中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅། །དཔེ་ཀློག་དང་འཚོ་བ།
དུས་ཚོད།2017-09-27 11:46:08     རྩོམ་གྱི་ཡོང་ཁུངས། ཨ་མྱེས་རྨ་ཆེན། རྩོམ་པ་པོ། སྔོ་དེའུ་སྒོམ་པ་བཀྲ་ཤིས་ཀྱིས།    ཆུང་། | འབྲིང་། | ཆེ།
༄༅། །དཔེ་ཀློག་དང་འཚོ་བ།

\
  ཆ་འཕྲིན་དུས་རབས་སུ་གྲགས་པའི་དེང་གི་དུས་འདིར་ཆ་འཕྲིན་ལག་རྩལ་སྒོ་ཀུན་ནས་དར་རྒྱས་ཆེ་རུ་ཕྱིན་པས། ཡུལ་དུས་ཀྱི་བར་ཐག་བསྟུངས་ཏེ་མིའི་རིགས་ཀྱི་འཚོ་བར་སྟབས་བདེ་གང་མང་བསྐྲུན་པ་མིག་མཐོང་ལག་ཟིན་རེད། འབྲེལ་ཡོད་དཔྱད་གཞིར་འཁོད་པའི་བསྡོམས་རྩིས་ལྟར་ན། འཛམ་གླིང་ཡོངས་སུ་ལོ་རེར་དུས་དེབ་སྣ་ཁ་འབུམ་བདུན་དུ་ཉེ་བ་ཞིག་དང་།དཔེ་ཆ་སྣ་ཁ་འབུམ་དྲུག་ལྷག་དཔར་སྐྲུན་འགྲེམ་སྤེལ་བྱེད་ཀྱི་ཡོད་ཅིང་།ལོ་རེར་དུས་དེབ་ཁྲི་གཅིག་ལ་ཉེ་བ་ཞིག་གསར་དུ་ཇེ་མང་ལ་ཕྱིན་ནས་མི་རྣམས་ལ་ལྟ་བ་གསར་བ་དང་གནས་ཚུལ་གསར་བ་འདོན་སྤྲོད་བྱེད།བརྙན་འཕྲིན་ཁང་ས་ཡ་དགུ་ལྷག་དང་།རླབས་ཕྲན་བརྡ་འཕྲིན་སྟེགས་བུ་འབུམ་ཕྲག་དུ་མ་དང་།དམངས་སྤྱོད་རླུང་འཕྲིན་ཁང་འབུམ་གསུམ་ལྷག་དང་།དུས་དང་རྣམ་པ་ཀུན་ཏུ་ཇེ་མང་དུ་འགྲོ་བཞིན་པའི་འགུལ་སྐྱོད་ཁ་པར་དང་རྩིས་འཁོར་དྲ་སྣེར་མཐུད་པ་བགྲང་གིས་མི་ལོངས་པས་མི་རྣམས་ལ་ས་ལྒང་ཧྲིལ་བོའི་གྲུ་ཟུར་གང་ས་གང་དུ་བྱུང་དང་འབྱུང་བཞིན་པའི་དོན་རྐྱེན་སྣ་ཚོགས་ལ་དོ་སྣང་བགྱིད་པར་དྲན་སྐུལ་བྱེད་བཞིན་ཡོད་ཅིང་།ང་ཚོར་ཉིན་རེ་བཞིན་དུ་དཔེ་དེབ་དང་། གསར་ཤོག །བརྙན་འཕྲིན། རྒྱང་སྒྲོག །ཁ་པར་སོགས་ལས་ཆེ་བ་རྒྱལ་ཁབ་ཕྱི་ནང་གི་གསར་འཕྲིན་སྙན་སྒྲོན་དང་། སྐབས་དོན་གསར་འགྱུར་བརྒྱུད་སྒྲོག །ཆུང་བ་ཚོང་དོན་ཁྲོམ་སྒྲོག་བརྡ་ཁྱབ་དང་།ཚོང་འཕྲིན་སྣ་ཚོགས།རོང་འབྲོག་ཁུལ་དང་། མཁར་གྲོང་གི་མི་སྡེའི་གསར་འགྱུར་སོགས་ཆ་འཕྲིན་བགྲང་གིས་མི་ལོངས་པ་ཞིག་མཁོ་སྤྲོད་བྱེད་ཀྱི་ཡོད་ལ། དེས་ང་ཚོའི་མཐོང་ཐོས་ཀྱི་རྒྱ་བསྐྱེད་པ་དང་། ཕྱི་དངོས་པོའི་འཚོ་བ་ཡར་རྒྱས་སུ་འགྲོ་བ་དང་། ནང་བསམ་བློའི་འཚོ་བ་ཕུན་སུམ་ཚོགས་པོར་འགྱུར་བར་ཕན་གང་མང་ཐོགས་ཀྱི་ཡོད།
  ཡིན་ནའང་། བཀྲ་ཤིས་སྣ་ནག་མ་དང་འགྲོགས་པ་བཞིན་ཞེས་ཟེར་སྲོལ་ཡོད་པ་ལྟར། དེ་དང་ཆབས་ཅིག་ཏུ་ང་ཚོས་ཉིན་རེའི་འཚོ་བའི་ཁྲོད་དུ་འགྲིག་འགྲིག་འདྲ་ཆགས་དང་བདེན་བདེན་ལྟར་སྣང་གི་ཁ་འཁྲུག་གཏམ་ཡན་དང་། ཐ་ན་མི་བདེན་རྫུན་བཟོ་བྱས་པའི་ཆ་འཕྲིན་དང་བརྙན་རིས་ཉ་ཉོག་མི་ཉུང་བ་ཞིག་གདོང་བསུ་དང་ལེན་བྱེད་དགོས་ཀྱི་ཡོད་པས།མང་དྲགས་པ་དང་དགོས་མཁོ་མེད་པའི་ཆ་འཕྲིན་སྣ་ཚོགས་ཀྱིས་མི་རྣམས་ཀྱི་འཚོ་བར་རྙོག་དྲའང་མི་ཉུང་བ་ཞིག་བཟོ་བཞིན་ཡོད་ལ། དེ་ནི་རྒྱལ་ཁབ་དང་ས་ཁུལ་བྱེ་བྲག་པ་ཞིག་ཏུ་མཆིས་པའི་གནད་དོན་མ་ཡིན་པར་ས་ལྒང་རིལ་མོའི་སྟེང་གི་པགས་མདོག་དང་སྐད་རིགས་མི་འདྲ་བའི་འགྲོ་བ་མིའི་རིགས་ཚང་མའི་མདུན་དུ་གནས་པའི་གཡོལ་ཐབས་བྲལ་བའི་དངོས་ཡོད་གནད་དོན་ཞིག་ཏུ་ཆགས་ཡོད།
  འགྲོ་བ་མིའི་རིགས་རང་ཁ་རང་གསོ་བྱེད་པའི་རང་བྱུང་དཔལ་འབྱོར་གྱི་དུས་རབས་དང་། ཞིང་ལས་གཙོ་བོར་གཉེར་བའི་ཞིང་ལས་དཔལ་འབྱོར་གྱི་དུས་རབས། ལག་ཤེས་བཟོ་ལས་ནས་འཕྲུལ་ཆས་ཅན་གྱི་བཟོ་ལས་སུ་འཕེལ་རྒྱས་ཕྱིན་པའི་བཟོ་ལས་དཔལ་འབྱོར་གྱི་དུས་རབས་བཅས་བརྒྱུད་དེ། ད་ལྟ་ཤེས་ཡོན་དང་ཚན་རིག་ལག་རྩལ་རྨང་གཞི་བྱས་པའི་ཤེས་ཡོན་དཔལ་འབྱོར་གྱི་དུས་རབས་ཟེར་བར་སླེབས་ཡོད་པ་རེད། དུས་རབས་སོ་སོའི་སྐབས་སུ་མི་རྣམས་ཀྱིས་འཚོ་བའི་ཁྲོད་དུ་ཆ་འཕྲིན་དང་ཤེས་ཡོན་ཁོང་དུ་ཆུད་དགོས་པའི་ཚད་མི་འདྲ་ཞིང་། ལྟོས་བཅས་ཀྱིས་བཤད་ན་དུས་རབས་ཕྱི་མ་ཕྱི་མར་ཁོང་དུ་ཆུད་དགོས་པའི་ཤེས་ཡོན་དང་ཆ་འཕྲིན་ལྡབ་འགྱུར་གྱིས་ཇེ་མང་དུ་ཕྱིན་ཡོད་པ་རེད།
