中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། བོད་ཀྱི་ལོང་བ་ཞིག་གི་མི་ཚེའི་གཏམ་གླེང་། རྒྱ་འདུ་སངས་རྒྱས།
དུས་ཚོད།2017-10-11 10:42:37     རྩོམ་གྱི་ཡོང་ཁུངས། ཁྱུང་སྔོན་རྩོམ་རིག་སྣ་འཛོམས་འཕྲིན་སྟེགས།    ཆུང་། | འབྲིང་། | ཆེ།


  ད་ལོའི་ལོ་སྟོད་ཅིག་ལ་རང་ལ་བཀའ་དྲིན་ཆེ་བའི་དགེ་རྒན་ཨ་ཁྱུང་སྐལ་བསྟན་ལགས་མཇལ་དུ་སོང་བ་ཡིན། སྐབས་དེར་དགེ་རྒན་ཁོང་ཐུགས་དགྱེས་ཚོར་ཆེན་པོའི་སྒོ་ནས་ཁ་བརྡ་ལྷོད་ལྷོད་ཅིག་བྱེད་རྒྱུའི་སྐལ་བ་ལྡན། ཁ་བརྡ་ཡར་མར་མང་བོའི་ཁྲོད་ནས་དགེན་ཁོང་གི་ཞལ་ནས་དམིགས་བསལ་བ་ཞིག་ཐོས་པ་ནི། ཕ་ཡུལ་ཨ་མཆོག་ཁིས་དམར་ནས་ཡིན་པའི་ལོང་བ་ཞིག་གི་མི་ཚེའི་གཏམ་རྒྱུད་ཅིག་རེད། ཧ་ཅང་ཉན་སྤྲོ་བའི་གཏམ་རྒྱུད་དེ་ཡིག་ཐོག་ཏུ་ཁྱོད་ཀྱིས་འགོད་ཐུབ་ན་ཧ་ཅང་ཕན་པ་དང་། ལྷག་དོན་ཀན་ལྷོའི་གསར་འགྱུར་སོགས་ཀྱི་སྟེང་དུ་གནས་ཚུལ་དེ་འགོད་ཐུབ་ན་ཧ་ཅང་ཡག་ཤོས་སུ་གདའ། ཉེ་ལམ་ཁོང་གི་མི་ཚེའི་གཏམ་གླེང་ཚན་པ་ཞིག་ཨ་མདོ་བརྙན་འཕྲིན་ཁང་ནས་བཏང་ཡོད་པའི་སྐོར་སོགས་གསུང་བྱུང་། དེ་འཕྲལ་རང་གིས་ཀྱང་དགེ་རྒན་གྱི་བཀའ་ཆུང་ཆུང་འདི་ཉིད་འགན་དུ་ལེན་པར་འོས་སོ་སྙམ་ནས་ཁས་བླངས་བྱས་ཡོད་ཀྱང་ཕྱི་བཤོལ་དང་བྱ་བ་ཙག་ཙིག་དབང་གིས་ད་ལྟའི་བར་ལུས་སོང་བ་འདི་བསམ་ན་དགེན་གང་ཡིན་གྱི་བཀའ་འདི་ལྟར་སྤྱི་བོར་ལེན་གྱིན་མེད་པར་བསམ་ན་ཞོར་གྱིས་ངོ་ཡང་ཚ་དགོས་པ་ཞིག་རེད་དོ། །
