中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཅོ་ནེ་རྫོང་གིས་ཀྲུང་བོད་སྨན་རྫས་ཐོན་ལས་གོང་འཕེལ་བཏང་ནས་དབུལ་ཐར་མཁྲེགས་གཏོར་བྱ་བར་རོགས་སྐྱོར་བྱས་པའི་ཟུར་བྲིས།
དུས་ཚོད།2019-05-08 09:04:13     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
 ཉེ་ཆར། ཅོ་ནེ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཀན་སུའུ་ཁྲེང་ལི་དམངས་ཕྱུག་ཞིང་ལས་ཀུང་སི་དང་མཉམ་འབྲེལ་བྱས་ཏེ། ས་གནས་དེའི་ཞིང་བ་དང་ཆེད་ལས་མཉམ་ལས་ཁང་ལ་རིན་པ་མེད་པར་རིན་ཐང་སྒོར་ཁྲི 30ལྷག་གི་ཀྲུང་བོད་སྨན་རྫས་ཀྱི་སྤུས་ལེགས་སོན་མྱུག་དང་སྐྱེ་ལྡན་ལུད་འགྲེམ་གཏོང་བྱས། འདེབས་འཛུགས་མཉམ་ལས་ཁང 30ལྷག་དང་ཞིང་བ 600ལྷག་ལ་དེ་ལས་ཁེ་ཕན་ཐོབ།
    ཅོ་ནེ་རྫོང་དེ་མཚོ་བོད་མཐོ་སྒང་གི་མཐའ་ཁུལ་དུ་གནས་ཤིང་། སྔར་ནས“རང་བྱུང་གི་བང་མཛོད་དང་སྨན་རྫས་ཀྱི་ཕ་ས”ཞེས་མཚན་སྙན་ཐོབ་ཡོད། གནས་དེ་ན་རི་སྐྱེ་ཀྲུང་བོད་སྨན་རྫས་རིགས 136ལྷག་ཡོད།  2012ལོར། ལྕ་བ་དང་སྲད་དཀར་སོགས་སྨན་རྫས་རིགས 5ལ་ཞིང་ཆེན་ཞིང་ཕྱུགས་ཐིང་གིས་སྤྱི་གནོད་མེད་པའི་བདེན་དཔང་ཐོབ་པ་ལ་གྲོས་འཆམ་བྱུང་མོད། འོན་ཀྱང་། ཅོ་ནེ་རྫོང་གི་ཀྲུང་བོད་སྨན་རྫས་ཐོན་ལས་གོང་འཕེལ་ལ་སོན་མྱུག་གསོ་སྤེལ་དང་ཚད་ལྡན་ཐོན་སྐྱེད། ཚོང་རའི་འཁོར་རྒྱུག་དང་ལས་སྣོན་སོགས་ཀྱི་བརྒྱུད་རིམ་ཁྲོད་དུ་མི་འདང་ས་ཡང་མང་བོ་ཡོད་པས། གནད་འགག་དེ་གཏོར་ནས་ཀྲུང་བོད་སྨན་རྫས་ཐོན་ལས་གོང་འཕེལ་བཏང་སྟེ་རོང་འབྲོག་མང་ཚོགས་ལ་ཡོང་འཕར་ཕྱུག་འགྱུར་བྱེད་པར་སྐུལ་འདེད་གཏོང་ཆེད། ཅོ་ནེ་རྫོང་གིས་ཐོན་ལས་དབུལ་སྐྱོར་གྱི་འཚོལ་ཞིབ་ཁྲོད་དུ། ཐོན་ཁུངས་ཀྱི་བབ་བཟང་གཞིར་བཟུང་ཞིང་། ཁྱད་ལྡན་ཐོན་ལས་གོང་འཕེལ་དང་མང་ཚོགས་ཀྱི་བརྩོན་སེམས་སྐུལ་སྤེལ་བྱས་ཏེ། ཐོན་ལས་དབུལ་སྐྱོར་གྱི་འགྲིལ་ཤུགས་ཆེན་པོ་ཆགས་པར་བྱས།
    རྒྱལ་ཁབ་ཕྱི་ནང་གི་སྨན་རྫས་ཚོང་རར་ཞིབ་འཇུག་དང་བརྡར་གཅོད་བྱས་པ་བརྒྱུད། ཅོ་ནེ་རྫོང་གིས“ཁྱབ་རྒྱ་ཇེ་ཆེ་དང་གྲངས་ཚད་འཕར་སྣོན། སྤུས་ཚད་མཐོར་འདེགས”ཀྱི་ཚད་ལྡན་འདེབས་འཛུགས་གོང་འཕེལ་གཏོང་བའི་རིག་ལམ་བཏོན་ཞིང་། སྲིད་ཇུས་ཀྱི་ཁྲིད་སྟོན་དང་ལས་གཞིའི་རྒྱབ་སྐྱོར་སོགས་ལ་བརྟེན་ནས། རོང་འབྲོག་མང་ཚོགས་ཀྱི་ས་ཞིང་ཐར་ཐོར་གཅིག་བསྡུས་ཀྱིས་འཁོར་རྒྱུག་བྱེད་པར་སྐུལ་མ་བཏང་། མིག་སྔར། རྫོང་ཡོངས་ཀྱི་སྨན་རྫས་འདེབས་འཛུགས་ཀྱི་རྒྱ་ཁྱོན 