中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། རྨ་ཆུ་རྫོང་གིས་ཤུགས་ཆེན་པོས“གེ་སར་རིག་གནས”དར་སྤེལ་བཏང་བ།
དུས་ཚོད།2019-10-16 09:47:16     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     བརྗིད་ཉམས་ཆེ་བའི་གངས་ལྗོངས་མཐོ་སྒང་དུ། རྨ་ཆུའི་མི་དམངས་རྣམས་མི་རབས་ནས་མི་རབས་བར་མཚོ་བོད་མཐོ་སྒང་གི་ཤར་སྣེ་སྟེ་གནམ་འོག་གི་རྨ་ཁུག་དང་བོ་ནས་འཚོ་སྡོད་བྱེད་བཞིན་ཡོད་ལ། ཁོ་ཚོས་ངོ་མཚར་ཆེ་བའི་ས་གཞི་དེའི་ཐོག་བོད་མི་རིགས་ཀྱི་ཡུན་རིང་བོའི་ལོ་རྒྱུས་དང་འོད་སྟོང་འཕྲོ་བའི་རིག་གནས་བཏོད་ཡོད།
    ཤུགས་ཆེན་པོས་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་རྒྱུན་འཛིན་བྱ་ཆེད། རྨ་ཆུ་རྫོང་གི་སྐབས་བཅུ་གཉིས་པའི་གེ་སར་རྟ་རྒྱུག་དུས་ཆེན་གྱི་སྐབས་སུ། རྨ་ཆུ་རྫོང་གིས་གཞི་ཁྱོན་ལ་སྨི་གྲུ་བཞི་མ 600ལྷག་ཡོད་པའི་སྐོར་སྐྱོད་རིག་གནས་ཉམས་ལེན་ཁང་འཛུགས་སྐྲུན་བྱས་པ་དང་། ཉམས་ལེན་ཁང་དུ་འཁྲབ་སྟོན་སྒྱུ་རྩལ་དང་། སྲོལ་རྒྱུན་ཤེས་བྱ། འབྲོག་པའི་རིག་གནས་བཅས་ཉམས་ལེན་བྱེད་གནས་ཆེན་པོ་གསུམ་བཙུགས་པ་དང་། ཉམས་ལེན་ཁང་དེ་རྟ་རྒྱུག་དུས་ཆེན་གྱི་སྐབས་སུ་ཡུལ་སྐོར་བར་རིན་མེད་དུ་སྒོ་ཕྱེས་ནས་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བར་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྨ་ཆུ་ལ་ཤེས་རྟོགས་དང་། རྨ་ཆུ་ལ་རྒྱུས་ལོན། རྨ་ཆུ་ལ་མྱོང་རོལ་བཅས་བྱེད་དུ་བཅུག
    རྨ་ཆུ་རྫོང་གི་རང་བྱུང་མཛེས་ལྗོངས་བརྗིད་ཉམས་ཆེ་ཞིང་ཡིད་དབང་འཕྲོག་པ་དང་། བརླན་སའི་མཛེས་ལྗོངས་ཀྱི་མཛེས་སྡུག་རྣམ་པར་བཀྲ་ཞིང་། བོད་ཀྱི་རིག་གནས་ཀྱི་རྫོང་སྟུག་པ་དང་ཡུལ་སྲོལ་གོམས་གཤིས་ཀྱང་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་རྨ་ཆུ་རྫོང་གིས་རྫོང་ཁོངས་ཀྱི་རང་བྱུང་མཛེས་ལྗོངས་དང་། སྤྱི་ཚོགས་ས་ཁམས། སྤྱི་ཚོགས་ཀྱི་འཚོ་བ་དང་རིག་གནས་བཅས་སྔོག་འདོན་གང་ལེགས་བྱས་ནས“གནམ་འོག་གི་རྨ་ཆུའི་ཁུག་སོ་དང་བོ”དང་། “གླིང་གི་ཕ་ས”“བརླན་སའི་རྩྭ་ཐང་ཡག་ཤོས”“ཀྲུང་གོའི་རྟ་རྒྱུག་གི་ཕ་ས”“བོད་ཀྱི་རྡུང་ལེན་གྱི་ཕ་ས”བཅས་ཡུལ་སྐོར་སྤུས་རྟགས་ཆེན་མོ་ལྔ་བཏོད་ཡོད།
    རྨ་ཆུའི་རྟ་རྒྱུག་གི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་། བོད་རིགས་ས་ཁུལ་ཡོངས་སུ“མཛོད་དགེ་གླིང་ཡུལ”ཞེས་མཚན་སྙན་ཐོབ། དེ་ནི་བོད་ཀྱི་དཔའ་བོའི་ལོ་རྒྱུས་སྙན་ངགགླིང་སྒྲུངགི་མི་སྣ་གཙོ་བོའི་ཕ་ས་དང་དེ་བཞིན་གླིང་གི་རྒྱལ་ཁབ་དར་རྒྱས་གཏོང་ཡུལ་ཡིན་ཞིང་། དེའི་ས་ཁོངས་སུ་གེ་སར་རྒྱལ་བོའི་ངག་རྒྱུན་གཏམ་རྒྱུད་དང་རྗེས་ཤུལ་མང་བོ་ཡོད།