འགྲོ་བ་མི་ནི་རྒྱུ་རྐྱེན་རྟེན་འབྲེལ་གྱི་དབང་གིས་ལུས་ལས་འཇིག་རྟེན་སྣ་ཚོགས་སྐྱེས་པ་ལྟར་རིགས་མཐོ་དམན་དང་གཟུགས་མཛེས་བཙོག རྒྱུ་འཛོམས་མིན་དང་དབང་ཐང་ཆེ་མིན། དབང་བོ་ཚང་མིན་སོགས་སྣ་ཚོགས་ཤིག་སྐྱེས་པ་ནི་འཇིག་རྟེན་གྱི་དངོས་ཡོད་གནས་ཚུལ་ཞིག་རེད། དེའི་ཕྱིར། ལོང་བ་ཡང་དེ་བཞིན་ལས་ཀྱི་རྣམ་པར་སྨིན་པ་བསམ་མི་ཁྱབ་པ་བཞིན་ལས་ལས་བྱུང་བའི་རྣམ་པའི་དབང་གིས་ལོང་བ་དང་དམུས་ལོང་ཅན། རྐང་ལག་ཆད་སྐྱོན་སོགས་ལ་བཙོག་པ་འབའ་ཞིག་ཏུ་ལྟ་བའི་འདུ་ཤེས་ཅིས་ཀྱང་ཡོད་མི་འོས་པ་ཞིག་རེད། རྒྱུ་མཚན་མིག་ལོང་བ་ཅན་གྱི་ནང་དུ་སེམས་ལོང་བ་མེད་པ་དང་། སེམས་ལོང་བ་ཅན་གྱི་ནང་དུ་མིག་ལོང་བ་མིན་པའི་སྐོར་ཧ་ཅང་མང་བས་ང་ཚོ་མིག་ལྡན་དག་ལས་ཀྱང་ལོང་བ་འཇོན་ཐང་ཅན་རེ་ཡོད་པར་ཀུན་གྱིས་ཁས་ལེན་དགོས་པའི་གནས་ཚུལ་ཞིག་ཅི་ལ་མིན། དཔེར་ན། དང་བོ་དམུས་ལོང་ཡིན་ཡང་རིམ་གྱིས་གོང་བཀུར་བྱེད་སའི་སྔོན་བྱུང་མི་སྣ་དཀོན་པ་བཀྲ་ཤིས་ལྟ་བུ ། གཟུགས་མཛེས་ཅི་ཙམ་བཙོག་ཀྱང་མཁས་པའི་གདན་ཐོབ་རྙེད་པའི་བུ་སྟོན་རིན་ཆེན་གྲུབ་ལྟ་བུ་སོགས་རང་རེའི་བོད་དུ་ལུས་ཐ་མལ་དུ་འཛིན་ཡང་ཤེས་པ་དང་རྟོགས་པ་མཐོན་པོས་མིག་ལྡན་གཟུགས་མཛེས་ཁྲི་མ་འབུམ་གྱིས་གོང་བཀུར་བྱེད་སའི་མི་སྣར་གྱུར་བའི་ལོ་རྒྱུས་ཀྱིས་ད་དུང་ང་ཚོའི་སེམས་སུ་མི་སྣ་དེ་དག་ཡོད་པ་དེ་བཞིན་ནོ། །
སྲོག་ཆགས་གྲོག་མ་མིག་མེད་ཀྱང་།། མིག་ལྡན་གཞན་ལས་ལྷག་པར་མགྱོགས།། ཞེས་པའི་ལེགས་བཤད་འདིས་སྣེ་དྲངས་ཏེ་དཀྱུས་སུ་འཇུག་པ་ན། རང་རེའི་བོད་ཁུལ་དུ་ཆེས་ཐོག་མར་ལོང་བའི་སློབ་གྲྭ་ཆེས་ཐོག་མར་འཛུགས་པ་བོ་ནི་གོ་ཐོས་སུ་འཇར་མན་ནས་ཡིན་པའི་བུ་མོ་སཱ་པུ་རུས་ཡ( Sabriya) ལགས་རེད། ཁོ་མོ་སྤྱི་ལོ1999 ལོར་སློབ་ཆེན་མཐར་ཕྱིན་སྐབས་ལྷ་སར་ཡུལ་སྐོར་ཡོང་བའི་བརྒྱུད་རིམ་ལས་ལོང་བ་ཚོའི་གནས་བབ་ལ་ཤེས་རྟོགས་བྱུང་། 