟོས་ཀྱི་ཚོགས་སོགས་དབྱེ་འབྱེད་བྱེད་ཐུབ་ཀྱི་ཡོད་པ་རེད། 
    ཁྲེན་ཙུའུ་ཅུན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། དུར་ས9ཡི་བང་སོ43ནི་ཚང་མ་ས་སྦས་བཏང་བ་ཡིན་པ་དང་། བཟོ་དབྱིབས་འབྲིང་བ་དང་ཆུང་གྲས་ཅུང་མང་བ་རེད། ཁོང་གིས་འཕྱོངས་རྒྱས་ཆུ་བོའི་འབབ་རྒྱུད་ཀྱི་གནའ་རྫས་རྟོག་ཞིབ་ལས་ཀ་ད་དུང་མཇུག་སྒྲིལ་མེད་པ་དང་། ཡར་ཀླུང་གཙང་པོའི་འབབ་རྒྱུད་ཀྱི་གནའ་རྫས་རྟོག་ཞིབ་ལས་ཀ་ཉུང་མཐར་ཡང་ད་དུང་ལོ་ལྔ་ནས་བདུན་བར་གྱི་དུས་ཡུན་ལ་བརྟག་དཔྱད་དང་ཞིབ་འཇུག་གཏིང་ཟབ་པོ་བྱ་དགོས་ཞེས་བསྟན་པ་རེད། 
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།