中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། མཚོ་སྔོན་པོ་དོ་དམ་ཅུས་ཀྱིས་གླང་ཆེན་ཕྱེད་གླིང་གི་མཚེའུ་དམར་པོ་གྱུར་བའི་སྐོར་ནས་གསལ་འདེབས་ཞུ་བ།
དུས་ཚོད།2017-04-26 10:02:04     རྩོམ་གྱི་ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།    ཆུང་། | འབྲིང་། | ཆེ།
     ཟླ4བའི་ཚེས12ཉིན་གྱི་ཉིན་གོང་མཚོ་སྔོན་པོའི་མཚོ་ལག་གླང་ཆེན་ཕྱེད་གླིང་གི་མཚེའུ་གློ་བུར་དུ་གློ་དམར་དུ་གྱུར་བ་ཡུལ་དེའི་མང་ཚོགས་ཀྱིས་མཐོང་འཕྲལ་དེ་མུར་སྐད་འཕྲིན་ཐོག་བཀྲམས་ནས་སྤྱི་ཚོགས་ལས་རིགས་ཁག་གིས་དོ་སྣང་ཆེན་པོ་ཐོབ་ལ། མཚོ་སྔོན་པོ་དམར་པོ་གྱུར་སོང་ཞེས་པའི་རྩོམ་ཡང་ལམ་སང་དྲ་ཐོག་ཏུ་ཁྱབ།
    ངེད་མཚོ་སྔོན་པོ་ལྗོངས་ཁུལ་དོ་དམ་ཅུས་ཀྱིས་ཚུལ་དེར་མཐོང་ཆེན་པོས་ལམ་སང་རྟོག་ཞིབ་མི་སྣང་མངག་ནས་ཡུལ་དངོས་ལ་བཅར་ནས་བརྙན་དང་པར་བརྒྱབ་ཏེ། མཚེའུའི་རྒྱ་ཁྱོན་ཚད་འཇལ་དང་། ཆུའི་མ་དཔེ་དང་བྱེ་འདམ། རྩྭ་ལྡུམ་སོགས་ལྟ་ཞིབ་ཚད་ལེན་གྱི་མ་དཔེ་འཚོལ་བསྡུ་བྱས་ནས་བརྟག་དཔྱད་ཞིབ་བསྡུར་བྱས་པ་དང་། སྨྱན་བྱད་ཚན་པའི་གསར་འགོད་ཁག་གདན་དྲངས་ནས་འབྲེལ་ཡོད་ཚན་པའི་ལས་ཀར་རྒྱུས་ལོན་དང་། གནས་ཚུལ་ངོ་མ་དེ་ག་འདྲ་ཡིན་པ་དྲང་བོར་བརྗོད་དེ་གླེང་ཕྱོགས་ཡང་དག་ཏུ་འཁྲིད་སྟོན་བྱས་པ་ཡིན།
     མཚེའུ་འདི་ནི་གླང་ཆེན་མཚེའུ་དང་པོའི་ཕྱེད་གླིང་དུ་ཆགས་ཤིང་། གཞི་ཁྱོན་ལ་སྤྱི་ལེ་རྒྱ་དཔངས་གྲུ་བཞི་མ་གཅིག་ལས་མེད་ལ། མཚོ་སྔོན་པོའི་མཚོ་ཆེན་དང་ཁེད་གྱེས་པའི་ཚྭ་མཚེའུ་ཆུང་ཆུང་ཞིག་ཡིན། མཚེའི་མཐའ་འཁོར་འབྲོག་པའི་རྩྭ་ས་དང་འབྲོག་ཁྱིམ་ཁོ་ན་ཆགས་པས་བཟོ་ལས་ཀྱི་འབག་བཙོག་ཐེབས་མི་སྲིད་ལ། སྣོད་བཅུད་གཏོར་བརླག་དང་འབག་བཙོག་གི་ཐད་ནས་ཡང་སྐྱོན་ཅི་འབྱུང་མི་སྲིད། ལྷག་པར་ང་ཚོས་འཚོལ་སྡུད་བྱས་པའི་ཆུའི་མ་དཔེ་དེ་ཧ་ཅང་དྭངས་ཤིང་གསལ་ལ་དམར་པོའི་མདོག་གི་དྲི་མ་ཙམ་ཡང་མེད་པ་མཐོང་རྗེས་ད་གཟོད་མདོག་དམར་པོ་དེ་ནི་རྩྭ་ལྡུམ་དང་འདམ་ལ་འབྱར་བའི་དངོས་བོ་དམར་པོ་ལས་བསྐྱེད་པ་ངོས་ཟིན་བྱུང་པས།   