1998ལོརཁོ་མོས་བོད་ཀྱི་ལོང་བའི་རོགས་སྐྱོར་ལས་གཞི་བཙུགས་ཏེ་འཇར་མན་སྲིད་གཞུང་ལ་སྙན་ཞུ་ཕུལ་ཏེ་ཆོག་མཆན་ཐོབ། སྤྱི་ལོ2000ལོའི་ཟླ11པར་བོད་ལྗོངས་དབང་བོ་སྐྱོན་ཅན་ལྷན་ཚོགས་དང་མཉམ་སྦྲེལ་བྱས་ཏེ་ལོང་བའི་ལུས་གསོ་དང་ལས་རིགས་སྦྱོང་བརྡར་ལྟེ་གནས་དངོས་སུ་གཉེར་འདུག ཡང་གཞན་ཞིག་ཐོས་པ་ནི། ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཁྱུང་མཆུ་རྫོང་ནས་ཡིན་པའི་ལོང་བ་མགོན་པོ་ཟེར་བ་ཞིག་ཡིན། བོད་རིགས་ཡིན་པའི་ལོང་བ་མགོན་པོས་སྤྱི་ལོ2015 ལོའི་སྤྱི་ཟླ༣པའི་ཚེས26ཉིན་ཁོང་དང་རྔ་བ་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་སྤྱི་ཚོགས་ཐོག་གི་འབྲེལ་ཡོད་མི་སྣའི་རྒྱབ་སྐྱོར་འོག་འབར་ཁམས་གྲོང་མཁར་ནས་བོད་ཀྱི་ལོང་ཡིག་འཕུར་མཉེ་ནད་བཅོས་འཛིན་གྲྭའི་སློབ་ཁྲིད་དངོས་སུ་མགོ་བཙུགས། དེར་མ་ཟད་ད་སྔ་བོད་ཀྱི་ལོང་ཡིག་ལ་འཇུག་པའི་དམིགས་བུ་ཞེས་པའི་དེབ་ཅིག་བརྩམས་འདུག འདི་གཉིས་ནི་ངས་ད་རེབ་འབྲི་བྱའི་ནང་དོན་དང་ཧ་ཅང་འཚམས་པའི་ཁོ་མོའི་གནས་ཚུལ་རགས་བསྡུས་ཤིག་འདིར་དྲངས་པ་ཡིན།
མིང་ལ་ལྷ་མོ་དོན་གྲུབ་ཟེར་བའི་ལོང་བ་ཞིག་ཡོད། མིག་དབང་ཉམས་ཀྱང་དྲན་ཤེས་ཉམས་མེད་པ་འདི་ནི། ཁོ་རང་ཐོབ་ཐང་ལག་འཁྱེར་ལས་སྤྱི་ལོ1988 ལོར་སྐྱེས་ཞེས་བྲིས་འདུག་མོད། དོན་དམ་པར་སྤྱི་ལོ 1986ལོར་བོད་མདོ་སྨད་བསང་ཆུའི་ལྷོ་རྒྱུད་དུ་གཏོགས་པ་ཨ་མཆོག་ས་ཆའི་ཁིས་དམར་སྡེ་བ་ནས་སྐྱེས་པ་ཞིག་རེད། ཕལ་ཆེར་ཁྱེད་ཅག་གིས་ཁོང་གི་གཏམ་རྒྱུད་ཨ་མདོ་བརྙན་འཕྲིན་ཁང་གི་དངོས་བྲིས་ལེའུ་ཚན་དང་ཀན་ལྷོའི་རྒྱང་སྒྲོག་ཁང་གི་རྒྱང་སྒྲོག་སོགས་ནས་གོ་མྱོང་ཡོད་ཀྱང་སྲིད། ཁོང་རང་སྐྱེས་མ་ཐག་ནས་མིག་མེད་དམུས་ལོང་ཅན་ཞིག་མིན་པར་ནད་ཀྱི་དབང་གིས་ལོ་ཉི་ཤུ་ནས་བཟུང་ལོང་བ་ཞིག་རེད། ཆུང་དུས་ནས་སློབ་གྲྭ་ཞིག་འགྲིམ་རྒྱུའི་སྐལ་བ་མ་ལྡན་པས་ལོ་ངོ་ཉི་ཤུའི་རིང་ལ་ཟོག་རྫི་བྱས་འདུག