中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། མཛེས་སྡུག་ལྡན་པའི་རྩྭ་ཐང་གི་སྐལ་བཟང་མེ་ཏོག ལས་ལ་བརྩོན་པའི་གྲོང་ཁྱེར་གྱི་མཛེས་བཟོ་བྱེད་མཁན།-ཀན་སུའུ་ཞིང་ཆེན་གྱི་ངལ་རྩོལ་དཔེ་བཟང་ཅན་བུ་བྷེ་ཡི་གནས་ཚུལ་རགས་བཀོད།
དུས་ཚོད།2020-05-15 17:11:00     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    ཁོ་མོས་དཀའ་ཚེགས་ལ་མི་འཛེམ་པར་ཁོར་ཡུག་གཙང་སྦྲའི་འཐབ་ས་དང་བོ་ན་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བཞིན་ཡོད། མོས་ད་དུང་མུ་མཐུད་དུ་དེ་ལྟར་བྱ་ངེས་ཡིན་ཞེས་བཤད། མོས་ལས་ལ་བརྩོན་ཞིང་བབ་ཆགས་པའི་ལག་ཟུང་ལ་བརྟེན་ནས་སྲང་ལམ་ལ་མཛེས་རྒྱན་སྤྲས་པར། མི་རྣམས་ཀྱི་བརྩི་འཇོག་དང་གདེང་འཇོག་ཡག་པོ་ཐོབ་པས། ཞིང་ཆེན་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་ཅན་དུ་བདམས་པ་དང་། ཁོ་མོས་དེ་དག་ཚང་མ་རང་ཉིད་ཀྱིས་སྒྲུབ་དགོས་ངེས་རེད་ཅེས་བཤད།
    བུ་བྷེ་ནི་རྨ་ཆུ་རྫོང་མཚེའུ་རུ་མ་ཤང་དམེ་སྐོར་སྡེ་བའི་འབྲོག་མོ་དཀྱུས་མ་ཞིག་ཡིན་པ་དང་། 2004ལོར་ཁོར་ཡུག་གཙང་སྦྲ་བྱེད་པའི་ལས་ལ་ཞུགས། ལོ་བཅུ་ཕྲག་ཁ་ཤས་ཀྱི་རིང་ལ། ས་བབ་མཐོ་ཚད་སྨི 3500ཟིན་པའི་རྨ་ཆུའི་རྩྭ་ཐང་ནས་མོས་རྩྭ་ཐང་མི་དམངས་ཀྱི་ལས་ལ་བརྩོན་ཞིང་བྱམས་བརྩེ་ལྡན་པ་དང་དཀའ་སྤྱད་སྙིང་རུས་ཀྱི་གཤིས་རྒྱུད་བཟང་བོ་རྒྱུན་འཛིན་བྱས་ནས“མི་གཅིག་བཙོག་ན་མི་ཁྲི་གཙང་བའི”ཁོར་ཡུག་གཙང་སྦྲའི་སྙིང་སྟོབས་དར་སྤེལ་བཏང་སྟེ་སྤྱིར་བཏང་གི་ལས་གནས་སུ་ལེགས་སྐྱེས་འབུལ་འདོད་ཡོད།
    བུ་བྷེ་ཡིས་འགན་འཁུར་བའི་གཙང་འཕྱག་བྱེད་སའི་ལས་འགན་ཧ་ཅང་ལྕི་བོ་ཡོད་པས། མོ་ཉིན་ལྟར་ཐོ་རེངས་སུ་མལ་ལས་ལངས་ཏེ་སྐར་མ་ཁྲ་རིས་རྒྱབ་ལ་གྱོན་ཞིང་། ཟླ་འོད་དཀར་པོས་ལམ་སྣ་ཁྲིད་དེ་གཙང་ཕྱགས་བྱེད་དུ་འགྲོ་གིན་ཡོད། ཁོར་ཡུག་གཙང་སྦྲའི་བྱ་བར་དཀའ་ཚེགས་ཆེ་རུང་། མོས་དེ་ནི་འཇིག་རྟེན་སྟེང་གི་ཆེས་དོན་སྙིང་