2007ལོའི་མུའུ་ཁྲི 1ཀྱང་མི་འདང་བ་ནས་ད་ལྟའི་མུའུ་ཁྲི 8.2ལ་གོང་འཕེལ་བྱུང་ཡོད། སྨན་རྫས་ཀྱི་རིགས་ཀྱང་སྔོན་ཆད་ཀྱི་ལྕ་བ་དང་སྲད་དཀར་རྐྱང་རྐྱང་འདེབས་པ་ནས་ད་ལྟ་ཀླུ་བདུད་རྡོ་རྗེ་དང་སྲད་དཀར། རྒྱ་ཆ། ཆིན་ཅའོ། དབྱིན་དབྱང་ཧུའོ། ཐའོ་ཨིར་ཆི་སོགས་ཀྲུང་བོད་སྨན་རྫས་རིགས 10ལྷག་འདེབས་བཞིན་ཡོད། དུས་མཚུངས་སུ། ཅོ་ནེ་རྫོང་གིས་ཞིང་སྨན་དང་ལུད་རྫས་ལ་ལྟ་སྐུལ་དོ་དམ་ནན་མོ་བྱས་ཏེ། སྐྱེ་ལྡན་ལུད་སྤྱོད་རྒྱུ་གཙོ་བྱས་ཤིང་རྫས་ལུད་གཟབ་སྤྱོད་བྱེད་པ། དུག་ལྡན་དང་འཕྲོ་ལུས་མང་བའི་ཞིང་སྨན་མི་སྤྱོད་པ་དང་། ནད་འབུས་གནོད་འཚེ་སྔོན་འགོག་ཚོད་འཛིན་བྱས་ཏེ། གཞི་སའི་ཀྲུང་བོད་སྨན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་ཀྱི་ཆུ་ཚད་ཁག་ཐེག་བྱས། དེའི་རྨང་གཞིའི་སྟེང་དུ། ཅོ་ནེ་རྫོང་གིས་རང་སྐྲུན་དང་ནང་འདྲེན་ཟུང་འབྲེལ་བྱེད་པའི་བྱ་ཐབས་སྤྱད་དེ། ཀྲུང་བོད་སྨན་རྫས་ཐོན་ལས་ཀྱི་ཁེ་ལས་སྐྱེད་སྲིང་དང་གོང་འཕེལ་བཏང་ནས། ཐོན་ལས་གོང་འཕེལ་ཐད་ཀྱི་ཕན་འབྲས་མི་ཐོན་པའི་དཀའ་གནད་བསལ། མིག་སྔར་ཐུག་བར་དུ། རྫོང་ཡོངས་སུ་བསྡོམས་པས་སྨན་རྫས་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང 140ལྷག་དང་། ཁེ་ལས 12སྐྱེད་སྲིང་བྱས་ཡོད། ཀྲུང་བོད་སྨན་རྫས་ཐོན་ལས་དེ་རྫོང་ཡོངས་ཀྱི་ཁྱད་ལྡན་ཐོན་ལས་ཆེ་གྲས་ལྔའི་གྲས་སུ་ཚུད་ཡོད།
    ཀན་སུའུ་ཁྲེང་ལི་དམངས་ཕྱུག་ཞིང་ལས་ཀུང་སི་ནི་ཅོ་ནེ་རྫོང་གིས་ད་ལོར་ནང་འདྲེན་བྱས་པའི་ཞིང་ལས་ཐོན་ལས་ཅན་གྱི་རྐང་འཛིན་ཁེ་ལས་ཆེ་གྲས་དེ་ཡིན། ཟླ 1པའི་ཚེས 22ཉིན་ལ། ཅོ་ནེ་རྫོང་སྲིད་གཞུང་དང་ཀན་སུའུ་ཁྲེང་ལི་དམངས་ཕྱུག་ཞིང་ལས་ཀུང་སིས་ཀྲུང་བོད་སྨན་རྫས་ཐོན་ལས་གོང་འཕེལ་གཏོང་བར་གྲོས་མཐུན་ཡི་གེ་བཞག  ཀན་སུའུ་ཁྲེང་ལི་དམངས་ཕྱུག་ཞིང་ལས་ཀུང་སིས་ས་ཞིང་འཁོར་རྒྱུག་དང་ལྗང་མདོག་སྐྱེ་ཁམས་ཀྱི་ཀྲུང་བོད་སྨན་རྫས་ཚད་ལྡན་འདེབས་འཛུགས་གཞི་ས་འཛུགས་སྐྲུན་དང་། ཀྲུང་སྨན་སྨན་རྫས་ཐོན་སྐྱེད་དང་ཀྲུང་བོད་སྨན་རྫས་སྤུས་ཚད་བརྟག་དཔྱད་ཚོད་འཛིན་ལྟེ་གནས་སོགས་བཀོད་སྒྲིག་བྱེད་པའི་བྱ་ཐབས་སྤྱད་པ་མ་ཟད། “གཏན་འཇགས་ཁེ་སྤོགས་བགོ་བ”དང“མ་མཐའི་ཁེ་སྤོགས་བགོ་བ”“ངལ་ལས་ཁེ་སྤོགས་བགོ་བ”སོགས་ཀྱི་རྣམ་པས། ཞིང་བའི་འདེབས་འཛུགས་ཀྱི་བརྩོན་སེམས་སྐུལ་ཞིང་། རྫོང་ཡོངས་ཀྱི་ཀྲུང་བོད་སྨན་རྫས་གོང་འཕེལ་གཏོང་བར་རོགས་སྐྱོར་བྱས།