ཁོ་རང་ལོང་བ་གྱུར་བ་ནས་བཟུང་ཟོག་རྫི་ཡང་འགྲོ་མ་ཐུབ་པར་གྱུར། དེ་ནས་བཟུང་མི་ཁ་ངན་པ་གྲིབ་ནག་ཅེས་པ་བཞིན་རང་སྡེ་བའི་སྡེ་མི་ཚོས་ཁོ་རང་ལོང་བ་དང་གོ་རྒས་སོགས་འཕྱ་དམོད་འདྲ་མིན་དང་ཟུར་ཟ་འདྲ་མིན་བརྒྱུད་པའི་མཐར། སྟབས་ལེགས་པ་ཞིག་ལ་ཁོང་གིས་མཚོ་སྔོན་བོད་སྐད་རྒྱང་སྒྲོག་རླུང་འཕྲིན་ལས་ལོང་བའི་ཡི་གེ་ཞིག་སྦྱོང་རྒྱུ་ཡོད་པར་ཐོས་འཕྲལ་ལམ་སེང་ཡུལ་ཚོ་སྲིད་གཞུང་གི་དབང་བོ་སྐྱོན་ཅན་གཞུང་སྒྲུབ་ཁང་དུ་སོང་ནས་ལོང་ཡིག་ཡོད་མེད་ཐད་གནས་ཚུལ་རྒྱུས་ལོན་སོགས་བྱས་ཀྱང་ལོང་ཡིག་ཡོད་མེད་ཐད་དབང་བོ་སྐྱོན་ཅན་ལས་སྒྲུབ་ཁང་གི་བུད་མེད་དེས་ཀྱང་ཡོད་མེད་ཤེས་རྟོགས་བྱུང་མི་འདུག་པར་བཤད། ལོ་དེ་ནས་བཟུང་ཡར་མར་འཁྱམས་སྐྱོད་དང་བཀག་འགོག་སྣ་མང་བྱས་ཀྱང་། ཁོང་ལ་མི་ཚུགས་པའི་སྙིང་སྟོབས་དང་རེ་བཞག་དེས་སེམས་ཕམ་པའི་ཡུལ་མིའི་རེ་བ་དང་ངན་འཚང་འབྲུ་བའི་ཡུལ་མིའི་བརྙས་བཅོས་གང་ལ་ཡང་ཁ་ཡ་མ་བྱས་པར་མིག་སྟོན་དགོས་སྙམ་ནས་ལན་གྲུའི་སྨན་ཁང་ཞིག་ཏུ་བསྟན་རྗེས་ཅི་ཡང་གོ་མ་ཆོད་པར་གྱུར། དུས་སྐབས་དེར་རྫོང་གི་བཀོད་སྒྲིག་ལྟར་ལན་གྲུའི་ཆུ་མིག་ལྔ་ལྡན་ལག་རྩལ་སློབ་གྲྭ(五泉技学)ཞིག་ཏུ་ཟབ་ཞུགས་བྱས་ཏེ་སློབ་སྦྱོང་བྱེད་པའི་སྐལ་བ་ལྡན། སྐབས་དེའི་འགྲོ་རོགས་ལོང་བ་གླུ་བ་ཀླུ་ཐར་རེད་འདུག སློབ་གྲྭ་དེ་ནས་མུ་མཐུད་དུ་ཟླ་ངོ་བཞི་ལ་ཀྲུང་ལུགས་གསོ་རིག་གི་གཞུང་ལུགས་དང་ནུབ་ལུགས་གསོ་རིག་གི་གཟུགས་གཞི་བསླབ་པ། བསྐུ་མཉེད་ནི་ཆེད་སྦྱོང་བྱས་ཏེ་སློབ་སྦྱོང་ནན་ཏན་བྱས། སྐབས་དེར་སློབ་གྲོགས་རྒྱ་མི་ཚོས