དེང་གི་ཤེས་ཡོན་དཔལ་འབྱོར་གྱི་དུས་རབས་སམ་ཆ་འཕྲིན་དུས་རབས་སུ་གྲགས་པའི་བརྒྱ་ཕྲག་ཉེར་གཅིག་པའི་དུས་རབས་ཀྱི་འགྲོ་བ་མིའི་རིགས་ཀྱི་འཚོ་བ་ལ་ཆ་འཕྲིན་གྱིས་ཕན་མང་བོ་ཐོགས་དང་འདོགས་བཞིན་པ་དང་ཆབས་ཅིག་ཏུ། ཆ་འཕྲིན་མང་ཐལ་ཆེ་བ་དང་བདོ་ཆེ་བས་འཚོ་བའི་ཁོར་ཡུག་ཆ་འཕྲིན་སྣ་ཚོགས་ཀྱིས་ཁེངས་པའི་གནད་དོན་ཀྱང་བྱུང་དང་འབྱུང་བཞིན་པ་ཀུན་གྱིས་ཤེས་གསལ་ལྟར་ཏེ། ང་ཚོ་སྒེར་ལ་དབང་བའི་གཞིས་ཁྱིམ་ཆུང་ངུའང་བརྙན་འཕྲིན་འཕྲུལ་ཆས་ཀྱིས་ལྟ་རིན་ཉན་རིན་ཆེར་མེད་པའི་ཚོང་དོན་ཆ་འཕྲིན་གྱི་གད་སྙིགས་ཟམ་མི་ཆད་པར་འཕོ་སའི་ར་བར་གྱུར་འདུག་པ་དང་། ང་ཚོ་མི་མང་བོ་ཞིག་གི་མི་ཚེའི་ན་ཚོད་གོ་མེད་ཚོར་མེད་དུ་རྩིས་འཁོར་གྱི་མདུན་དང་ཁ་པར་ནང་ནས་ཟད་ཀྱི་ཡོད་པ་དངོས་ཡོད་གནས་ཚུལ་ཡིན་ནོ། །
  སྤྱིར་དེང་རབས་ཀྱི་ཆ་འཕྲིན་བརྒྱུད་ལམ་སྣ་ཚོགས་ནས་རང་ལ་མཁོ་བའི་ཆ་འཕྲིན་གང་མང་སྡུད་ལེན་བྱེད་པ་ནི་འོས་ཤིང་འཚམ་པ་ཞིག་ཡིན་པ་སྨོས་མ་དགོས་པ་རེད། དེང་དུས་ཀྱི་ཆ་འཕྲིན་བརྒྱུད་ལམ་རྣམ་མང་སྣ་ཚོགས་ཡིན་ཞིང་། ལྷག་པར་དུ་དེང་རབས་ཀྱི་ཆ་འཕྲིན་བརྒྱུད་སྤེལ་ཡོ་བྱད་ལ་རིགས་དང་རྣམ་པ་མི་འདྲ་བ་ཤིན་ཏུ་མང་ནའང་། ཤེས་བྱའི་ཆ་འཕྲིན་ཆེས་གྲ་རྒྱས་ཕུན་སུམ་ཚོགས་པོ་འདོན་སྤྲོད་བྱེད་ཐུབ་པ་ནི་དཔེ་ཆ་ཡིན་པས། གདམ་ང་ཡོད་པའི་སྒོ་ནས་དཔེ་ཆ་གང་མང་ཀློག་པ་ནི་རང་ཅག་སྐྱེ་བོ་ཕལ་བ་རྣམས་ལ་མཚོན་ན་རང་གི་ཤེད་མ་རྒྱས་པའི་བསམ་བློའི