中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། བསང་ཆུ་རྫོང་གི་བདེ་ཐང་དབུལ་སྐྱོར་གྱིས་མང་ཚོགས་ཀྱི་སྨན་བཅོས་འགན་ལེན་བྱས་པ།
དུས་ཚོད།2019-04-03 11:36:19     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
  ཉེ་བའི་ལོ་ཤས་རིང་ལ། བསང་ཆུ་རྫོང་གིས་བདེ་ཐང་དབུལ་སྐྱོར་བྱ་བའི་བཀོད་སྒྲིག་ལྟེ་བར་བཟུང་ཞིང་། ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་ཡོད་པའི་དབུལ་ཕོངས་མང་ཚོགས་གཙོ་གནད་དུ་བཟུང་ནས“སྨན་བཅོས་ལ་ཐག་རིང་བ་དང་སྨན་བཅོས་ཀྱི་རིན་གོང་མཐོ་བ། རང་འདོད་དུ་སྨན་བཅོས་བྱེད་པ”སོགས་ཀྱི་གནད་དོན་གཙོ་བོ་ཁག་ལ་དམིགས་ནས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་བཟང་དུ་བཏང་ཞིང་ཤེས་ལྡན་མི་སྣ་སྔར་ལས་མང་བོ་གསོ་སྐྱོང་བྱས་པ་དང་། མུ་མཐུད་དུ་ཞབས་ཞུའི་ནུས་པ་ཇེ་བཟང་དུ་གཏོང་བར་འབད་པ་བྱས་པས། བདེ་བླག་ངང་རོང་འབྲོག་མང་ཚོགས་ཀྱི“ནད་ཡོད་ན་བརྟག་མི་ཐུབ་པ་དང་། ནད་བརྟགས་རྗེས་སྨན་བཅོས་བྱ་མི་ཐུབ་པ། བདེ་ཐང་ལ་དོ་ཁུར་བྱེད་མི་ཐུབ་པ”སོགས་ཀྱི་གནད་དོན་ཇེ་ཉུང་དུ་བཏང་།
    རྫོང་ཡོངས་ཀྱི་སྨན་བཅོས་ལས་ཁུངས་ཁག་གི་འགོ་ཁྲིད་ཚན་ཁག་བསྐོ་བཞག་འཐུས་ཚང་དུ་བཏང་ཞིང་། འཕྲོད་བསྟེན་ཁང་གི་འགོ་ཁྲིད་འདེམས་ཐོན་བྱས་ལ། ཤང་དང་གྲོང་རྡལ་སོ་སོའི་བདེ་ཐང་ཆེད་བསྐོས་ལས་བྱེད་པ་དང་ཤང་སྡེའི་སྨན་པ། ཚན་ཁག་ཀུན་ལ་འཛོམས་པའི་སྨན་པ་འཐུས་ཚང་དུ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་ནས། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་སྒྲིག་གཞི་ཉིན་རེ་བཞིན་འཐུས་སྒོ་ཇེ་ཚང་དུ་སོང་། ཉེ་བའི་ལོ་གསུམ་གྱི་རིང་ལ། རྫོང་ཡོངས་ཀྱིས་བདེ་ཐང་ཆེད་བསྐོས་ལས་བྱེད་པ 82ལྷག་བསྒྱུར་བཀོད་བྱེད་ཐུབ་པ་བྱུང་ལ། ཞིང་སྡེའི་སྨན་པ 69བསྐོ་བཞག་བྱས། ཧུར་བརྩོན་སྒོས་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་དང་། ཤར་རྒྱུད་དང་ནུབ་རྒྱུད་དབུལ་ཐར་མཁྲེགས་གཏོར། ཐེན་ཅིན་གྱི་འཛུགས་སྐྲུན་བྱེད་པར་རོགས་སྐྱོར་བྱེད་པའི་ལས་གཞིའི་མ་དངུལ་སོགས་བརྩོན་ལེན་བྱས་ནས། བསྡོམས་པས་སྒོར་ཁྲི 1760བཏང་ནས་ཀྲུང་ལུགས་བོད་ལུགས་སྨན་ཁང 6བཙུགས་ཤིང་། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང 13དང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས 1 སྡེ་བའི་འཕྲོད་བསྟེན་ཁང 60ཡི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་བྱ་བ་ལེགས་གྲུབ་བྱུང་། དེ་དང་ཆབས་ཅིག་ཏུ་གཞི་རྩའི་སྟེང་ནས་ཚད་ལྡན་ཅན་གྱི་འཕྲོད་བསྟེན་ཁང་དང་འཕྲོད་བསྟེན་ཁང་གི་སྨན་བཅོས་སྒྲིག་ཆས། དེ་བཞིན་དུ་ངེས་མཁོའི་གཞུང་སྒྲུབ་དངོས་པོ་འཐུས་ཚང་དུ་བཏང་། མ་དངུལ་སྒོར་ཁྲི 3400ལྷག་གྲབས་གསོག་བྱས་ནས། གཙོ་གནད་ཆེད་བཅོས་ཚན་ཁག་དང་ངན་ཞན་གྱི་རིག་ཚན། ས་ཁོངས་ཀྱི་གསོ་རིག་ལྟེ་གནས། རྫོང་བུད་མེད་དང་བྱིས་པའི་འཆར་སྐྱེའི་ཞབས་ཞུའི་ལྟེ་གནས་ཀྱི་ལས་གཉེར་ཐོག་ཁང་སོགས་ཀྱི་ལས་གཞིའི་འཛུགས་སྐྲུན་གྱི་མ་དངུལ་གཏོང་ཚད་ལ་ཤུགས་བསྣན་པ་རེད།
    དམངས་ཕན་དམངས་བདེའི་ཞབས་ཞུ་ཇེ་བཟང་དུ་གཏོང་བ་གཙོ་གནད་དུ་བཟུང་སྟེ། བདེ་ཐང་དབུལ་སྐྱོར་གྱི་སྲིད་ཇུས་ཁྱབ་བསྒྲགས་དང་སྔོན་ལ་སྨན་བཅོས་བྱེད་པ་དང་རྗེས་སུ་སྨན་རིན་སྤྲོད་པ། སྟབས་གཅིག་ལ་དུས་ཐོག་ཏུ་རྩིས་སྤྲོད་གཏོང་བ། ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་སོགས་ཀྱི་ཐད་དུ་ཤུགས་བསྣན་ནས། མང་ཚོགས་ཀྱིས་སྔར་ལས་ལྷག་པའི་ཞབས་ཞུ་སྤུས་ལེགས་མྱོང་ཐུབ་པར་བྱས། 2018ལོའི་ཟླ 5པའི་ཚེས 1ཉིན་ནས་བཟུང་། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་སྨན་བཅོས་ལས་ཁུངས་ཀྱིས“སྔོན་ལ་སྨན་བཅོས་བྱེད་པ་དང་རྗེས་ནས་སྨན་རིན་སྤྲོད་པའི”སྨན་བཅོས་ཞབས་ཞུ་དངོས་སུ་ལག་བསྟར་བྱས། རྫོང་མི་དམངས་སྨན་ཁང་གིས“སྟབས་གཅིག་རྣམ་པ”ཅན་གྱི་རྩིས་སྤྲོད་སྒེའུ་ཁུང་བཙུགས་ནས། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་ཚང་མའི་འགན་བཅོལ་ནང་དུ་ཞུགས་ཡོད་པའི་ནད་པ་ཡོངས་ལ་ཁྱབ་ཐུབ་པར་བྱས། ཞིང་ཆེན་དང་ཁུལ། རྫོང་གི་ཆེད་མཁས་པ 22དང་། ཤང་དང་སྡེ་བའི་སྨན་པ 134ལྷག་རྩ་འཛུགས་བྱས་ཏེ་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་སྤེལ། གན་འཇོག་ཞབས་ཞུའི་རུ་ཁག་བསྡོམས་པས 1064བཙུགས་ནས་མི 4881ལ་རོགས་སྐྱོར་བྱེད་པའི་ཇུས་གཞི་གཏན་ཁེལ་བྱས་ཤིང་། གན་འཇོག་ཞབས་ཞུའི་ནང་དུ་མི 4881འདུས་ཡོད།
