中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། བསང་ཁོག་རྩྭ་ཐང་གི་རྟ་ཐོག་སྨན་པ་འབྲོག་མིའི་སེམས་ཁོང་གི་སྒྲོལ་མ་དཀར་མོ།
དུས་ཚོད།2019-05-17 10:57:27     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
སྨན་པ་ཞེས་པའི་མིང་འདིས་མི་ལ་ཅི་འདྲིའི་བདེ་སྣང་སྟེར་ཐུབ་པ་ཞིག་ཨང་། རྟ་མགྲིན་འཚོ་ཞེས་པའི་མིང་འདི་ང་ཚོའི་ཀན་ལྷོའི་རྩྭ་ཐང་དུ་མེ་ཏོག་བཞིན་བཞད་ཅིང་མཇའ་ཚོན་བཞིན་ཤར་གྱིན་ཡོད། ང་རང་ཁོ་མོར་བཅར་འདྲི་བྱེད་པའི་འདུན་པ་སྔ་མོ་སྔ་མོ་ཞིག་ནས་སྐྱེས་མོད། ཡིན་ཡང་ཆ་རྐྱེན་ནམ་དུས་ཚོད་ཀྱིས་དབང་གིས་འདུན་པ་དེ་ད་ལོའི་བར་དུ་འགྱུར་མ་ཐུབ། ད་ལོའི་སྤྱི་ཟླ་གསུམ་པའི་ཟླ་མཇུག་གི་གཟའ་ཉི་མ་ཞིག་གི་སྔ་དྲོར་ང་རང་གིས་སྒེར་གྱི་རླངས་འཁོར་བསྐོར་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་སྟེང་དུ་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ“ཡང་དག་པའི་འཕྲོད་བསྟེན་དང་བདེ་ཐང་གི་བྱ་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས་གཞི་རིམ་གཙོ་གནད་དུ་འཛིན་པ་དང་བཅོས་སྒྱུར་དང་གསར་གཏོད་སྒུལ་ཤུགས་སུ་བྱས་ནས། སྔོན་འགོག་དམ་འཛིན་དང་ཀྲུང་ལུགས་དང་ཕྱི་ལུགས་སྨན་བཅོས་གལ་ཆེ་མཉམ་བརྩི་བྱས་ནས་བདེ་ཐང་གི་གནད་དོན་དེ་སྲིད་ཇུས་ཡོངས་སུ་ཁྱབ་པར་བྱས་ཏེ། མི་དམངས་ཀྱིས་ཐུན་མོང་དུ་འཛུགས་སྐྲུན་དང་ཐུན་མོང་སྒོས་མྱོང་རོལ་བྱ་དགོས”ཞེས་པའི་གསུང་དྲི་མ་མེད་པ་ཡིད་ལ་དམ་པོར་བཅངས་ནས་བསང་ཆུ་རྫོང་བསང་ཁོག་གྲོང་རྡལ་རྟ་རྒྱུག་ཐང་དུ་སྨན་པ་རྟ་མགྲིན་འཚོ་ལ་བཅར་འདྲི་བྱེད་དུ་ཆས།
    སྤྱིར་གནམ་ཚད་དཔྱིད་ཀར་བསླེབས་ནའང་ཟླ་གསུམ་པའི་བསང་ཁོག་རྩྭ་ཐང་ན་དཔྱིད་ཉམས་སྤུ་ཙམ་ཡང་མེད་ལ། རླུང་འུར་འུར་དུ་ལྡིང་བ་དང་ཁ་བ་ལྷབ་ལྷུབ་ཏུ་འབབ་བཞིན་ཡོད། བསང་ཁོག་གྲོང་རྡལ་རྟ་རྒྱུག་ཐང་འཕྲོད་བསྟེན་ཁང་ནི་རྩྭ་ཐང་སྟེང་གི་ཆེས་དྲོད་ཁོལ་ལྡན་པའི་གནས་ཤིག་ཏུ་གྱུར།