་རི་ལས་བབས་པའི་ལོང་བ་ཞེས་ཟུར་ཟ་སྣ་ཚོགས་ཤིག་ཀྱང་མྱངས། བར་སྐབས་སུ་ཁོང་གི་གོ་ཐོས་དང་བསྟུན་ལྷ་སར་འཇར་མན་བུ་མོ་སཱ་པུ་རུ་ཡས་བཙུགས་པའི་སློབ་གྲྭ་དེར་མི་དང་མི་བརྒྱུད་དེ་ཁོང་རང་ལོང་ཡིག་སྦྱོང་འདོད་ཀྱི་འདུན་པ་དྲགས་པས་ལྷ་སར་སློབ་སྦྱོང་བྱེད་དུ་འགྲོ་བར་སེམས་ཐག་བཅད་དེ་ལྷ་སར་སློབ་སྦྱོང་བྱེད་དུ་ཆས། སློབ་གྲྭ་དེར་ཡོད་པའི་སློབ་གྲོགས་རྒྱ་བོད་སོག་གསུམ་འདུ་བས་དཀའ་ལས་གང་མང་ཞིག་འཕྲད་ཀྱང་དཔའ་མི་ཞུམ་པའི་ཆོད་སེམས་དེས་སློབ་སྦྱོང་གྲུབ་འབྲས་མི་དམན་པ་བླངས། གཞིས་ཀ་རྩེར་སོང་ནས་རྒྱ་ཡིག་དང་དབྱིན་ཡིག་སོགས་སློབ་སྦྱོང་བྱས་པར་མ་ཟད་བོད་ཡིག་ལ་ལྷག་པར་དང་དོད་ཆེན་པོར་བྱས་ཏེ་ཚེགས་མེད་འབྲི་ཀློག་གཉིས་ལ་བྱང་བར་གྱུར། སྐབས་དེའི་ཆེད་ལས་གཙོ་བོ་ནི་བསྐུ་མཉེ་ཡིན་པ་དང་བསྐུ་མཉེ་སློབ་སྦྱོང་ལས་གསོ་རིག་གི་ཁྱད་ཆོས་མང་བོ་ཞིག་ཞོར་གྱིས་ཤེས་པར་གྱུར། དེ་ནས་བསྐྱར་དུ་ལྷ་སར་སོང་ནས་སློབ་སྦྱོང་དོན་གཉེར་བྱས་པ་དང་། ར་ས་འཕྲུལ་སྣང་གཙུག་ལག་ཁང་ནས་མཐུན་སྒྲིལ་སྡེ་སར་བར་ཉིན་རྒྱུན་རྐང་ཐང་དུ་བརྒྱུད་དེ་དཀའ་སྡུག་གི་འཚོ་བར་གདོང་གཏད་དེ་ཕུག་བསམ་མངོན་འགྱུར་དུ་བརྩོན། དུས་དེར་སློབ་སྦྱོང་གི་གོ་རིམ་མང་བ་བརྒྱུད་དེ། བསྐུ་མཉེ། སྒྲ་སྙན་རྡུང་ལེན། སྐུད་ལྭ་བཟོ་བ། ས་གདན་བཟོ་གྲྭ། ཆུར་བ་ལས་སྣོན་བཟོ་གྲྭ། སྔོ་ཚོད་འདེབས་འཛུགས་ཁང་། བ་ཕྱུགས་གསོ་སྐྱོང་ཁང་། ཟ་མ་གཡོས་སྦྱོར་ཁང་སོགས་ཆེད་སྦྱོང་སྡེ་ཁག་དུ་མར་གསབ་ཞུགས་བྱས་ཏེ་ཉམས་མྱོང་མང་དུ་བླངས། བར་སྐབས་ཤིག་ལ་སྲིད་ཇུས་དབང་གིས་ཨ་མདོ་ལོང་བ་དག་ལོང་ཡིག་སློབ་གྲྭ་དེ་ནས་འདུག་མི་ཐུབ་པར་གྱུར་ཅིང་སློབ་གྲྭ་དེ་ནས་མཐར་ཕྱིན་འདུག