ལྡན་པའི་བྱ་བ་ཞིག་ཡིན་པར་འདོད་པ་མ་ཟད། མོས་ཁོར་ཡུག་གཙང་སྦྲའི་བྱ་བ་ཡག་པོ་བསྒྲུབ་རྒྱུར་འདེགས་སྐྱོར་བྱེད་པའི་རྫོགས་མཐའ་མེད་པའི་སྒུལ་ཤུགས་སུ་གྱུར་ཡོད། སྐབས་རིམ་བྱུང་གི་གེ་སར་རྟ་རྒྱུག་ཚོགས་ཆེན་གྲོལ་རྗེས་རྟ་རྒྱུག་ལྟེ་གནས་སུ་གད་སྙིགས་འབོར་ཆེན་གསོག་ཡོད་པས། མོ་ནི་གནས་དེར་ཐོན་མཁན་དང་བོ་དང་། ལྕགས་ཁེམ་དབྱུག་མཁན་དང་བོ་དེའང་ཡིན།
    ཐོ་རེངས་སུ། མི་རྣམས་ད་དུང་རྨི་ལམ་སྐྱིད་པོའི་ཞིང་ཁམས་སུ་འགྲིམ་བཞིན་པའི་སྐབས་སུ། བུ་བྷེ་ཡིས་ཕྱགས་མ་སྦོམ་པོ་ཞིག་ཕྲག་ལ་འཁུར་ནས་སྲང་ལམ་ཆེ་ཆུང་གང་སར་བསྐྱོད་པ་དང་། ས་སྲོའི་དུས་སུ། ལས་ཀ་གྲོལ་བའི་མི་རྣམས་བྲེལ་འཚུབ་ངང་རང་ཁྱིམ་དུ་ལོག་པའི་དུས་དེར། མོ་ཡང་ལས་ཚོགས་ལ་ཞུགས་ཚད་ཡིན། བུ་བྷེ་ཡིས་གཙང་འཕྱག་བྱེད་འགན་ཁུར་སའི་དུམ་ཚན་གྱི་རྒྱ་ཁྱོན་ལ་ཕལ་ཆེར་སྨི་གྲུ་མ 5000ཡོད་པ་དང་། ཉིན་ལྟར་གཙང་འཕྱག་ཐེངས་གསུམ་བྱེད་བཞིན་ཡོད་པས། བསྡོམས་པས་སྨི་གྲུ་མ 15000ལྷག་གཙང་འཕྱག་བྱེད་པ་དང་མཚུངས། ལོ 11གི་རིང་ལ་བསྡོམས་པས་སྨི་གྲུ་མ་ཁྲི 6000ལྷག་གཙང་ཕྱགས་བྱས་ཡོད། གྲངས་ཀ་འདི་དག་བཤད་སླ་རུང་སྒྲུབ་སླ་བོ་ཞིག་ག་ལ་ཡིན།
    བུ་བྷེ་གནས་སའི་ཚན་ཆུང་གི་གཞུང་ལམ་གྱི་མ་ལམ་རིང་ཞིང་། ཨར་སྐྲུན་བྱེད་པའི་རླངས་འཁོར་ཚང་མ་ལམ་འདིར་བརྒྱུད་དགོས་ཀྱི་ཡོད་པས། ལམ་རྒྱུད་དུ་གད་སྙིགས་ཟགས་ནས་གཙང་སྦྲ་བྱེད་པར་ལས་ཚེགས་ཇེ་ལྕི་རུ་ཕྱིན་ཡོད་རུང་། བུ་བྷེ་ཡིས་འཁང་ར་ཚིག་གཅིག་མེད་པར་ལས་ཚེགས་ཀྱི་མདུན་ནས་དཔའ་མི་ཞུམ་པ་དང་། དབྱར་གསུམ་ཆར་བར་རྒྱབ་སྐོར་ནས་དགུན་གསུམ་རླུང་བུར་གདོང་གཏད་དེ་ཆུ་ཆར་བ་དང་ཁང་བ་མོར་མི་འཛེམས་པར་ཟླ་ཐོག་ཟླ་བསྣན་ཞིང་ལོ་ཐོག་ལོ་བརྩེགས་ཏེ་མཚམས་ཆད་མ་མྱོང་། གྲོང་ཁྱེར་གཙང་དག་ཡོང་ཆེད་མོ་དང་ཚན་ཆུང་གི་བཟོ་བ་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁོར་ཡུག་གཙང་སྦྲའི་འཐབ་ས་དང་བོ་ན་འབད་འཐབ་བྱེད་བཞིན་ཡོད།