    རྒྱལ་ཡོངས་དམངས་ཆེན་འཐུས་མིའམ་རྟ་རྒྱུག་ཐང་རྩྭ་ཐང་གི་ཞིང་སྡེའི་སྨན་པ་རྟ་མགྲིན་འཚོ་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་ཞུགས་རྗེས་ཕ་ཡུལ་དུ་འབྱོར་མ་ཐག་སྡེ་བར་སོང་ཞིང་ཁྱིམ་ཚང་ལ་ཞུགས་པའི་ལས་ལ་བྲེལ།
    ཉིན་འདིའི་ཞོགས་པར་རྟ་མགྲིན་འཚོས་སྐོར་ཞིབ་སྨན་བཅོས་བྱེད་པའི་འགོ་བརྩམས། སྨན་སྒམ་ཆུང་ཆུང་ཞིག་དང་ཡར་སྒྱུར་མར་སྒྱུར་བྱས་ནས་ཐེད་ཟིན་པའི་ཞིང་སྡེའི་སྨན་པའི་ལག་དེབ་ཞིག ཞིང་སྡེའི་སྨན་བཅོས་ཟིན་བྲིས་བཅས་ནི་ཁོ་མོར་ལོ་མང་འགྲོག་པའི་བྱ་བའི་དངོས་པོ་ཡིན།
    མཚོ་ངོས་ལས་མཐོ་ཚད་སྨི 3700ལྷག་ཡོད་པའི་རྟ་རྒྱུག་ཐང་དུ་ད་ལོ་ལོ 47ཡིན་པའི་རྟ་མགྲིན་འཚོ་ནི་ཞིང་སྡེའི་སྨན་པ་གཅིག་པུ་ཡིན་ཞིང་།  ཁོ་མོ་ཡང་ཀྲུང་གོ་ཡི་སྤྱིར་བཏང་གི་ཞིང་སྡེ་སྨན་པ་ཁྲི་མ་འབུམ་ཡོད་པ་ནང་བཞིན་ཞིང་སྡེ་རུ་རྩ་བ་བཙུགས་ཤིང་སྡེ་མི་རྣམས་ལ་ནད་བརྟག་སྨན་བཅོས་བྱེད་བཞིན་ཡོད།  སྤྱིར་བཏང་གི་ལས་གནས་སུ་སྤྱིར་བཏང་མ་ཡིན་པ་ནི་ཁོ་མོས་འབྲོག་པ་མང་ཚོགས་ལ་ནད་བརྟག་སྨན་བཅོས་དང་ཞིབ་བཤེར་བྱེད་པའི་རིན་པ་སྐར་གང་ཡང་ལེན་མ་མྱོང་།  ཁོ་མོས་བཤད་པར་ང་རང་ཆུང་དུས་ནས་གནས་འདི་རུ་འཚར་ལོངས་བྱུང་བ་དང་ཡུལ་མི་རྣམས་ཀྱིས་ནད་ལ་བརྟག་པར་སྒོར་མོ་བླངས་ན་རང་ཉིད་ལ་མཚོན་ནས་བཤད་ན་སྐྱིད་པོ་ཞིག་མ་རེད་ཟེར།
    རྟ་རྒྱུག་ཐང་དེ་བསང་ཆུ་རྫོང་དང་བར་ཐག་སྤྱི་ལེ 70ལྷག་ཡོད་པ་དང་རྩྭ་ཐང་སྟེང་དུད་ཁྱིམ་ཉུང་བ་དང་འབྲོག་དམངས་འདུས་སྡོད་ཐར་ཐོར་ཡིན་པ།  སྐབས་རེར་ལུང་ཁོག་གཅིག་ཏུ་ཁྱིམ་ཚང་གཅིག་གཉིས་རེ་ལས་མེད་པ་དང་སྨན་པ་མེད་ལ་སྨན་དཀོན་པའི་ཁར་འགྲོ་སྐྱོད་ཀྱང་སྟབས་མི་བདེ་བ་དང་།མང་ཚོགས་ཀྱིས་རྒྱུན་དུ་ནད་གཞི་ཆུང་ཆུང་ནད་གཞི་ལྗིད་མོ་རུ་འགྱུར་དུ་བཅུག་པ་དང་ནད་གཞི་ལྗིད་མོས་ཚེ་སྲོག་ཤོར་དུ་འཇུག་གིན་ཡོད།