དེ་ནས་འཆར་གཞི་གཞན་ཞིག་འཐེན་ནས་བསྐུ་མཉེ་བྱ་བར་ཞུགས་ཏེ་ཟླ་ཕོག་རེ་འཚོལ་ཐབས་བྱས་པ་དང་ཨ་མདོའི་ལོང་བ་དག་ལ་སློབ་སྦྱོང་བྱེད་སའི་ཁོར་ཡུག་ཅིག་ལྷ་སར་མེད་པར་དམིགས་ཏེ་མ་གྲོས་རང་འགྲིག་ངང་ཁོང་དང་ལོང་བ་གསུམ་གྱིས་ལོང་བའི་སློབ་གྲྭ་ཞིག་འཛུགས་དགོས་པའི་སྐོར་གྱི་གྲོས་བྱས། དེ་ཡང་རེ་ཞིག་འགྱུར་ལྡོག་ཅུང་ཙམ་བྱུང་མོད། སྟབས་ལེགས་པར་ལྷ་སའི་དྭ་ཕྲུག་སློབ་གྲྭ་ཞིག་གི་འགོ་བ་ཉི་མ་ཚེ་རིང་ཟེར་བའི་གཙང་གི་མི་ཞིག་དང་ལྷན་དུ་ལོང་བའི་བསྐུ་མཉེ་ཁང་ཞིག་འཆར་གཞི་འཐེན་པར་མ་ཟད་དུས་དེར་ཨ་མདོ་ནས་ལོང་བ་དགུ་བཙལ་ཡང་དེ་ཡང་རྐྱེན་དབང་གིས་ངལ་བ་འབྲས་མེད་དུ་གྱུར། བར་སྐབས་དེར་རང་གི་ཕ་ཡུལ་ནས་ཁོང་གི་གྲོགས་པོ་གཉིས་དང་མཉམ་དུ་མཉམ་སྒྲུབ་སྒོས་སློབ་གྲྭའི་དཔལ་འབྱོར་གྱི་ཆེད་དུ་བླ་བྲང་དགོན་པ་སོགས་ཀྱི་གྲྭ་ཤག་རེ་རེར་སོང་ནས་སློང་མོ་བྱས་ཏེ་དུས་དེར་ཁོ་ཚོ་སྒོར་སྟོང༥༠༠༠ཙམ་གནང་སྦྱིན་བྱས་པ་དང་། བཀྲ་བྷོ་ཟེར་བ་ཞིག་གིས་རྒྱབ་སྐྱོར་ཆེན་པོས་ཁང་མིག་གཡར་བ་དང་། དེའི་ཁར་རང་གི་སྒོར་མོ་སོགས་ཁ་སྣོན་བྱས་ཏེ་ཀན་སུའུ་ཞིང་ཆེན་མདོ་ལྷོ་ཁུལ་ཐོག་ནས་སློབ་གྲྭ་ཞིག་སྒྲུབ་འཆར་བཅའ་ལག་གང་འཚམ་ཞིག་ཉོས་ཏེ་ལོང་བའི་མུན་སེལ་སྦྱོང་བརྡར་ལྟེ་གནས་དངོས་སུ་བཙུགས་ཏེ་2015.10.15ཉིན་སློབ་ཁྲིད་དབུ་ཚུགས་པར་མ་ཟད།ལོང་ཡིག་བསླབ་དེབ་ཞིག་ཀྱང་བརྩམས་ཏེ་ཁྲིད་དེབ་གཏན་ཁེལ་སོགས་བྱས། ཁྲིད་གཞིའི་སྦྱོང་བྱ་གཙོ་བོ་ནི་བོད་ཡིག་དང་རྒྱ་ཡིག དབྱིན་ཡིག གྲངས་རིག