དུས་དང་པོར་ཀྲུང་གོ་ཚན་རིག་གླིང་ལ་འབྲེལ་བ་བྱས་ནས་མ་དཔེ་དག་ཀྲུང་གོ་ཚན་རིག་གླིང་ཝུའུ་ཧན་ཆུའི་སྐྱེས་དངོས་ཞིབ་འཇུག་ཁང་ལ་སྐྱེལ་བ་ཡིན། ད་ཆ་དེ་གར་ཚད་འཇལ་ངོས་འཛིན་བྱེད་སྒང་ཡིན་པ་མ་ཟད། ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིང་ཆེད་ལས་ལྟ་ཞིབ་ཚད་འཇལ་ལས་ཁུངས་ཀྱིས་ཀྱང་དངོས་པོ་དེ་ལ་ད་ཆ་ལྟ་ཞིབ་ཚད་འཇལ་བྱེད་སྒང་ཡིན།
    འདིའི་འཕྲོ་ནས་ངེད་ཅུས་ཀྱིས་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིང་དང་འབྲེལ་ཡོད་སྡེ་ཚན། ཚན་རིག་ཞིབ་འཇུག་གླིང་བར་དམ་དུ་སྦྲེལ་ནས་ལྟ་ཞིབ་ཚད་འཇལ་གྱི་མཇུག་འབྲས་ལ་བདར་ཤ་བཅད་རྗེས་ལམ་སང་ཕྱིར་བསྒྲག་ནས་དོགས་གཞི་གསལ་འགྲོད་བྱ་རྒྱུ་དང་། དུས་གཅིག་ཏུ་ངེད་དོ་དམ་ཅུས་ཀྱིས་མངའ་ཁོངས་དེ་ལྟ་སྐུལ་ཚད་འཇལ་ལ་མུ་མཐུད་དུ་ཤུགས་བསྣན་ནས་མཚེའུ་འགྱུར་ལྡོག་ལ་ལྟ་ཞིབ་ནན་མོ་དང་། ཀྲུང་གོ་ཚན་རིག་གླིང་གི་འབྲེལ་ཡོད་ཚན་རིག་ཞིབ་འཇུག་ཁང་དང་མཉམ་དུ་བརྟག་དཔྱད་ཞིབ་འཇུག་བགྱིས་ནས་མཚེའུ་འགྱུར་ལྡོག་ཐད་ལ་ཚན་རིག་དང་མཐུན་པའི་རྒྱུ་མཚན་གསལ་བོ་ཞིག་འཚོལ་ངེས་ཡིན། འདིར་མཚོ་སྔོན་པོ་ལྗོངས་ཁུལ་དོ་དམ་ཅུས་ཀྱིས་མང་ཚོགས་རྣམས་ལ་ཞུ་རྒྱུ་ཞིག་ནི་ཆུ་སྣ་གར་འཁྲིད་ཀྱི་གཏམ་འདྲ་མིན་མི་སྨྲ་བར་དོན་དངོས་བདེན་འཚོལ་དང་ལུགས་མཐུན་ཡིན་མིན་ལ་དཔྱད་པ་ཡག་པོ་བཏང་ནས་སྐད་ཆ་སྨྲ་རྒྱུ་ནི་ངེད་ཀྱིས་ཁྱེད་ཅག་ལ་བཅིངས་པའི་རེ་བ་ཆེན་པོ་ཡིན།  །
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།