་ཕྲུ་གུ་ཡར་སྐྱེད་འབྱུང་བར་འཚོ་བཅུད་འདང་ངེས་སྟེར་ཐབས་ཉག་གཅིག་ཡིན། དེ་ཕྱིར། དེང་དུས་ང་ཚོའི་བོད་ཡུལ་གྱི་རོང་འབྲོག་གཉིས་དང་མཁར་གྲོང་གཉིས་སུ་མི་རྣམས་ཁོམ་ལོང་ཅུང་ཟད་བྱུང་ན་རླངས་འཁོར་བསྐོར་ནས་ཕྱི་རོལ་ལྗོངས་རྒྱུ་གནས་སྐོར་ལ་འགྲོ་བ་དང་། དུས་ཚོད་ཇ་ཁ་ཆང་ཁ་དང་། བརྙན་འཕྲིན་ལྟ་བ། ཁ་པར་རྩེ་བ། རྟ་རྒྱུག་རྒྱལ་འཇོག་བྱེད་པ་སོགས་ཀྱིས་ཟད་པར་བྱེད་པ་སྤྱི་ཁྱབ་དར་སྲོལ་ལྟ་བུ་ཞིག་ཏུ་ཆགས་ཡོད་པ་དེ་རྩ་བ་ནས་བསྒྱུར་ཏེ། དཔེ་ཆ་ཀློག་པ་དེ་མི་རྣམས་ཀྱི་འཚོ་བའི་གོམས་སྲོལ་ཞིག་གམ་འཚོ་བའི་ཆ་ཤས་ཤིག་ཏུ་ཆགས་ན་ཅི་མ་རུང་ཨང་།
  འགྲོ་སྒོ་ཆེས་ཆུང་ཞིང་། ཕན་ཁེ་ཆེས་ཆེ་བའི་མ་རྐང་འཇོག་པ་ནི་དཔེ་ཆ་ཀློག་པ་དང་ལུས་པོ་སྦྱོང་བརྡར་བྱེད་པ་ཡིན་ཞེས་བཤད་སྲོལ་ཡོད་པ་ལྟར། ང་ཚོའི་མི་རིགས་སྤྱི་ལ་མཚོན་ན་འཛམ་བུ་གླིང་གི་སྔོན་ཐོན་གྱི་མི་རིགས་གཞན་ལ་མིག་ལྟོས་བྱས་ཏེ། སྐྱ་སེར་དང་ཕོ་མོ་རྒན་གཞོན་གྱི་དབྱེ་བ་མེད་པར་ཚང་མས་རང་རང་ལ་དཔེ་ཀློག་གི་གོམས་སྲོལ་ཆགས་སུ་འཇུག་རྒྱུ་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད་ལ། སྒོས་སུ་སློབ་གྲྭའི་དགེ་རྒན་དང་སློབ་མ་རྣམས་ཀྱིས་རང་ལ་དཔེ་ཀློག་གི་གོམས་གཤིས་བཟང་བོ་ཆགས་པར་བྱས་ཏེ། རང་ལ་ཉེ་བར་མཁོ་བ་དང་རང་གི་ཤེས་ཡོན་གྱི་སྒྲིག་གཞི་འཐུས་ཚང་དུ་གཏོང་བར་ཕན་པ་ཡོད་པའི་དཔེ་ཆ་མང་བོ་ཀློག་དགོས་ཤིང་། སྤྱི་ཚོགས་ཡོངས་སུ་དཔེ་ཀློག་གི་གོམས་སྲོལ་ཆགས་པའི་སྣེ་འཁྲིད་དགོས།
