中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་རིན་ཆེན་དོན་གྲུབ་ཀྱིས་དབུལ་ཐར་མཁྲེགས་གཏོར་དང་སྐྱེ་ཁམས་འཛུགས་སྐྲུན་བྱ་བའི་གྲོས་གཞི་བཏོན་པ།
དུས་ཚོད།2019-03-29 11:12:33     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
  རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། དོན་འཁྱོལ་བཟང་བོ་བྱ་རྒྱུ་ནི་དམངས་ཆེན་འཐུས་མི་ཞིག་གི་འགན་འཁྲི་དང་ལས་སྐལ་ཡིན”ཞེས་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། ཀན་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པའམ་ཐེ་བོ་རྫོང་གི་ཏང་ཨུའི་ཧྲུའུ་ཅི་རིན་ཆེན་དོན་གྲུབ་ཀྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།
    རིན་ཆེན་དོན་གྲུབ་ཕྱིར་ཀན་ལྷོ་ཁུལ་དུ་ལོག་རྗེས། ཀན་ལྷོ་ཁུལ་ཨུའི་གཞུང་ལུགས་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་གྲོས་ཚོགས་དང་། ཀན་ལྷོ་ཁུལ་དམངས་ཆེན་དང་ལྟ་ཞིབ་ཨུ། ཁྲིམས་ཁང་དང་ཞིབ་དཔྱོད་ལས་ཁུངས། སྲིད་གཞུང་སྡེ་ཁག་བཅས་ཀྱི་འགན་ཁུར་བའི་གྲོས་ཚོགས་ཀྱི་སྟེང་ནས། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ཆེད་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཕྱིར་ཐེ་བོ་རྫོང་དུ་ལོག་རྗེས། ཡང་རྫོང་ཡོངས་ཀྱི་ལས་བྱེད་པའི་ཚོགས་ཆེན་གྱི་སྟེང་ནས། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ཆེད་དོན་བརྒྱུད་བསྒྲགས་བྱས། དེའི་འཕྲོར། ཁོང་སྟག་ར་ཤང་དུ་སོང་ནས། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་དང་། ཁ་ཐུག་ངོ་འཕྲད་ཀྱི་སྒོ་ནས་བསམ་བློ་བརྗེ་རེས་དང་མྱོང་ཚོར་ཤོད་རེས་བྱས་ཤིང་། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས།
    “རིམ་པ་སོ་སོའི་སྲིད་གཞུང་དང་དེའི་ལས་བྱེད་མི་སྣ་ལ་མཚོན་ན། མི་དམངས་ཀྱི་ཆེད་དུ་ལས་དོན་བསྒྲུབ་རྒྱུ་ནི་འགན་འཁྲི་ཡིན་ལ། མ་སྒྲུབ་ན་ནི་འགན་འཛོལ་ཡིན། ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་མཐར་ཐུག་གི་དམིགས་ཡུལ་ནི་འཕེལ་རྒྱལ་ལ་འབྲས་བུ་ཐོན་ཞིང་མང་ཚོགས་ལ་དངོས་ཕན་ཐོབ་པར་བྱ་རྒྱུ་དེ་ཡིན”ཞེས་རིན་ཆེན་དོན་གྲུབ་ཀྱིས་བྱ་བའི་ཤུགས་འདོན་ས་དེ་དབུལ་ཐར་མཁྲེགས་གཏོར་དང་སྐྱེ་ཁམས་འཛུགས་སྐྲུན་གྱི་ཐོག་ཏུ་འཇོག་དགོས་པའི་བསམ་ཚུལ་བསྟན།