    ཕ་ཡུལ་གྱི་སྨན་བཅོས་ཆ་རྐྱེན་ཞན་པའི་གནས་ཚུལ་འདི་དག་ཁོ་མོས་མིག་མཐོང་ལག་ཟིན་དུ་ཡོད་སྟབས། ཆུང་དུས་ནས་སྨན་པ་ཞིག་བྱ་རྒྱུའི་ཕུགས་བསམ་ཡོད། 1994ལོར་ཀན་སུའུ་ཞིང་ཆེན་འཕྲོད་བསྟེན་སློབ་གྲྭ་ནས་མཐར་ཕྱིན་དུས་མ་གཞི་རྟ་མགྲིན་འཚོ་ལ་ཞིང་ཆེན་ནས་བྱ་བར་ཞུགས་ནས་ལས་དབང་སྒྱུར་པའི་གོ་སྐབས་ཡོད་མོད་ཀྱང་། མཇུག་མཐར་ཁོ་མོ་རང་ཉིད་ཀྱི་ལྟེ་ཁྲག་འཕོ་སའི་རྩྭ་ཐང་ལ་ཕྱིར་ལོག་སྟེ། བསང་ཆུ་རྫོང་བདེ་སྲུང་ཁང་ནས་སྨན་པའི་ལས་རོགས་པ་ཞིག་ཏུ་གྱུར་པ་དང་སྲོལ་རྒྱུན་གྱི་བོད་སྨན་ཤེས་བྱ་སྦྱང་འགོ་བརྩམས།  ལས་ཞུགས་ཀྱི་གཟའ་འཁོར་དང་བོའི་ནང་དུ་ཁོ་མོ་དགེ་རྒན་ཞིག་གིས་ཁྲིད་ནས་འབྲོག་ཁུལ་དུ་སྦྲུམ་མར་ཕྲུ་གུ་སྐྱེ་ལེན་བྱེད་དུ་སོང་།  སྦྲ་ནང་དུ་འཛུལ་མ་ཐག་སྦྲུམ་མ་ཞིག་གིས་རིལ་མ་གདན་དུ་བཏིངས་ནས་ཉལ་འདུག་པ་མཐོང་།  རྟ་མགྲིན་འཚོས་འབྲོག་ཁུལ་གྱི་སྦྲུམ་མ་མང་བོ་ཞིག་ལ་སྨན་ཁང་དུ་བསྡད་དེ་ཕྲུ་གུ་སྐྱེ་བའི་ཆ་རྐྱེན་མེད་པས་རྒྱུན་དུ་རང་གི་ཁྱིམ་ནས་དུག་སེལ་གྱི་ཆ་རྐྱེན་གང་ཡང་མེད་པའི་གནས་ཚུལ་འོག་ཕྲུ་གུ་སྐྱེ་བཞིན་ཡོད་ཟེར།
    རྟ་མགྲིན་འཚོ་ལ་མཚོན་ན་གནས་ཚུལ་འདི་སྙིང་གི་ནད་ལྟ་བུ་རུ་གྱུར། ལོ་དེའི་ཕྱིར་ལོ་ནས་བཟུང་སྦྲུམ་མར་ནད་གཡོག་བྱེད་པ་དང་ཕྲུ་གུ་སྐྱེ་ལེན་བྱ་རྒྱུ་ནི་ཁོ་མོའི་སྨན་བཅོས་བྱ་བའི་ཁྲོད་ཀྱི་དོན་ཆེན་དུ་གྱུར། རྩྭ་ཐང་སྟེང་དུ་ངེས་གཏན་གྱི་འཕྲོད་བསྟེན་ཁང་མེད་པ་དང་འབྲོག་དམངས་རྣམས་དུས་ཚོད་མང་ཤོས་སུ་རི་མགོ་དང་ལུང་ཁོག་ཏུ་གནས་པས་ཁོ་མོ་འབྲོག་པའི་ནད་ལ་བརྟག་པར་འགྲོ་དུས་རྟ་ཞོན་རྒྱུ་ནི་ཆེས་སྟབས་བདེ་བའི་འགྲོ་སྐྱོད་ཡོ་བྱད་དུ་གྱུར། ཕྱིར་རུ་སྨན་བཅོས་སུ་འགྲོ་ཐེངས་རེ་ཉིན་གཉིས་ནས་གསུམ་བར་དུ་དགོས་ཀྱི་ཡོད།