བོད་ཡིག་གི་དཔེ་ཆ་གཅིག་པོར་མཚོན་ནའང་། བརྩིགས་ན་ལྷུན་པོའི་གཏོས་དང་མཉམ་ཞིང་། བཏིངས་ན་འཛིན་མའི་ཁྱོན་ཁེབས་པའི་ཚོད་དུ་ཡོད་ཅིང་། འཛམ་གླིང་གི་ཡིག་རིགས་སྣ་ཚོགས་ཀྱིས་བརྩམས་པའི་དཔེ་ཆ་ནི་དེ་ལས་ཀྱང་བགྲང་གིས་མི་ལོངས་པ་ཞིག་ཡིན་ཙ་ན། དཔེ་ཆ་དེ་འདྲ་མངས་པོ་ཞིག་ང་ཚོས་མི་ཚེ་ཐུང་ཐུང་འདིའི་ནང་ཇི་ལྟར་བྱས་ནས་བཀླག་དགོས་སམ་ཞེ་ན། སློབ་དཔོན་མར་མེ་མཛད་ཀྱིས། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པས། །ངང་བས་ཆུ་ལས་འོ་མ་ལེན་པ་ལྟར། །ཐོག་མར་རང་གི་དགོས་པ་བསྒྲུབ་པར་བྱ། །ཞེས་པའི་གསུང་ཚིག་དེ་དཔེ་ཀློག་དང་སྦྱར་ནས་གོ་བ་ལེན་ཆོག་སྟེ། ང་ཚོས་ཤེས་བྱ་སྦྱོང་བའམ་དཔེ་ཆ་བཀླག་ན་ངང་བས་ཆུ་ལས་འོ་མ་ལེན་པ་ལྟར་གདམ་ང་བྱ་ཤེས་དགོས་ཤིང་། རང་གི་མི་ཚེའི་འཕྲལ་ཡུན་གཉིས་ཀ་ལ་ཕན་པའི་ཤེས་བྱ་དང་དཔེ་ཆ་གདམ་རྒྱུ་གལ་ཆེ། དེ་གཉིས་ལས་ཀྱང་ཐོག་མར་རང་གི་འཚོ་བ་དང་ཐད་ཀར་འབྲེལ་བ་དམ་པ་དང་། ད་ལྟ་རང་གི་ཕྲག་ཏུ་བབ་ཅིང་ལག་ཏུ་ལྷུང་བའི་ལས་ཀའི་དགོས་མཁོ་དང་མཐུན་པའི་ཤེས་བྱའི་ཁྱབ་ཁོངས་ཀྱི་དཔེ་ཆ་ཀློག་པ་ནས་འགོ་བརྩམས་ཏེ་དཔེ་ཀློག་གི་བཤུལ་ལམ་རིང་མོར་འཇུག་འོས་པར་སྙམ་མོ། །
  གནའ་དེང་གཉིས་སུ་ཤེས་བྱའི་ཁྱབ་ཁོངས་ཀྱི་དབྱེ་བ་དགར་ཚུལ་མང་བོ་ཡོད་ཀྱང་།དབྱིན་ཇིའི་མཚན་ཉིད་རིག་པ་བ་དང་། བསམ་བློ་བ། རྩོམ་པ་བོ་གྲགས་ཆེན་ཧྥུ་རན་སིས་སི་པེ་ཁོང་གིས། མིའི་རིགས་ཀྱི་རིག་གཞུང་དེ་ལོ་རྒྱུས་དང་། སྙན་ངག །མཚན་ཉིད་རིག་པ་བཅས་གསུམ་དུ་དགར་འོས་ཤིང་། ལོ་རྒྱུས་ནི་མི་རྣམས་ཀྱི་དྲན་ཤེས་དང་འབྲེལ་ཞིང་།སྙན་ངག་ནི་ཡིད་ཀྱི་འཆར་སྒོ་དང་འབྲེལ་བ་ཞིག་དང་། མཚན་ཉིད་རིག་པ་ནི་རིགས་ཤེས་དང་འབྲེལ་བ་ཞིག་ཡིན་པར་བཤད་ལ། ཉེ་རབས་ཀྱི་ཨ་རིའི་སེམས་ཁམས་རིག་པ་བ་གྲགས་ཅན་པེན་ཅེ་མིན་པོ་ལོམ་གྱིས༡༩༥༦ལོར་བཏོན་པའི་སློབ་གསོའི་དམིགས་འབེན་རིགས་དབྱེ་བྱེད་ཐབས་ཀྱི་