བསྐུ་མཉེ་སོགས་ཡིན་པ་དང་། དེ་དག་རྒྱུན་མ་ཆད་པར་ད་ལྟའི་བར་རྒྱུན་སྐྱོང་བཞིན་པའི་སྐབས་ལགས། ད་ལྟའི་ལས་ཞོར་དུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ཏེ་གསོ་བ་རིག་པ་གཙོས་སློབ་གྲྭའི་སྦྱང་བྱའི་རིག་གནས་ལ་འབད་པ་ལྷོད་མེད་གནང་བཞིན་པ་སོགས་བསམ་ན། ཁོང་ནི་སྤྱིར་བཏང་མི་ཚེའི་འགུལ་སྐྱོད་ཁྲོད་ནས་ཤེས་བྱ་རིག་པའི་འོད་སྣང་འཚོལ་མཁན་གྱི་གང་ཟག་ཅིག་ཡིན་པར་ཡིད་གཉིས་དང་ཐེ་ཚོམ་ཟ་དགོས་པ་ཞིག་མ་རེད། མ་བརྩམ་པ་ནི་མཆོག་ཡིན་ཏེ། ། བརྩམས་ནས་ལྡོག་པར་མི་བྱའོ། ། ཞེས་གསུངས་པ་ལྟར་ཁོང་གི་མ་འོངས་པའི་འཆར་གཞི་ཡིན་ན་བརྩོན་པ་ལྷོད་མེད་ཀྱིས་ཀན་ལྷོའི་ས་ཁུལ་དུ་ཡོད་པའི་ལོང་བ་3000ཡས་མས་སུ་ཡོད་པའི་ནང་ནས་ཅི་ཙམ་བསྐྱེད་བསྲིང་བྱེད་ཐུབ་ན་སྙམ་པའི་ཆོད་སེམས་དང་ཕུགས་འདུན་དེ་ལྟ་བུ་ཞིག་མངའ་བ་ལགས་ན་ཕྱི་རོལ་གྱི་མཛེས་སྡུག་ཙམ་མཐོང་མཁན་དག་གི་ང་རྒྱལ་གྱི་མགོ་བོ་མི་དུད་དབང་མེད་དུ་གྱུར་བའི་གནས་ཚུལ་དེ་ལྟ་བུ་ཞིག་ཡིན།
ཁོང་གིས་བཤད་པ་ལྟར། ལས་དབང་གིས་ལོང་བར་གྱུར་ཡང་ལོང་བ་དག་ནི་འགྲོ་བ་མི་གཞན་དང་འདྲ་མཉམ་གྱིས་འཚོ་ཕྱིར། མི་རིགས་རང་གི་སྐད་ཡིག་དང་ལག་རྩལ། མི་རིགས་གཞན་གྱི་རིག་གནས་སོགས་སྦྱངས་ཏེ་ལོང་བ་དག་གིས་ཀྱང་རང་མགོ་རང་ཐོན་གྱི་བྱ་བར་ཤུགས་སྣོན་དགོས་པའི་བསམ་ཚུལ་དང་། མིག་ལྡན་དག་ནི་གང་དུ་ཡོད་ན་ལོང་བ་དག་ཀྱང་དེ་སར་བསླེབས་ཡོད་པའི་དགའ་སྤྲོའི་སེམས་ཤུགས་འདིས་ལོང་བའི་ཁོར་ཡུག་དང་མཛེས་སྡུག་ནི་གོ་ལ་འདིའི་ཁོར་ཡུག་གི་ཆ་ཤས་དང་མཛེས་སྡུག་གི་ཆ་ཤས་ཡིན་པར་ར་སྤྲོད་ཐུབ། མ་འོངས་པ་ན་མི་རིགས་དང་ས་ཁོངས་དབྱེ་བ་མེད་པར་ལོང་བ་ཐམས་ཅད་གཞན་གྱིས་འཕྱ་དམོད་དང་བརྙས་བཅོས་ལས་རྣམ་པར་རྒྱལ་བའི་སྨོན་འདུན་གཙང་མ་སྙིང་ནས་ཞུའོ། །
རྩོམ་སྒྲིག་པ། རྡོ་རྗེ་བཀྲ་ཤིས།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།