    དབུལ་ཐར་མཁྲེགས་གཏོར་གྱི་བྱ་བར་རྒྱལ་ཁ་ཐོབ་དགོས་ན། མང་ཚོགས་ཀྱི་བརྩོན་སེམས་སྐུལ་རྒྱུ་ཧ་ཅང་གལ་ཆེ། དེར་བརྟེན། ཅོ་ནེ་རྫོང་གིས་མཐོ་སྒང་གི་ཁྱད་ལྡན་འདེབས་འཛུགས་ལས་རིགས་དང་སྣ་མང་ཅན་གྱི་དམངས་ཕྱུག་ཐོན་ལས་གོང་འཕེལ་གཏོང་བར་དམ་དུ་དམིགས་ཤིང་། རོང་འབྲོག་པའི་གསོ་སྦྱོང་གི་རེ་བ་དང་དགོས་མཁོ་བསྐོང་རྒྱུ་དམིགས་ཡུལ་དུ་བཟུང་ནས། གཅིག་བསྡུས་ཀྱིས་སློབ་ཁྲིད་དང་ཡུལ་དངོས་ནས་མཛུབ་སྟོན། ཕྱི་ཕྱོགས་སུ་ལྟ་སྐོར་བྱེད་པའི་བྱ་ཐབས་སྤྱད་དེ། རོང་འབྲོག་མང་ཚོགས་ལ་སྨན་རྫས་འདེབས་འཛུགས་ལག་རྩལ་ཐད་ནས་གསོ་སྦྱོང་བྱས། རྫོང་དང་ཤང་རིམ་པ་གཉིས་ཀྱི་ཆེད་ལས་ལག་རྩལ་མི་སྣ་དང་འདེབས་འཛུགས་མཁས་པས་ལག་རྩལ་ཞབས་ཞུའི་མཛུབ་སྟོན་ཚན་ཆུང་བཙུགས་ནས། དུས་ལྟར་ཞིང་བའི་ཐོན་སྐྱེད་བརྒྱུད་རིམ་ཁྲོད་དུ་ཟབ་ཞུགས་བྱས་ཤིང་། ཡུལ་དངོས་ནས་ཀྲུང་བོད་སྨན་རྫས་ཀྱི་མྱུག་གསོ་དང་འདེབས་འཛུགས། ཞིང་ཁའི་བདག་དམ། ལུད་རྒྱག་སྟངས། ནད་འབུའི་གནོད་འཚེ་འགོག་བཅོས་དང་། ཐོག་མའི་ལས་སྣོན་སོགས་ཀྱི་ལག་རྩལ་ཐད་དུ་མཛུབ་སྟོན་གསོ་སྦྱོང་བྱས་ཤིང་། ལོ་ལྟར་ཉམས་མྱོང་ཅན་གྱི་ལག་རྩལ་བ་དང་འདེབས་འཛུགས་མཁས་པ་ཞིང་ཆེན་ཕྱི་ནང་དུ་སློབ་སྦྱོང་དང་ལྟ་སྐོར་བྱེད་པར་མངགས་ནས། སྔོན་ཐོན་གྱི་ཐོན་སྐྱེད་ལག་རྩལ་ཁོང་དུ་ཆུད་དེ། སྨན་རྫས་ཐོན་ལས་ཀྱི་ཤེས་ལྡན་མི་སྣའི་ལག་རྩལ་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་།
    ད་སྐབས། ཐོན་ལས་དབུལ་སྐྱོར་གྱིས་ཅོ་ནེ་རྫོང་གི་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཁྲོད་དུ་ཕན་འབྲས་མངོན་གསལ་ཐོན་ཡོད་ལ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཀྲུང་བོད་སྨན་རྫས་ཐོན་ལས་དེ་རྫོང་ཡོངས་ཀྱི་ཤང་གྲོང 13ལ་ཁྱབ་ནས། ཡུལ་འདིའི་ཕྱུག་འགྱུར་གྱི་སྒོ་ཆེན་འབྱེད་པའི“གསེར་གྱི་ལྡེ་མིག”ཏུ་གྱུར་ཡོད་དོ།།
               (གསར་འགོད་པ་རིན་དགའ་ཡིས།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།