中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཚན་རིག་པས་གྲྭ་པའི་སེམས་ཁམས་ལ་བརྟག་དཔྱད་བྱས་པ།
དུས་ཚོད།2017-09-22 15:59:11     རྩོམ་གྱི་ཡོང་ཁུངས། རྨ་དངུལ་བཙན་པོའི་རིག་གནས་ལས་སྒྲུབ་ཁང་།    ཆུང་། | འབྲིང་། | ཆེ།
   ཚན་རིག་པས་གྲྭ་པའི་སེམས་ཁམས་ལ་བརྟག་དཔྱད་བྱས་པ།

 
\


གྲྭ་པ་ཚོ་མི་སྐྱ་ལས་སེམས་ཁམས་སྐྱིད་པོ་ཡོད་པ་ཚན་རིག་གིས་གསར་རྙེད་བྱུང་བ།


ས་རཱ་ནབ་ཊོན་(Sarah Knapton)གྱིས་སྤེལ།

ཁེར་རྐྱང་གི་འཚོ་བར་རོལ་མཁན་རྣམས་སྤྲོ་སྣང་ཆེ་ལ་འདོད་བློ་ཁེངས་བ། སྤྱི་ཚོགས་ནང་མཐུན་སྦྲེལ་བཟང་བ་ཡོད་པ་དང་། བཟའ་ཚང་གི་འཚོ་བར་རོལ་མཁན་རྣམས་བློ་རྒྱ་ཆུང་ཞིང་རང་སྐྱ་མི་འཕེར་བ་ཡོད།
སེམས་ཁམས་རིག་པ་བས་ཞིབ་འཇུག་སྣ་ཚོགས་བྱས་པའི་འབྲས་བུར། སྤྱི་ཚོགས་ཀྱི་ལྟ་སྟངས་དང་ངོས་འཛིན་བྱེད་སྟངས་ལས་ལྡོག་སྟེ། ཁེར་རྐྱང་གི་འཚོ་བར་རོལ་མཁན་གྱི་མི་རྣམས་གཉེན་སྒྲིག་བྱས་ཟིན་པའི་མི་རྣམས་དང་བསྡུར་ན་སྤྲོ་སྣང་ལྡན་པ། མི་ཀུན་དང་མཐུན་སྦྲེལ་ཟབ་པ། བློ་འདོད་ཚིམ་པ་བཅས་ཡོད་པ་ཤེས་རྟོགས་བྱུང་ཡོད།
ཨ་རིའི་ཀ་ལི་ཧྥོ་ནི་ཡ་གཙུག་ལག་སློབ་ཆེན་གྱི་སེམས་ཁམས་རིག་པའི་སློབ་དཔོན་བྷེ་ལ་ཌི་པོ་ལོ་(Dr.Bella DePaulo)མཆོག་གིས། ཁེར་རྐྱང་གི་འཚོ་བར་རོལ་མཁན་རྣམས་སེམས་ངལ་ཆེ་བ་དང་གྲོགས་མེད་ཁེར་རྐྱང་གི་ཚོར་ཤུགས་ཆེ་བ་ཡོད་པར་འདོད་པའི་ཡོངས་གྲགས་ཀྱི་འདོད་ཚུལ་དེ་ནི་རྒྱུ་མཚན་མི་ལྡན་པ་ཞིག་རེད་ཅེས་གསུངས་བ་དང་།
ཁོང་གིས་ཨ་མི་རི་ཀའི་སེམས་ཁམས་རིག་པའི་ལོ་འཁོར་ཚོགས་ཆེན་སྟེང་། ཡུལ་སྲོལ་གོམས་གཤིས་མང་པོའི་ཁྲོད་གཉེན་སྒྲིག་གི་དགའ་སྟོན་དང་ཁྱོ་ཤུག་གི་དུས་དྲན་གལ་ཆེར་བརྩི་སྲུང་གིས་ཕོ་ཧྲེང་དང་མོ་ཧྲེང་རྣམས་ལ་རང་བཞིན་དབྱེ་འབྱེད་དང་མཐོང་ཆུང་བྱེད་ཀྱི་ཡོད། འོན་ཀྱང་ཁེར་རྐྱང་གི་མི་ཚེ་ནི་དེ་བས་དོན་སྙིང་ལྡན་པ་ལ། སྤྲོ་སྐྱིད་ལྡན་པ། འདོད་བློ་ཁེངས་བ་བཅས་ཡོད་པ་རེད་ཅེས་གསུངས།
ཁོང་གིས་ཉམས་ཞིབ་ཁག་༨༤༡ལ་དབྱེ་ཞིབ་བྱས་ཏེ་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཚོགས་ཀྱི་ཕྱོགས་ལྷུང་གི་འཛིན་སྟངས་ཇི་ལྟར་ཡང་། ཁེར་རྐྱང་གི་འཚོ་བར་རོལ་བའི་མི་རྣམས་རང་ཉིད་ཀྱི་ལས་ཀར་འདོད་བློ་ཁེངས་བ་དང་། གྲོགས་ཕོ་མོ་དང་ནང་མི་སྤུན་མཆེད་རྣམས་དང་འབྲེལ་ཐག་རིང་བ། རང་སྐྱ་འཕེར་བ། བསམ་བློ་དང་བྱ་སྤྱོད་ངན་པའི་གཞན་དབང་དུ་མི་འགྲོ་བ་སོགས་ཀྱི་ཁྱད་ཆོས་ཡོད་པ་བརྗོད་ཡོད།
མཁས་པའི་རྩོམ་ཡིག་དང་ཡུལ་སྲོལ་གོམས་གཤིས། སྤྱི་ཚོགས་ཀྱི་བརྒྱུད་ལམ་བཅས་ཀྱིས་སྔར་ནས་ང་ཚོའི་སེམས་ཁམས་སུ་བག་ཆགས་གཏིང་ཟབ་ཅིག་བསྐྲུན་ཡོད་པ་ནི། ཁེར་རྐྱང་གི་འཚོ་བར་རོལ་མཁན་རྣམས་སེམས་ངལ་ཆེ་ལ་གྲོགས་མེད་ཁེར་རྐྱང་གི་བསམ་པ་ཁོ་ན་ལས་མེད་པར་འདོད་པ་དེ་ཡིན། འདོད་ཚུལ་དེས་གཉེན་སྒྲིག་བྱས་པའི་མི་རྣམས་ལུས་ཁམས་བདེ་བ་དང་སྤྱི་ཚོགས་དང་འབྲེལ་ལམ་བཟང་བ། མི་ཚེ་རིང་བ་འཚོ་སྡོད་བྱེད་པ་བཅས་སྒྲུབ་ཀྱི་ཡོད། འོན་ཀྱང་འདོད་ཚུལ་དེ་ནི་བསམ་བློའི་འཁྱེར་བཟོ་ཙམ་ལས་ཚན་རིག་གི་རྒྱབ་རྟེན་ཡོད་པ་ཞིག་མིན།