    ད་སྐབས། རྨ་ཆུ་རྫོང་གི་དམངས་ཁྲོད་དུ་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ལ་རྟ་རྒྱུག་དང་། རྟ་ཐོག་ནས་ཁ་བཏགས་ལེན་པ། རྟ་ཞོན་ནས་མདའ་འཕེན་པ། རྟ་ཁྲིད་ནས་ཆུ་རྐྱལ་བ། རྟ་རྩལ་འཁྲབ་སྟོན་བྱེད་པ་སོགས་ཡོད་དེ། ལྷག་པར་དུ་རྟ་རྒྱུག་ཐུང་རྒྱུག་དང་རྒྱང་རྒྱུག་དེ་རྩྭ་ཐང་ཐོག་དར་ཁྱབ་ཆེན་པོ་བྱུང་ཡོད། གེ་སར་རྒྱལ་བོ་ནི་ས་གནས་དེ་གའི་བོད་རིགས་མང་ཚོགས་ཀྱི་དྲང་བདེན་དང་བློ་གྲོས་ཀྱི་རྣམ་སྤྲུལ་དང་། མི་རིགས་ཀྱི་སྙིང་སྟོབས་ཀྱི་མཚོན་རྟགས་ཤིག་ཡིན།
    རྨ་ཆུ་ལ་གེ་སར་རིག་གནས་ཀྱི་འབྱུང་གནས་ཞེས་འབོད་པས། གེ་སར་དང་འབྲེལ་བ་ཡོད་པའི་རིག་གནས་མང་བོ་བྱུང་ཡོད་ལ། དེ་ལས《གེ་སར་སྒྲུང》བཤད་པའི་སྒྲུང་བ་ནི་རྨ་ཆུར་ཁྱབ་རྒྱ་ཆེས་ཆེ་བ་རེད། 《གེ་སར་སྒྲུང》བཤད་པའི་སྒྲུང་བ་དེས་གེ་སར་གྱི་དཔའ་ངར་ལྡན་ལ་དམག་འཐབ་ལ་མཁས་པ་དང་། བདུད་འདུལ་བ། མི་སེར་ལ་བདེ་སྐྱིད་བསྐྲུན་པ་སོགས་ཞུམ་མེད་ཀྱི་བྱས་རྗེས་མཚོན་པར་བྱས།
    རྨ་ཆུའི་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་དེའི་ཐོག་ཕྱུགས་ལས་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ཀྱིས་གནའ་བོའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་མང་བོ་ཞིག་སོར་བཞག་དང་རྒྱུན་འཛིན་བྱས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི“སྲུང་སྐྱོང་གཙོར་འཛིན་དང་། མྱུར་སྐྱོབ་དང་བོར་འཇོག་པ། བེད་སྤྱོད་ལུགས་མཐུན། རྒྱུན་འཛིན་གོང་སྤེལ”ཞེས་པའི་སྲིད་ཇུས་ཀྱི་ཁྲིད་སྟོན་འོག སྐབས་རིམ་བྱུང་གི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རིག་གནས་ཁྱོན་ཡོངས་ནས་སྔོག་འདོན་བྱས་ཏེ། བོད་རིགས་ཀྱི་དམངས་གཞས་གསར་རྩོམ་བྱ་རྒྱུར་སྐུལ་ལྕག་བྱས་པས་གེ་སར་རིག་གནས་བརྗོད་དོན་གཙོ་བོ་བྱས་པའི་རིག་རྩལ་བརྩམས་ཆོས་སྣ་ཚོགས་གསར་རྩོམ་དང་རྩོམ་སྒྲིག་བྱས་པ་དང་། ཉམས་ལ་ཉེ་བའི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་ལས་གཞི་ལ་བརྟག་དཔྱད་གཏིང་ཟབ་བྱས་ཏེ་སྔ་རྗེས་སུ་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་ལས་གཞི་མང་བོ་ཞིག་རེ་ཞུ་བྱེད་པའི་བྱ་བ་ལེགས་གྲུབ་བྱུང་བས། རྨ་ཆུའི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་སྲུང་སྐྱོང་བྱ་བའི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་།
    ད་སྔ། རྫོང་ཡོངས་སུ་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་སྲུང་སྐྱོང་རྣམ་གྲངས་སུ་བཞག་པའི་ཞིང་ཆེན་རིམ་པའི་རྣམ་གྲངས 5དང་། ཁུལ་རིམ་པའི་རྣམ་གྲངས 38 ཡོད། རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་མི 1དང་། ཞིང་ཆེན་རིམ་པའི་རྒྱུན་འཛིན་པ་མི 5 ཁུལ་རིམ་པའི་རྒྱུན་འཛིན་པ་མི 68 རྫོང་རིམ་པའི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་མི 123བཅས་ཡོད།།
                                                                                      (ཀན་སུའུ་དཔལ་འབྱོར་དྲ་བ་ལྟར་དངོས་སྦྱོང་སློབ་མ་སྒྲོལ་མ་འཚོས་བསྒྱུར།)

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།