(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) 2020 ལོའི་ཟླ 12པའི་ཚེས 30ཉིན། ཐེ་བོ་རྫོང་གིས་ཏོག་གསར་གློ་ཚད་ནད་དུག་གི་འགོག་ཁབ་ཐོག་མ་རྫོང་མི་དམངས་སྨན་ཁང་ནས་བརྒྱབ་སྟེ་ལེགས་གྲུབ་བྱུང་ཞིང་། དེས་ཐེ་བོ་རྫོང་གིས་གཙོ་གནད་དུ་བཟུང་བའི་མི་ཚོགས་ལ་ཏོག་གསར་གློ་ཚད་ནད་དུག་གི་འགོག་ཁབ་རྒྱག་པའི་བྱ་བ་དངོས་སུ་འགོ་བརྩམས་པ་མཚོན་ཡོད།
ཐེ་བོ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཐེངས་འདིའི་འགོག་ཁབ་རྒྱག་པའི་བྱ་བར་མཐོང་ཆེན་ཚད་མཐོན་པོ་བྱས་ནས། འགོག་ཁབ་རྒྱག་པའི་བྱ་བ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱ་ཆེད། ཆེད་དམིགས་གྲོས་ཚོགས་ཐེངས་མང་དུ་འཚོགས་ཏེ། སྔོན་ལ་རྫོང་ཡོངས་ཀྱི་གཟབ་ནན་སྒོས་འགོག་ཁབ་རྒྱག་པའི་གྲ་སྒྲིག་བྱ་བ་བཀོད་སྒྲིག་བྱས་ཤིང་། འགོག་ཁབ་རྒྱག་པའི་ས་གནས་གཏན་ཁེལ་བྱས་པ་ནས་སྨན་གཡོག་མི་སྣའི་བྱ་བའི་གསབ་སྦྱོང་། སྨན་བཅོས་ཀྱི་སྒྲིག་ཆས་ཉོ་སྒྲུབ། བབ་བསྟུན་སྦྱོང་བརྡར་སོགས་ཀྱི་བྱ་ཐབས་སྒྲིག་བཀོད་ཞིབ་ཚགས་དང་འགོག་ཁབ་རྒྱག་པའི་འཆར་གཞི་ཞིབ་ཕྲ་བཟོས། འགོག་ཁབ་རྒྱག་པར་གཙོ་གནད་དུ་བཟུང་བའི་མི་ཚོགས་ལ་རྟོག་བཤེར་ཐེངས་མང་དུ་བྱས་ཤིང་། རང་མོས་ཀྱིས་འགོག་ཁབ་རྒྱག་པར་འོང་བའི་མི་སྣའི་གནས་ཚུལ་དུས་ཐོག་ཐོ་འགོད་དང་ལག་དེབ་བཟོས། འགོག་ཁབ་རྒྱག་པའི་ཉིན་དེར། འགོག་ཁབ་ལེན་པའི་བརྒྱུད་རིམ་ཚད་ལྡན་ཅན་གཟབ་ནན་གྱིས་ལག་བསྟར་བྱས་ཏེ། ཐེ་བོ་རྫོང་གི་ཏོག་གསར་གློ་ཚད་ནད་དུག་གི་འགོག་ཁབ་ཐོག་མ་དེ་བདེ་བླག་ངང་རྫོང་སྨན་ཁང་གི་འགོག་ཁབ་རྒྱག་སར་ཐོན་ཞིང་། འགོག་ཁབ་ཀྱི་བདེ་འཇགས་ཁག་ཐེག་བྱས།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
|