ད་ཆ་ང་ཚོས་ཁེར་རྐྱང་དུ་འཚོ་བའི་མིའི་རིགས་ཀྱི་ནུས་པ་དང་བདེ་སྐྱིད་ཀྱི་འཚོ་བར་དོ་སྣང་དང་། ཁོ་ཚོའི་མི་ཚེ་དེ་ལྟར་དོན་སྙིང་ལྡན་པ་ཡོང་དགོས་པའི་རྒྱུ་རྐྱེན་འཚོལ་བའི་དུས་ཚོད་ཡིན། གོང་དུ་མཁས་དབང་ཌི་པོ་ལོས་གསུངས་བ་བཞིན། ཁེར་སྡོད་པ་ཚོའི་སྤྱི་ཚོགས་ཀྱི་འབྲེལ་ལམ་དང་། ཕ་མ་སྤུན་མཆེད་དང་གྲོགས་ཕོ་མོ། ལས་རོགས་དང་གྲོང་པ་ཁྱིམ་མཚེས་བཅས་ཀུན་དང་འབྲེལ་འདྲིས་ཆེ་བ་ཡོད་པ་ཡིན། འོན་ཀྱང་གཉེན་སྒྲིག་བྱས་པའི་རྗེས་འབྲེལ་ལམ་དེ་དག་ག་ལེར་ཆད་འགྲོ་གི་ཡོད་པ་རེད།
ཤེས་ཡོན་ཅན་ཚོས་རྒྱུན་དུ་གཉེན་སྒྲིག་བྱས་པའི་རྗེས། ཁྱོ་ཤུག་ཕན་ཚུན་གྱི་བརྩེ་སེམས་དང་རོགས་རམ་ལ་བརྟེན་ནས་སེམས་ཁམས་བདེ་བ་དང་མི་ཚེ་དྲོ་སྐྱིད་ལྡན་པ་ཡོང་བའི་ཚོད་དཔག་བྱེད་ཀྱི་ཡོད། འོན་ཀྱང་དཔལ་འབྱོར་གྱི་གནས་བབ་དང་གནད་དོན་གཞན་མང་པོར་དགོངས་པ་བཞེས་མེད་པ་རེད།
སློབ་དཔོན་ཌི་པོ་ལོས་གཉེན་སྒྲིག་བྱས་པའི་རྗེས་དཔལ་འབྱོར་གྱི་ཡོང་སྒོ་དང་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་སོགས་ཀྱི་ཁེ་ཕན་མང་པོ་ཞིག་གཉེན་སྒྲིག་བྱས་པའི་མི་རྣམས་དང་ཁེར་སྡོད་པ་རྣམས་བསྡུར་ན་གཅིག་མཚུངས་ཡིན་པ་ལས་ཁེར་སྡོད་པ་རྣམས་སྐྱོ་བ་མེད་ཅེས་གསུངས།
ཁེར་སྡོད་པ་རྣམས་དང་བཟའ་ཚང་གི་འཚོ་བར་རོལ་མཁན་གཉིས་ཀྱི་བར་ཞིབ་འཇུག་བྱས་པའི་འབྲས་བུ་གཞན་ཞིག་ནི། ཁེར་སྡོད་པ་རྣམས་རང་ཐག་རང་གཅོད་ཀྱི་ནུས་པ་ཆེ་བ་དང་། བསམ་བློའི་གོ་རྟོགས་ཡངས་བ། ཤེས་རིག་བཀྲ་བ་བཅས་ཡོད་པ་དེ་ཡིན།
ཡང་ཞིབ་འཇུག་གཞན་ཞིག་གི་ནང་ཁེར་སྡོད་པ་རྣམས་ཀྱིས་ལས་ཀའི་སྤུས་ཚད་དང་དོན་སྙིང་ལ་རིན་ཐང་ཆེ་བ་སྤྲོད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད། ཁྱད་པར་དེ་དག་མཐོ་རིམ་སློབ་གྲྭ་འགྲིམ་པའི་སྐབས་འབྱུང་འགྱུར་གཉེན་སྒྲིག་བྱེད་འདོད་ཀྱི་བསམ་པ་ཡོད་པ་དང་། ཁེར་རྐྱང་གི་འཚོ་བར་རོལ་རྒྱུ་སེམས་ཐག་བཅད་པའི་སློབ་ཕྲུག་གི་དུས་སྐབས་ནས་ཤེས་རྟོགས་བྱུང་བ་ཞིག་ཡིན།
འོན་ཀྱང་མཁས་དབང་ཌི་པོ་ལོས་ཆུང་དུས་ནས་ཁེར་རྐྱང་གི་གདུང་བ་དང་འཇིགས་པས་གཙེས་པའི་མི་ཞིག་ཡིན་ཕྱིན། ཁེར་སྡོད་ཀྱི་འཚོ་བས་སེམས་ངལ་ཡོང་ངེས་པས་དེ་དོན་བསམ་གཞིགས་ནན་པོ་བྱེད་དགོས་པ་ཞིག་ཆགས་ཡོད་ཅེས་གསུངས།
གང་ཟག་སུ་འདྲ་ཞིག་གིས་ཀྱང་དོན་སྙིང་ལྡན་པའི་མི་ཚེའི་འཆར་འགོད་བཟོ་མི་ཐུབ་ལ་ལམ་སྟོན་ཡང་བྱེད་མི་ཐུབ། འོན་ཀྱང་དོ་བདག་རང་ཉིད་ཀྱི་མི་ཚེའི་མདུན་ལམ་ཇི་འདྲ་ཞིག་འདོད་པ་སོ་སོས་བསྐྲུན་ཐུབ་ངེས་ཡིན། མི་གཞན་གྱིས་མི་ཚེ་ཇི་ལྟར་སྐྱེལ་མིན་དང་། གཞན་གྱིས་རང་ཉིད་ལ་མི་ཚེ་ཇི་ལྟར་སྐྱེལ་དགོས་མིན་གྱི་ལམ་སྟོན་ནི་གལ་འགངས་ཆེན་བ་ཞིག་མ་ཡིན་པར། གཙོ་ཆེར་རང་ཉིད་ཀྱི་བསམ་འདུན་དང་མཐུན་པའི་ལས་དོན་དང་། རང་གི་ལས་དོན་དང་གཤིས་ཀར་བརྩི་མཐོང་སྤྲོད་པའི་ཁོར་ཡུག་ཅིག་དགོས་པ་དེ་ཡིན།།