    “ང་ཚོས་རྒྱལ་ཁབ་ཀྱིས་ཧ་ཅང་དབུལ་བའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་དམིགས་སུ་རྒྱབ་སྐྱོར་དང་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པའི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། དབུལ་ཕོངས་མང་ཚོགས་དབུལ་ཐར་ཡོང་བ་བྱ་དགོས། ”ཞེས་རིན་ཆེན་དོན་གྲུབ་ཀྱིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་དང་དབུལ་ཐར་མཁྲེགས་གཏོར་བྱ་བ་སྐུལ་འདེད་གཏོང་རྒྱུ་གཉིས་མཉམ་འདྲེས་ཟབ་མོ་བྱས་ཏེ། རོང་འབྲོག་སྡེའི“བསྒྱུར་གསུམ”བསྒྱུར་བཅོས་དམ་འཛིན་དང། “ཁྱིམ་གཅིག་ཇུས་གཅིག”གི་གནད་ཁེལ་དབུལ་ཐར་འཆར་གཞི་ནན་འཛུགས་བྱ་དགོས་པ་དང་། ཁྱོན་ཡོངས་ནས་སློབ་གསོ་གནད་ཁེལ་དབུལ་སྐྱོར་རྒྱལ་ཁབ་རིམ་པའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་མཁྲེགས་གཏོར་འཆར་གཞི་དང་། བདེ་ཐང་དབུལ་སྐྱོར“སྐོར་གཅིག་ཁག་གསུམ”གྱི་འཆར་གཞི་ལག་བསྟར་བྱ་དགོས། གཙོ་བོ་ལམ་དང་ཆུ། གློག  ཁང་བ། ར་བ་དང་ཐང་ཆེན་སོགས་རྨང་གཞིའི་སྒྲིག་ཆས་དང་སྤྱི་བའི་ཞབས་ཞུའི་ལས་གཞི་ནན་འཛིན་དང་། སློབ་གསོ་དང་སྨན་བཅོས། སྡོད་ཁང་། རྒན་གསོ་སོགས་སྤྱི་བའི་ཞབས་ཞུ་རོང་འབྲོག་སྡེ་ལ་ཁྱབ་པར་སྐུལ་འདེད་བཏང་ནས། མུ་མཐུད་དུ་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་དང“ཁོར་ཡུག་གསར་བརྗེའི”མཐོར་འདེགས་ལས་གཞི་ཆེན་པོ་གཉིས་ནན་འཛིན་བྱས་ཏེ། “མཁྲེགས་གཏོར་ཆེན་པོ་གསུམ”ལེགས་པར་བསྒྲུབ་དགོས་ཞེས་བཤད།
    རིན་ཆེན་དོན་གྲུབ་ད་དུང་འབྲུག་དཀར་གཙང་བོའི་ནགས་ལས་དོ་དམ་ཅུས་ཀྱི་ཐེ་བོ་ནགས་ལས་ཅུས་སུ་སོང་ནས། ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པ་མ་ཟད། ཇི་ལྟར་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་སྣོན་དང་། ཐུན་མོང་ཐོག་རི་ཆུ་སྔོན་མོ་བདག་སྐྱོང་བྱེད་ཚུལ་སོགས་ཀྱི་ཐད་དུ་བཞུགས་མོལ་དང་བསམ་བློ་བརྗེ་རེས་བྱས།
    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས‘རི་ཆུ་སྔོན་མོ་གསེར་རི་དངུལ་རི་ཡིན་པའི་ལྟ་བ་དེ་མེས་རྒྱལ་གྱི་ས་གཞི་ཆེན་པོའི་སྟེང་དུ་དེ་བས་ལེགས་པའི་སྒོ་ནས་མངོན་ཐུབ་པ་བྱ་དགོས' ཞེས་གསུང་བའི་སྐབས་སུ། ངའི་སེམས་སུ་ལས་འགན་ནི་ལྗིད་ལ་ལས་སྐལ་ནི་གཟི་བརྗིད་ལྡན་པ་ཞིག་རེད་སྙམ།”རིན་ཆེན་དོན་གྲུབ་ཀྱིས་རོང་འབྲོག་སྡེ་བའི་མི་སྡོད་ཁོར་ཡུག་སྒྲིག་བཅོས་བྱ་འགུལ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་སྒྲིག་བཅོས་བྱ་བར་ཤུགས་བཏོན་ནས། གསར་སྤེལ་དང་བཅོས་སྐྱོང་། གོང་འཕེལ་དང་སྲུང་སྐྱོབ། མིག་མདུན་དང་རྒྱང་རིང་གི་འབྲེལ་བ་ཡང་དག་པའི་སྒོ་ནས་ཐག་གཅོད་བྱས་ཏེ། མགྱོགས་མྱུར་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་བླང་བྱ་དང་བསྟུན་པའི་ནུས་ལྡན་གྱི་ཐོན་སྐྱེད་བྱེད་སྟངས་ཤིག་བསྐྲུན་ནས། ཐོན་སྐྱེད་གོང་འཕེལ་དང་འཚོ་བ་ཕྱུག་པོ། སྐྱེ་ཁམས་མཛེས་སྡུག་གི་རྣམ་པ་ཆགས་པར་བྱེད་པ་དང་། རྩྭ་ཐང་གི་རི་ཆུ་སྔར་ལས་མཛེས་ཤིང་ལྟ་ན་སྡུག་པར་གྱུར་དགོས་པའི་བསམ་ཚུལ་བསྟན།། (གསར་འགོད་པ་རིན་དགས།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།