གཞུང་ལུགས་སུ་ཤེས་བྱ་ལ་ཆེ་ཕྱོགས་ནས། ཤེས་རྟོགས་ཀྱི་ཁྱབ་ཁོངས་སུ་གྱུར་པའི་ཤེས་བྱ་དང་། ཐབས་རྩལ་གྱི་ཁྱབ་ཁོངས་སུ་གྱུར་པའི་ཤེས་བྱ། སེམས་ཚོར་གྱི་ཁྱབ་ཁོངས་སུ་གྱུར་པའི་ཤེས་བྱ་བཅས་སུ་དབྱེ་བསྡུ་བྱས་འདུག་ལ། ཁོ་བོས་ནི་ཤེས་བྱའི་དབྱེ་བ་འབྱེད་ལུགས་མངས་པོ་ཡོད་པ་དེ་ཚོ་རིག་ཚན་ཤེས་བྱ་དང་། ཆེད་ལས་ཤེས་བྱ། རྒྱུན་ཤེས་རང་བཞིན་ཅན་གྱི་ཤེས་བྱ་གསུམ་དུ་དབྱེ་ནའང་ཆོག་པར་སྙམ་སྟེ། གང་ལྟར་ང་ཚོས་སྤྱིར་བཏང་བཀླག་བྱའི་དཔེ་ཆ་གདམ་ན་ཤེས་བྱའི་ཁྱབ་ཁོངས་དེ་དག་གང་རུང་དང་འབྲེལ་བའི་དཔེ་ཆ་འདེམས་དགོས་ཀྱི་ཡོད་པ་ཡིན།
ང་ཚོ་ནམ་རྒྱུན་དཔེ་མཛོད་ཁང་དང་དཔེ་འཚོང་ཁང་དུ་ཕྱིན་ན་སྔར་མཐོང་མ་མྱོང་བའི་རང་གིས་བལྟ་འདོད་པའི་གནའ་དེང་གཉིས་ཀའི་དཔེ་ཆ་མངས་པོ་མཐོང་འོང་ཞིང་། རང་གི་འཚོ་བ་དང་ཁ་ཐག་ཉེ་ཞིང་ཆེད་དུ་གཉེར་བའི་ལས་ཀ་དང་འབྲེལ་བ་དམ་པའི་དཔེ་ཆ་མང་བོ་མཐོང་བར་འགྱུར། ཡིན་ནའང་དཔེ་ཆ་དེ་རིགས་ཚང་མ་བླུ་ཐུབ་པའི་འབྱོར་བ་ཡོད་པའི་དབང་དུ་བཏང་ན་ཡང་། རེ་རེ་བཞིན་དུ་ཀློག་དགོས་པ་དང་བཀླག་ཐུབ་པའི་ངེས་པ་མེད་པས། ང་ཚོས་བཀླག་བྱའི་དཔེ་ཆ་ལ་གདམ་ང་མི་བྱེད་རང་བྱེད་ཆགས་ཀྱི་ཡོད།
  དེ་ལྟ་བུའི་གནས་སྐབས་སུ། ཕྲན་གྱི་སེམས་ལ་འཇར་མན་གྱི་མཚན་ཉིད་རིག་པ་སྨྲ་བའི་མཁས་པ་སྐད་གྲགས་ཅན་ཧྲོ་ཕིན་ཧོར་གྱིས། 《དཔེ་ཀློག་དང་དཔེ་ཆ་གླེང་བ་》ཞེས་པའི་རྩོམ་ཡིག་ཏུ། ནན་ཏན་གྱིས་གནའ་མི་ངོ་མའི་བརྩམས་ཆོས་བཀླག་པར་བྱ་སྟེ། དེང་གི་མིས་དེ་དག་ལ་དཔྱད་བརྗོད་བྱས་པར་དོན་སྙིང་ཆེར་མི་འདུག ། ཅེས་གསུངས་འདུག་པ་དེ་དྲན་འོང་ལ། གསུང་ཚིག་དེ་ང་ཚོས་དཔེ་ཆར་གདམ་ང་བྱེད་པ་དང་དཔེ་ཀློག་གི་ལས་ལ་འཇུག་པའི་གདམས་ངག་ཅིག་ཏུ་བརྩི་ཆོག་པ་རེད། རྩོམ་རིག་དང་ལོ་རྒྱུས་མཚན་ཉིད་རིག་པ་བཅས་ཀྱི་གཞུང་ཇི་ཙམ་རྙིང་བ་ཡིན་ན་དེ་ཙམ་གྱིས་དཔྱད་གཞིའི་རིན་ཐང་ཆེ་བ་དང་། རྩིས་དངོས་རྫས་གསུམ་སོགས་ཚན་རིག་སྐོར་གྱི་གཞུང་ཇི་ཙམ་གསར་བ་ཡིན་ན་དེ་ཙམ་གྱིས་ཀློག་རིན་ལྡན་པར་བཤད་ཚུལ་ཡོད་པའང་དཔེ་ཆ་འདེམས་པ་དང་ཀློག་པའི་སྐབས་སུ་ཡིད་ལ་ངེས་དགོས་པའི་གནས་ལུགས་ཤིག་ཡིན་པར་སྣང་ངོ་། །
  ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་《མཁས་པ་འཇུག་པའི་སྒོ་》ཞེས་བྱ་བའི་བསྟན་བཅོས་སུ། སེང་གེའི་ལྟ་སྟངས་ཀྱིས་ཁྱད་པར་གྱི་གཞི་བླང་། སྦལ་བའི་འཕར་བས་སྐབས་དོན་སོ་སོར་དབྱེ། རུས་སྦལ་གྱི་འགྲོས་ཀྱིས་ཚིག་དོན་འཇེབས་པར་བཤད། ཅེས་སེང་གེ་དང་། སྦལ་བ། རུས་སྦལ་བཅས་སྲོག་ཆགས་གསུམ་དཔེར་བཀོད་ནས་གཞུང་ལུགས་འཆད་ཉན་བྱ་ཐབས་བསྟན་ཡོད་པ་དེ་ཆ་འཕྲིན་སྣ་ཚོགས་འདོར་ལེན་བྱེད་པ་དང་དཔེ་ཆ་ཀློག་པའི་ཐབས་སུ་སྤྱོད་ཆོག་སྟེ།མཁོ་མེད་ཀྱི་ཆ་འཕྲིན་རྣམས་ལ་སེང་གེ་འགྱིང་ཚུགས་ཀྱིས་མིག་གི་ཟུར་མི་གཡོ་ཞིང་། མིའི་རིགས་སྤྱིའི་བདེ་སྡུག་དང་འབྲེལ་བའི་རྒྱལ་ཁབ་ཕྱི་ནང་གི་གསར་འཕྲིན་གལ་ཆེན་རྣམས་ལ་སྦལ་བའི་འཕར་འགྲོས་ཀྱིས་དུས་དང་དུས་སུ་རྒྱུས་ལོན་རགས་ཙམ་བྱ་བ་དང་། རང་གི་ཆེད་ལས་སོགས་དང་འབྲེལ་བའི་ཆ་འཕྲིན་རྣམས་ལ་རུས་སྦལ་གོག་འགྲོས་ཀྱིས་ཞིབ་ཏུ་འཇུག་པར་འོས་ཏེ། དཔེ་ཀློག་གི་སྐབས་སུ་རང་གི་ཆེད་ལས་དང་འབྲེལ་བ་དེ་ཙམ་མི་ཆེ་བ་རྣམས་སེང་གེའི་ལྟ་སྟངས་ཀྱིས་བམ་ཀློག་བྱེད་པ་དང་། རང་གི་ཆེད་ལས་དང་འབྲེལ་བ་ཡོད་པ་རྣམས་སྦལ་བའི་འཕར་འགྲོས་ཀྱིས་མྱུར་ཀློག་བྱེད་པ། རང་གི་ཆེད་ལས་ཕྱོགས་ཀྱི་དཔེ་ཆ་རྣམས་རུས་སྦལ་གོག་འགྲོས་ཀྱིས་ཞིབ་ཀློག་བྱ་དགོས་སོ། །