    གནད་དུ་ཁེལ་བའི་སྒོ་ནས“འཆར་འགོད”བྱས་ཏེ། མང་ཚོགས་ཀྱིས་སྨན་བཅོས་ལེགས་པོ་བྱེད་པར་འགན་ལེན་བྱས་པ། ཞིང་བར་འཕྲོད་བསྟེན་ཐད་ཀྱི་རོགས་སྐྱོར་བྱེད་པ་དང་ཚོགས་སྒྲིག་རྣམ་པའི་སྨན་བཅོས་ཀྱིས་བོད་ལ་རོགས་སྐྱོར་བྱེད་པ། ཐེན་ཅིན་གྲོང་ཁྱེར་ནན་ཁའེ་ཁུལ་གྱིས་ཁ་གཏད་རོགས་སྐྱོར་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་ནས། ལས་གནས་མི་སྣ་གསོ་སྐྱོང་དང་ཟབ་སྦྱོང་གསོ་སྐྱོང་། འཕྲོར་མཐུད་གསོ་རིག་སློབ་གསོ། མང་ཚོགས་ཀྱིས་སྨན་བཅོས་ལེགས་པོ་བྱེད་ཐུབ་པར་འགན་ལེན་བྱེད་པ་སོགས་དོན་འཁྱོལ་བྱས། མུ་མཐུད་དུ་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་ཁ་གཏད་རོགས་སྐྱོར་རྒྱ་སྐྱེད་ནས། བདེ་བླག་ངང་ཐེན་ཅིན་གྱི་འཕྲོན་བསྟེན་འཆར་སྐྱེའི་མ་ལག་གི་འཐུས་ཚབ་ཚོགས་པ་དང་སྦྲེལ་མཐུད་ཐུབ་པ་བྱུང་། རྫོང་མི་དམངས་སྨན་ཁང་དང་ཨ་མཆོག་གྲོང་རྡལ་ལྟེ་བའི་འཕྲོད་བསྟེན་ཁང་གཉིས་ཀྱིས་ནན་ཁའེ་ཁུལ་གྱི་རྨ་ཆུའི་སྨན་ཁང་དང་། ཧྭ་ཡོན་སྲང་ལམ་གྱི་སྡེ་ཁུལ་དང་རོགས་སྐྱོར་གྲོས་མཐུན་ཡི་གེར་མིང་རྟགས་འཁོད་ཐུབ་པ་བྱུང་། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་ཕྱོགས་ཡོངས་ནས་དམ་འཛིན་བྱས་ཤིང་། “ནང་དུ་འགུག་པ་དང་ཕྱི་རུ་བསྐྱོད་པའི”ཤེས་ལྡན་མི་སྣ་གསོ་སྐྱོང་རྣམ་པ་སྤྱད་ནས། རྐང་འཛིན་སྨན་པ་ཁྲི་ཡིས་ཞིང་སྡེའི་འཕྲོད་བསྟེན་ལ་རོགས་སྐྱོར་བྱེད་པའི་ལས་གྲྭ་ལག་བསྟར་བྱས་ཏེ། ནུས་ལྡན་གྱི་སྒོ་ནས་རིམ་པ་གོང་མའི་སྨན་བཅོས་ཆེད་མཁས་པས་སྨན་བཅོས་ལ་ཁྲིད་སྟོན་དང་རོགས་སྐྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། བསང་ཆུ་རྫོང་གི་འཕྲོད་བསྟེན་མི་སྣ 30ལྷག་ལ་ཁྲིད་སྟོན་གསོ་སྐྱོང་བྱས། ཀྲུང་ལུགས་བོད་ལུགས་སྨན་བཅོས་ཞབས་ཞུ་མཐོར་འདེགས་ལས་གྲྭ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་། ཐེན་ཅིན་གྱིས་བོད་ཁུལ་ལ་རོགས་སྐྱོར་བྱེད་པ་སོགས་ཀྱི་ལས་གཞིའི་གོ་སྐབས་དམ་འཛིན་བྱས་ཏེ། ཐབས་ལམ་མང་བོ་བརྒྱུད་ནས་རྫོང་ནང་ཁུལ་གྱི་རྐང་འཛིན་སྨན་པ 70ལྷག་ཕྱི་ཡུལ་དུ་གསོ་སྦྱོང་ལ་བཏང་ཞིང་། སྨན་བཅོས་མི་སྣའི་ལས་ཀ་གཉེར་བའི་ཕྱོགས་བསྡུས་བྱང་ཚད་དང་ནུས་པ་ཇེ་མཐོར་བཏང་།།    
       ( གསར་འགོད་པ་བླ་མ་སྐྱབས་ཀྱིས། )
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།