    “བུ་བྷེ་ནི་ངའི་ལས་གྲོགས་ཡིན། མོས་ལོ་བཅུ་ཕྲག་རིང་ལ་ཁོར་ཡུག་གཙང་སྦྲའི་བྱ་བ་གཉེར་ཞིང་། བྱ་བ་སྒྲུབ་ན་ནན་ཏན་ཡིན་པ་དང་དཀའ་སྡུག་ལ་མི་སྐྲག་པ། གཙང་བཙོག་ལ་མི་འཛེམས་པ། ལས་གྲོགས་དང་མཐུན་སྒྲིལ་བྱེད་པས། ང་ཚོའི་སློབ་སྦྱོང་བྱེད་སའི་མིག་དཔེ་བཟང་བོ་ཡིན”ཞེས་བུ་བྷེ་ཡི་ལས་གྲོགས་སྐལ་བཟང་སྐྱིད་ཀྱིས་བཤད།
    རྨ་ཆུ་རྫོང་མཁར་གྱི་ཕྱོགས་བསྡུས་ཚོང་ར་ནི་སིལ་ཏོག་དང་ཟས་རིགས། སྔོ་ཚལ། ཤ་རིགས་སོགས་ཚོང་གནས་གཅིག་ཏུ་འདུ་བའི་ཚོང་ར་ཞིག་ཡིན་པ་དང་། དགུང་མོར་མཚན་ཁྲོམ་བཙུགས་ཡོད་པས་གཙང་ཕྱགས་བྱེད་པའི་ལས་འགན་ཧ་ཅང་ལྕི། ཡིན་ན་ཡང་བུ་བྷེ་ཡིས་ཤོག་ལེབ་གཅིག་དང་ཐ་མག་གི་རོ་ཏོ་གཅིག་ཀྱང་མི་བསྐྱུར་བར་གཙང་ཕྱགས་བྱས། ཚ་བ་ཆེ་དུས་གད་སྙིགས་ཀྱི་དྲི་ངད་སྣ་ལ་ཟུག་ཅིང་། ཐལ་བས་ནམ་མཁའ་རྡུལ་དུ་བརླག་ནས་མོའི་ལུས་ཡོངས་རྡུལ་གྱིས་ཟིན་ཏེ་ཐལ་མདོག་ཏུ་གྱུར་ཡོད། དགུན་ཁར་ལག་པ་འཁྱགས་རེངས་སུ་གྱུར་དུས་ཁ་རླངས་གིས་སྲོས་རྗེས་མུ་མཐུད་དུ་ལས་ཀ་ལས་པ་དང་། ལག་ངོར་ཤ་དྲེག་མཐུག་པོ་ཞིག་ཆགས་རུང་། གནས་དེའི་ཁོར་ཡུག་གི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ནས་གཙང་སྦྲ་ལེགས་ཤོས་ཀྱི་དཔེ་སྟོན་ས་ཆ་རུ་བདམས་པས། མོའི་སེམས་སུ་བློས་བཏང་བ་ཡོད་ཚད་རིན་ཐང་ལྡན་པར་འདོད།
    “བྱ་བའི་ཁྲོད་འགན་འཁྲི་མེད་དུ་མི་རུང་། གལ་ཏེ་རང་ཉིད་ཁྱིམ་དུ་བསྡད་དེ་ལས་ཀ་གཞན་ལ་བཅོལ་ན་ངའི་སེམས་བདེ་བོ་མི་ཡོང”ཟེར། དེ་ལྟར། ཉིན་ཐོག་ཉིན་དང་ལོ་ཐོག་ལོ་བརྩེགས་ནས། རྟག་ཏུ་ཟ་མ་ཞིམ་པོ་ཞིག་དུས་ལྟར་ཟ་མི་ཐུབ་པས། བུ་བྷེ་ལ་ཕོ་བའི་ནད་ཕོག་ནས་ན་ཟུག་ལངས་ཀྱི་ཡོད་མོད། འོན་ཀྱང་མོས་ཨམ་གཙིགས་བསྡམས་ནས་འདུག་པ་ལས། བཟོད་བསྲན་མ་ཐུབ་ཚེ་ད་གཟོད་སྨན་ཁང་དུ་སོང་ནས་ཁབ་རེ་བརྒྱབ་རྗེས་སླར་ཡང་ལས་ཀར་ཞུགས།
    ནམ་རྒྱུན་མོ་ལ་ལས་ཀ་དེ་ལ་སུན་སྣང་སྐྱེས་སམ་ཞེས་དྲིས་པ་ན། མོ་དགོད་ཞོར་དུ་བབ་ཆགས་ངང་། “མི་གཅིག་བཙོག་ན་མི་ཁྲི་གཙང་བས། ཇི་འདྲའི་དཀའ་སྡུག་ཆེ་རུང་མྱོང་རིན་ཡོད”ཅེས་ནམ་ཡང་ལན་ཚིག་གཅིག་པུ་དེ་རེད།