    རྟ་ཞོན་ནས་སྨན་བཅོས་ལ་འགྲོ་ཐེངས་རེ་རེར་འགྱེལ་རྨས་བྱུང་བ་རྒྱུན་ལྡན་ལྟ་བུར་གྱུར་འདུག ཐེངས་ཤིག་ལ་ས་རུབ་པ་དང་ཆར་བ་ཡང་འབབ་ཀྱིན་འདུག མྱུར་བ་མྱུར་བར་ལམ་ལ་ཆས་པས་རྟ་ཐོག་ནས་སར་ལྷུང་བ་དང་ལུས་སྟེང་དུ་གནས་མང་དག་ཞིག་ནས་ཁྲག་བཞུར་བཞིན་པའི་རྟ་མགྲིན་འཚོ་འབྲོག་པ་ཞིག་གིས་མཐོང་ནས་སྙིང་ཉེ་བའི་ངང་བཤད་རྒྱུར་ནད་པ་ཇི་འདྲིའི་ཚབས་ཆེན་ཞིག་ཡོད་དམ་རང་ཉིད་ཀྱི་སྲོག་ཀྱང་མི་དགོས་སམ།
    རྟ་མགྲིན་འཚོས་བཤད་པར། རྟ་ཞོན་ནས་སྨན་བསྐྱལ་རྒྱུ་ནི་ཁོ་མོར་མཚོན་ན་ཆེས་དགའ་སྤྲོ་ལྡན་པའི་བྱ་བ་ཞིག་རེད། རྒྱུ་མཚན་ནི་སྐབས་དེར་སུན་སྣང་གི་དོན་དག་ཐམས་ཅད་ཕར་བཞག་ནས་ནད་པ་གཅིག་པུ་སེམས་སུ་བཅངས་ཡོད་པས་ནད་པར་དགོས་མཁོ་ཡོད་ཙ་ན་ཁ་པར་ཅིག་གིས་ཉིན་མཚན་གང་ཡིན་རུང་ཆར་རླུང་ཇི་འདྲ་ལྡང་རུང་ཁོ་མོ་དུས་ཚོད་དང་བོའི་ནང་དུ་ཡུལ་དངོས་སུ་ཐོན་ཡོད།
    ང་རང་གིས་རང་ཉིད་ལ་ནད་ཅི་བྱུང་བ་དང་སྨན་ཅི་འདྲ་འཐུང་གིན་ཡོད་པ་ཤེས་མི་དགོས། སྨན་པར་ང་རང་ཉིད་ལས་ཀྱང་གསལ་ཆ་ཡོད་ཅེས་རྟ་རྒྱུག་ཐང་གི་འབྲོག་པ་དཀོན་མཆོག་ཚེ་བརྟན་གྱིས་བཤད། ང་ཚོ་ཚང་མས་ཁོ་མོར་རྟ་ཐོག་སྨན་པ་དང་ཡང་ན་རྟ་ཐོག་གི“སྒྲོལ་མ་དཀར་མོ”ཞེས་འབོད་ཀྱིན་ཡོད་ཟེར།
    2002ལོར་རྟ་མགྲིན་འཚོས་རྟ་རྒྱུག་ཐང་ནས་ས་དེ་གའི་འཕྲོད་བསྟེན་ཁང་ཐོག་མ་བཙུགས་པ་དང་ཁོ་མོའི“གཞིས་ཁྱིམ་གསར་བ”ཡང་གྱུར། སྐབས་དེར་ཁོ་མོ་གཉེན་སྒྲིག་བྱས་ནས་ལོ 5ལས་འགོར་མེད་པ་དང་བྱིས་པ་ཡང་ལོ 3ལས་མིན། རྫོང་མཁར་དུ་སྡོད་པའི་ཁྱིམ་མི་དང་འདུས་པ་ཉུང་ལ་གྱེས་པ་མང་བོར་མི་འགྱུར་ཐབས་མེད་དུ་གྱུར་ནས་ཟླ་གཅིག་གི་ནང་དུ་ཐེངས་གཉིས་གསུམ་ཙམ་ལས་ཐུག་མི་ཐུབ།
    རྩྭ་ཐང་དུ་སྨན་པ་ལོ 18རིང་བྱས་པ་དང་སྨན་རིན་སྒོར་ཁྲི 2ལྷག་ལྡོག་བྱར་བྱས་པ་མ་ཟད་རང་ཉིད་ཀྱིས་ཟ་མཁས་འཐུང་མཁས་བྱས་པའི་མ་དངུལ་སྒོར་ཁྲི 2བསང་ཁོག་གྲོང་རྡལ་ཞག་སྡོད་སློབ་ཆུང་ལ་ཞལ་འདེབས་སུ་ཕུལ་ནས“རྟ་མགྲིན་འཚོ་སློབ་སྐྱོར་རོགས་དངུལ”བཙུགས།