མཆན།
རྩོམ་ཡིག་འདི་སྤེལ་མཁན་ས་རཱ་ནབ་ཊོན་ལགས་ནི་ཊ་ལི་གྷ་རབ(Telegraph)གསར་ཁང་གི་ཚན་རིག་རྩོམ་སྒྲིག་པ་ཡིན་པ་དང་། ཁོང་གིས་རྩོམ་ཡིག་ནང་ལུང་འདྲེན་གནང་བའི་ཀ་ལི་ཧྥོ་ནི་ཡ་གཙུག་ལག་སློབ་གྲྭའི་སེམས་ཁམས་རིག་པའི་སློབ་དཔོན་བྷེ་ལ་ཌི་པོ་ལོ་(Dr.Bella DePaulo)མཆོག་ནི་སྙན་གྲགས་ཆེ་བའི་བརྙན་འཕྲིན་ལེ་ཚན་དང་གསར་འགྱུར་བརྒྱུད་ལམ་ཁག་མང་པོའི་སྟེང་སེམས་ཁམས་རིག་པའི་སྐོར་གཏམ་བཤད་གནང་མཁན་ཞིག་ཡིན།
མ་རྩོམ། http://www.telegraph.co.uk/science/2016/08/05/singles-more-fulfilled-sociable-and-self-sufficient-than-married/

                                                 རྩོམ་སྒྲིག་པ། རྡོ་རྗེ་བཀྲ་ཤིས།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།