    རིམས་འགོག་སྐབས་སུ། བུ་བྷེ་ཡིས་ངལ་རྩོལ་དཔེ་བཟང་ཅན་ཞིག་ཡིན་པའི་ངོས་ནས། དམིགས་བསལ་གྱི་དུས་སྐབས་འདིར་མིག་དཔེའི་ནུས་པ་ལྷག་ཏུ་འདོན་དགོས་བསམས་ནས། དཀའ་ངལ་ལ་མི་འཛེམས་པར་ལས་གནས་བརྟན་སྲུང་དང་། ཉིན་ལྟར་ཞོགས་པ་ནས་དགོང་མོའི་བར་དུག་སེལ་གཙང་སྦྲ་དང་གད་སྙིགས་བསྡུ་སྐྱེལ་བྱེད་པའི་འཐབ་ས་དང་བོ་བརྟན་སྲུང་བྱས་ཏེ་ཁོར་ཡུག་གཙང་སྦྲའི་སྒྲིག་ཆས་ལ་དུག་སེལ་བྱས། “ང་ལ་རྒུད་སྐྱོབ་ཞལ་འདེབས་ཀྱི་ནུས་པ་མེད་རུང་། གཙང་སྦྲ་སྲུང་སྐྱོང་བྱ་རྒྱུ་དེ་ངས་བསྒྲུབ་ཐུབ་པ་ཞིག་ཡིན་པས། ངས་ལས་གནས་བརྟན་སྲུང་བྱ་ངེས་ཡིན། རྒྱུ་མཚན་ནི་ང་ནི་ཁོར་ཡུག་གཙང་སྦྲ་བ་ཞིག་ཡིན་པའི་རྐྱེན་གྱིས་ཡིན”ཞེས་བཤད།
    བུ་བྷེ་ཡིས་སེམས་འགུལ་ཐེབས་པའི་བྱས་རྗེས་བཞག་མེད་རུང་། སྤྱིར་བཏང་གི་ལས་གནས་བརྟན་སྲུང་དང་། ཞུམ་པ་མེད་པའི་སྙིང་སྟོབས་ལ་བརྟེན་ནས་གྲོང་ཁྱེར་དེར་རང་ཚོད་ཀྱིས་དྲོད་སྐྱིད་སྦྱིན་ཡོད།
    མཛེས་སྡུག་གི་གྲོང་ཁྱེར་ནི་ལས་ལ་བརྩོན་པའི་ཁོར་ཡུག་གཙང་སྦྲ་བ་དང་འབྲལ་ཐབས་མེད་མོད། བུ་བྷེ་ཐེངས་མང་བོར་ལས་ཁུངས་ཀྱི་སྔོན་ཐོན་མི་སྒེར་དང་གསུམ་བརྒྱད་དར་དམར་བར་བདམས་མྱོང་བ་དང་། ཁོར་ཡུག་གཙང་སྦྲའི་བྱ་བའི་ཁྲོད་ཀྱི་མིག་དཔེ་ཡིན། མོས་བྱ་སྤྱོད་ཀྱི་ཐོག་ནས་རྗེས་རབས་པ་ཚོར་སྤྱིར་བཏང་གི་ལས་གནས་ཐོག་ནས་ལང་ཚོ་དང་ནུས་ཚད་ལེགས་སྐྱེས་སུ་འབུལ་ཐུབ་པའི་སློབ་གསོ་བཏང་ཡོད། 2013ལོར། མོ་ལ་ཀན་སུའུ་ཞིང་ཆེན་གྱི་ངལ་རྩོལ་དཔེ་བཟང་ཅན་གྱི་གཟི་བརྗིད་ཀྱི་མཚན་སྙན་ཐོབ།
    བུ་བྷེ། རྩྭ་ཐང་སྟེང་གི་མཛེས་སྡུག་ལྡན་པའི་སྐལ་བཟང་མེ་ཏོག  རང་ཉིད་ཀྱི་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་དག་པའི་ཞིང་ཁམས་ཞིག་བསྐྲུན་པ་རེད།། (རིན་དགའ་ཡིས་བསྒྱུར།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།