    ཁོ་མོའི་སྨན་ཁང་ཆུང་ཆུང་དེ་དང་ཐོག་གི་གཞན་ལ་གཡར་ནས་ཡོང་བའི་ཉན་བྱེད་བརྟག་ཆས་དང་ཁྲག་ཤེད་འཇལ་ཆས་སོགས་ཧ་ཅང་སྟབས་བདེ་བའི་བརྟག་དཔྱད་དཔྱད་ཆས་ནས་འགོ་བརྩམས་པ་དང་། ད་ལྟ་ནང་ནད་དང་བུད་མེད། བྱིས་པའི་ཚན་ཁག་དང་སྒོ་བསྟེན་ཕྱི་ནད་ཚན་ཁག་ཆུང་བའི་བྱེད་སྒོ་སྤེལ་ཐུབ་ཀྱིན་ཡོད་པ་དང་། ཆ་སྙོམས་ཉིན་རེར་ནད་པ 15སྣེ་ལེན་བྱེད་ཀྱིན་ཡོད། རྒྱ་བོད་ཧུའེ་གསུམ་གྱི་མང་ཚོགས་དང་གྲོང་རྡལ་དེ་ག་དང་སྡེ་བ་དེ་གའི་ཡུལ་མི་དང་ཉེ་སའི་འབྲོག་པ་མང་ཚོགས་སུ་ལ་ནད་བྱུང་ན་ཁོ་མོ་འཚོལ་སྲིད་པ་རེད།
    རྒྱལ་ཁབ་ཀྱིས་ཤང་སྡེའི་འཕྲོད་བསྟེན་བྱ་བར་མཐོང་ཆེན་བྱས་པས་ཞིང་སྡེའི་འཕྲོད་བསྟེན་ལས་དོན་ཉིན་བཞིན་འཐུས་ཚང་དུ་འགྲོ་བཞིན་ཡོད། 2014ལོ་ནས་བཟུང་། རྟ་མགྲིན་འཚོ་ལ་ཟླ་རེར་ཞིང་སྡེའི་སྨན་པའི་ཁ་གསབ་དངུལ་སྒོར 500ཐོབ་ཀྱིན་ཡོད། བསང་ཆུ་རྫོང་བདེ་ཐང་ཅུས་ཀྱི་ཅུང་ཀྲང་སྒྲོལ་མ་ལྷ་འཚོས་བཤད་རྒྱུར། ཉེ་བའི་ལོར། བསང་ཆུ་རྫོང་གིས་སྨན་པ་ཁྲི་ཡིས་ཞིང་སྡེའི་འཕྲོད་བསྟེན་ལས་གཞིར་རོགས་སྐྱོར་བྱེད་པ་ལག་བསྟར་བྱས་པ་དང་རིམ་བསགས་ཀྱིས་བརྩིས་ན་བསང་ཆུ་རྫོང་ལ་བོད་སྐྱོར་དང་ཞིང་སྐྱོར་སྨན་བཅོས་མི་སྣ 100ལྷག་མངགས་པ་དང་རྫོང་ཡོངས་ཀྱི་ཤང་གྲོང 13གྱི་འཕྲོད་བསྟེན་ཁང་དང་སྡོད་ཁུལ 1གི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། སྡེ་བ 60ཡི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་འཛུགས་སྐྲུན་གྱི་ལས་འགན་ལེགས་གྲུབ་བྱུང་བ་དང་རྫོང་ཕྱིར་རུ་སྨན་བཅོས་བྱེད་པ 10%ནང་དུ་ཚོད་འཛིན་བྱ་ཐུབ་ཡོད།
    ཞིང་སྡེའི་སྨན་པ་ཞིག་ཡིན་པའི་མྱོང་ཚོར་བརྗོད་སྐབས་ཁོ་མོས“དཀའ་ལས་ཧ་ཅང་ཆེ་མོད། འོན་ཀྱང་ཡུལ་མི་རྣམས་ལ་ནད་བརྟག་སྨན་བཅོས་ཐད་རང་ནུས་གང་ལྕོགས་ཀྱིས་བྱ་བ་ཅུང་ཙམ་སྒྲུབ་ཐུབ་པ་བྱུང་ན། ང་ལ་ཆོག་ཤེས་ཆེན་པོ་ཐོབ་ཡོད”ཟེར།།
(གསར་འགོད་པ་རྟ་མགྲིན་སྐྱིད་དང་ཕེང་ཚུའེ་ཡུན་གྱིས།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།