中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅། ། དད་པ་ཚོང་རྫས་མ་རེད།
དུས་ཚོད།2017-11-01 10:49:28     རྩོམ་གྱི་ཡོང་ཁུངས། ལུག་སྤྲོ་ལྡན་འཕྲིན་སྟེགས། རྩོམ་པ་པོ། ཁྱུང་ཡོན།    ཆུང་། | འབྲིང་། | ཆེ།
  ང་ཚོ་བོད་ཀྱི་སྤྱི་ཚོགས་སུ་དད་པ་ནི་ཡོད་ཚད་ནང་གི་ཡོད་ཚད་དུ་བརྩི་སྲོལ་ཞིག་ཆགས་ཡོད་པས། དད་པ་མ་གཅིག་ན་གྲོགས་མི་བསྒྲིགས། གཉེན་མི་བྱེད། ཐ་ན་ཁའང་མི་གྲགས་པ་སོགས་ཀྱི་གནས་ཚུལ་གང་སར་མཐོང་རྒྱུ་ཡོད། ཁྱད་པར་དུ་དགོན་སྡེ་ཁག་གཙོར་བྱས་པའི་ཚོགས་པ་དང་སྡེ་སོགས་ཀྱིས་ཐབས་ལམ་སྣ་ཚོགས་བརྒྱུད་ནས་ཁྱབ་བསྒྲགས་བྱེད་བཞིན་ཡོད། དཔེར་ན་གྲགས་ཅན་གྱི་གླུ་པ་གླུ་མ་སོགས་སྤྱི་ཚོགས་སུ་བག་ཆགས་ཆེ་བའི་མི་སྣ་གདན་འདྲེན་ཞུས་ནས་བླ་མ་གང་གི་ལོ་རྒྱུས་དང་འཁྲུངས་རབས་སོགས་གླུ་རུ་ལེན་དུ་འཇུག་ཅིང་། ཁྲི་མཐོན་པོའི་སྟེང་ནས་གོས་ཆེན་གྱི་ནམ་བཟའ་མནབ་པ་པ་དང་། མི་དམངས་འདུ་ཚོགས་བར་ན་དབང་ཞུ་ཆོས་བསྐོར་བྱེད་པ། ཁྲོམ་ཆེན་དཀྱིལ་ནས་རླངས་འཁོར་རྫིག་པོ་བསྐོར་བ། མདོར་ན་སྐྱག་གཅིན་གཏོང་ཚུལ་ཡན་ཆད་བརྙན་ལེན་བྱས་ནས་གང་ས་གང་དུ་སངས་རྒྱས་ཡིན་ལུགས། སེམས་ཅན་འདྲེན་ལུགས། གདུལ་བྱ་འདུལ་ལུགས། མ་ཚང་བ་མེད་པ་རྒྱ་ཆེ་ཞིང་། གྲ་འགྲིག་པ། ཁྱད་པར་དུ་བྲན་ཏུ་བཀོལ་བའི་གྲྭ་ཇོ་ཁྲི་འབུམ་གྱིས་མཇལ་དར་བཟུང་ནས་སྐྱེལ་བསུ་བྱེད་པའི་བརྙན་དང་པར་སོགས་དེང་གི་དྲ་ལམ་དང་། འོད་སྡེར། དུས་དེབ་སོགས་ནས་གཞན་ལ་ངོམ་ཞིང་སྤེལ། དགེ་བ་ངོམ་ན་འཛད་ཅེས་པའི་གདམ་པ་དེ་མ་གོ་བ་འདྲ། འདི་དག་ལ་ད་ལྟ་བསྐྱར་ནས་བསམ་གཞིགས་བྱེད་དུས་མི་མང་པོ་ཞིག་གིས་དགོན་པ་ལ་ཆོས་སྤེལ་ཀུང་སི་ཟེར་གྱིན་འདུག་སྟེ། དེར་རྒྱུ་མཚན་ཡོད་པ་གཞི་ནས་ཤེས་བྱུང་། དེང་རབས་ཀྱི་སྤྱི་གཉེར་ཁང་རྣམས་ཀྱིས་རང་རང་གིས་བཟོས་པའི་ཐོན་རྫས་དེ་གླུ་པ་དང་འཁྲབ་སྟོན་པ་སོགས་སྤྱི་ཚོགས་སུ་བག་ཆགས་ཆེ་བའི་མི་དག་གླས་ནས་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱེད་བཞིན་ཡོད། ཐོན་རྫས་ཀྱི་ཁྱད་ཆོས་དང་། སྤུས་ཚད། ཕན་ནུས་སོགས་ཡོན་ཏན་ཐམས་ཅད་ཡིག་ངག་ཅི་རིགས་ཀྱི་ཐོག་ནས་འགྲེམ་སྤེལ་བྱེད་བཞིན་ཡོད་ལ། བྱེད་འོས་པ་ཞིག་ཀྱང་རེད། ཐོན་རྫས་གང་དེས་མིར་ཕན་ཐོགས་པ་མ་ཟད། སྤྱི་ཚོགས་ཀྱི་མི་མང་པོ་ཞིག་གི་འཚོ་བ་ཐག་གཅོད་བྱེད་ཐུབ། རང་གཞན་ཀུན་ལ་དངོས་ཡོད་ཀྱི་ཕན་འབྲས་ཡོད་པའི་ཐོན་རྫས་ནི་སྤྱི་ཚོགས་སུ་ཁྱབ་སྒྲགས་བྱེད་དགོས་པ་ལས། མཛོད་ནང་དུ་བཅུག་བསྡད་ན་རུལ་འགྲོ་བའམ་དུས་ཚོད་ཡོལ་འགྲོ་བས། ཐོག་མའི་དམིགས་བྱའང་དེ་ལས་མ་འདས། འོན་ཀྱང་བླ་མ་ག་གེ་མོ་ཞིག་དང་དགོན་པ་ག་གེ་མོ་ཞིག་སྤྱི་ཚོགས་སུ་ཁྱབ་བསྒྲགས་བྱས་ན་ཕན་ཐོགས་གང་འདུག