  མདོར་ན། ཆ་འཕྲིན་དུས་རབས་སུ་གྲགས་པའི་དེང་དུས་ཀྱི་ཆ་འཕྲིན་ཁ་ཤས་ཤིག་ནི། ང་ཚོའི་འཚོ་བའི་ཁྲོད་ཀྱི་ནང་སེམས་ཀྱི་ཞི་བདེ་བག་ཕེབས་ལ་འགལ་རྐྱེན་བཟོ་བྱེད་དང་། རྣམ་གཡེང་འཕེལ་ནས་སློབ་གཉེར་ལ་གེགས་དང་བར་ཆད་བཟོ་བྱེད་དུ་འགྱུར་སྲིད་པས། སློབ་དཔོན་རིན་པོ་ཆེ་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གིས། ཧ་ཅང་རྣ་བ་རིང་ན་རང་སྡུག་འབྱུང་། །སྐབས་རེར་འོན་རྫུ་བྱས་ན་ཅིས་མི་བཟང་། །ཧ་ཅང་ལྟ་རྒྱུ་མང་ན་སྣ་ཚོགས་མཐོང་། །སྐབས་འགར་ལོང་རྫུ་བྱེད་ན་རང་གཞན་བདེ། །ཞེས་གསུངས་པ་ལྟར། རང་ཉིད་མཁོ་མེད་ཆ་འཕྲིན་གྱི་གད་སྙིགས་ལྡུག་སྣོད་དུ་མི་འགྱུར་བ་དང་། ཆ་འཕྲིན་འདོར་ལེན་དང་དཔེ་ཆ་འདེམས་ཀློག་ལ་མི་རྨོངས་པར་བྱ་ཞིང་། དེང་གི་ཆ་འཕྲིན་དུས་རབས་སུ་དཔེ་ཀློག་ཚུལ་བཞིན་དུ་བྱས་པ་ལ་བརྟེན་ནས། རང་ཉིད་ཀྱི་བསམ་བློ་འཆིང་བ་ཀུན་ལས་ཡོངས་སུ་གྲོལ་བར་བྱ་བ་དང་། རང་གཞན་ཀུན་ལ་སྨན་པ་དང་འཕྲལ་ཡུན་ཀུན་ཏུ་དགེ་བའི་ལས་ལ་ནན་གྱིས་ཞུགས་ཏེ་མི་ཚེའི་འཚོ་བ་དོན་དང་ལྡན་པར་བྱེད་པ་གནད་ཀྱི་དོན་པོའོ། །
ཟུར་ལྟའི་ཡིག་ཆ་དང་ལུང་ཁུངས།
  ༡༩༩༢ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་《ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ་གླེགས་བམ་དང་བོ་》དང་། ༢༠༠༡ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་《བསེ་ཚང་བློ་བཟང་དཔལ་ལྡན་གྱི་གསུང་འབུམ་པོད་དྲུག་པ》熊培云:《第六种自由》、[英]培根:《学术的进展》,刘运同译,上海人民出版社2007年出版、叔本华:《论读书与书籍》ཟེར་བ་སོགས་སོ། །
རྩོམ་སྒྲིག་པ། རྡོ་རྗེ་བཀྲ་ཤིས།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།