ང་ཁ་སང་ཆབ་མདོར་འགྲོ་དུས་རླངས་འཁོར་མང་པོ་ཞིག་གི་ངོས་ལ་སྨན་ཁང་གི་ཁྱབ་བསྒྲགས་དང་གཞན་ཐོན་རྫས་དང་བྱེད་སྒོ་འདྲ་མིན་གྱི་ཁྱབ་བསྒྲགས་བྱེད་ཀྱིན་འདུག་པ་མཐོང་བྱུང་། འོན་ཀྱང་ཆེས་མ་བདེ་བ་ཞིག་ནི་རྨོངས་དད་ཆེ་བའི་བོད་པ་ཆོས་རྨོངས་བ་འགས་རླངས་འཁོར་མདུན་ལ་འཇིགས་མེད་ཕུན་ཚོགས་མཁྱེན་ཟེར་བ་དང་། ཀརྨ་པ་མཁྱེན་ཟེར་བ། རྒྱ་ཆེན་རྡོ་རྗེ་ཤུགས་ལྡན་མཁྱེན་ཟེར་བ། དེ་བཞིན་ས་སྐྱ་དང་བོན་པོ་སོགས་ལའང་དེ་འདྲ་འདུག ཁ་ཤས་ཀྱིས་རླངས་འཁོར་མདུན་དེར་བླ་མའི་སྐུ་པར་ཆེན་པོ་ཞིག་བཤམ། དད་པ་མི་ལ་ངོམ། ཕྱི་ལ་སྒྲོགས། འདི་ནི་ང་ཚོས་དད་པ་ཟེར་བ་དེ་གང་ཡིན་མ་ཤེས་པའི་རྟགས་གཅིག་པུ་དེ་ཡིན་པ་ག་ལ་ཤེས། ལྷ་ལྷ་ཁང་ནང་བཤམ་འོས་པ་ལས་དུ་བ་སྣ་ཐ་འཐེན་ས། ཆང་ཨ་རག་འཐུང་ས། ཕོ་མོའི་འཁྲིགས་གཏམ་བཤད་ས་ལྟ་བུའི་ཁོར་ཡུག་ཏུ་བཤམ་མི་རུང་ཚུལ་མང་པོ་བཤད་ཡོད་མོད། དེ་ཙམ་ཡང་མ་ཤེས་པར་རང་ཉིད་ཀྱིས་ལུས་ངག་ལ་འགྱུར་བ་ཅུང་ཙམ་ཡང་གཏོང་མི་ཐུབ་པར་ལྷ་དང་བླ་མ་བེད་སྤྱོད་ནས་སྤྱི་ཚོགས་སུ་རྙོག་དྲ་བཟོ་བ་དང་། ཁ་ཕོར་བྱེད། ད་དུང་དམ་ཚིག་ཡོད་ལུགས། གཙང་མ་ཡིན་རབས་ལུང་པ་གང་བཤད་འོང་དུས་ང་ནི་ངོ་མ་ངུ་ཤོར་གྱི་འདུག ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་ས་དགེ་བཀའ་རྙིང་བོན་སོགས་བླ་མ་གོང་མ་ཚོས་ཅི་ཞིག་དགོངས་ཀྱི་ཡོད་ན། ང་ཚོས་དད་པ་ཁ་ལ་ཁྱེར་ནས་སྤྱི་ཚོགས་གཏོར་བཤིག་གཏོང་དུས་ཁོང་རྣམ་པར་སྤྱན་ཆབ་མི་གཏོང་རང་དབང་ཞིག་ག་ལ་ཡོད། དེ་ཕྱིར་དད་པ་ནི་རང་ཉིད་ཀྱིས་གང་དད་པ་བྱེད་ས་དེའི་ཡོན་ཏན་ཤེས་ནས་བྱེད་དགོས་པ་ཞིག་ཡིན་པ་ལས། དད་པ་རྒྱན་ཆ་མིན་པས་འདོགས་མི་རུང་ལ། དད་པ་ཐོན་རྫས་མིན་པས་ཁྱབ་བསྒྲགས་བྱེད་མི་རུང་། དད་པ་ཁ་ཕོར་མིན་པས་རྩོད་མི་རུང་། དད་པ་ཚོང་རྫས་མིན་པས་བཙོང་མི་རུང་། དད་པ་ནི་རང་སེམས་ཀྱི་དཀྱིལ་དུ་ཉར་རྒྱུའི་ཡིད་ཆེས་ཤིག་ཡིན། དེ་ནམ་ཡང་ཞི་བ་དང་བདེ་བའི་ཕྱོགས་སུ་བཀོལ་འོས་པ་ལས། འཁྲུགས་རྩོད་དང་སྡུག་བསྔལ་གྱི་རྒྱུར་འགྱུར་མི་རུང་ངོ་།།
རྩོམ་སྒྲིག་པ། རྡོ་རྗེ་བཀྲ་ཤིས།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།