(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཞིང་ནི་དྲོད་གཤེར་ལྡན་དུས་རྨོ། བསྟུད་མར་ཉིན་ཤས་ལ། ཐེ་བོ་རྫོང་དབང་བཟང་གྲོང་རྡལ་སྒང་རིང་ཁ་སྡེ་བའི་ཞིང་ནང་དུ་ཏང་ཀུན་འདེབས་འཛུགས་བྱེད་པའི་བྲེལ་འཚུབ་ཀྱི་གཟུགས་བརྙན་མཐོང་རྒྱུ་ཡོད།
སྒང་རིང་ཁ་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་རྡོ་རྗེ་ཚེ་རིང་གིས“སྒང་རིང་ཁ་སྡེ་བར་ཐོག་མར་འདེབས་འཛུགས་ཁྱིམ་ཚང 3ལས་མེད། ཉེ་བའི་ལོ་ཤས་རིང་རྫོང་ཨུ་དང་རྫོང་སྲིད་གཞུང་། འབྲེལ་ཡོད་ལས་ཁུངས་དང་དབང་བཟང་གྲོང་རྡལ་བཅས་ཀྱི་སྲིད་ཇུས་དྲིལ་བསྒྲགས་བྱས་ཤིང་འདེབས་འཛུགས་གཞི་ཁྱོན་ལོ་རེ་བཞིན་ཆེ་རུ་བཏང་ནས་ལོ་རེར་ཆ་སྙོམས་ཁྱིམ་ཚང་རེར་ཡོང་འབབ་སྒོར་ཁྲི 1.5ཡས་མས་ཡོད”ཅེས་བཤད།
རི་ཁུལ་དུ་ཐོན་ཁུངས་ལ་ཚད་ཡོད་པ་དང་ཐོན་ལས་ཡག་པོ་འདི་འདྲ་རྙེད་པས་དེའི་ནང་ཞུགས་མཁན་གྱི་སྡེ་མི་ཇེ་མང་དུ་འགྲོ་གིན་ཡོད། ས་ཞིང་གིས་མི་འདང་བའི་གནས་ཚུལ་ལ་གཞིགས་ནས། སྒང་རིང་ཁ་སྡེ་བའི་ཏང་ཀྲི་པུའུ་ཡིས་ས་ཞིང་བསྡུ་སྒྲིལ་དང་། རྒྱུན་ཆད་མེད་པར་བསམ་བློ་འགྱུར་ལྡོག་བཏང་ནས་ཐོན་སྐྱེད་རྒྱ་སྐྱེད་དང་། ས་བོན་དང་འདེབས་འཛུགས་ལག་རྩལ་ལེགས་སུ་བཏང་བ་བཅས་བྱས་པར་ཏང་ཀུན་སྤུས་ཚད་མཐོ་རུ་ཕྱིན་པ་དང་ཐོན་ཚད་ལོ་རེ་བཞིན་མང་དུ་ཕྱིན་པ་མ་ཟད། མང་ཚོགས་ཀྱང་ཇེ་ཕྱུག་ཏུ་འགྲོ་བཞིན་ཡོད།
དབང་བཟང་གྲོང་རྡལ་གྱི་བྱ་བྱེད་མི་སྣས་གསར་འགོད་པར 2021ལོར་སྒང་རིང་ཁ་སྡེ་བར་འདེབས་འཛུགས་རྒྱ་ཁྱོན་མུའུ 120ལྷག་ཟིན་ནས་སྡེ་བ་ཡོངས་ཀྱི་ཁྱིམ་ཚང40ཏང་ཀུན་འདེབས་འཛུགས་ནང་ཞུགས་པ་དང་མུའུ་རེའི་ཐོན་ཚད་སྤྱི་རྒྱ 800ཟིན་ནས་དཔལ་འབྱོར་རིན་ཐང་སྒོར་ཁྲི 150ཟིན་པ་དང་། ཐོན་ལས་ཀྱི་སྤུས་ཚད་ཇེ་མཐོ་དང་ཕན་འབྲས་ཆེན་པོ་མངོན་འགྱུར་བྱུང་ཞིང་། མང་ཚོགས་ཀྱི་ཡོང་འབབ་འཕར་ནས་ཕྱུག་འགྱུར་ཐབས་ལམ་རྒྱ་ཆེར་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
སྔོ་ལྗང་རི་ཀླུང་དེ“གསེར་རི”ལ་བསྒྱུར་ནས་འཚོ་བ་ཇེ་བཟང་དུ་སོང་བ། དབང་བཟང་གྲོང་རྡལ་སྒང་རིང་ཁ་སྡེ་བ་མ་ཟད། ཐེ་བོ་རྫོང་བྱ་འབབ་ཤང་སྤེན་གཙང་སྡེ་བ། རྡོ་ར་ཤང་སྟག་ཡུལ་སྡེ་བ་སོགས་ཀྱིས་ཏང་ཀུན་འདེབས་འཛུགས་མཉམ་ལས་ཁང་དང་མང་ཚོགས་ཀྱིས་ཚོང་རའི་ཁྲིད་སྟོན་དང་གནས་བབ་ལ་བསྟུན་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཁྱད་ཆོས་ལྡན་པའི་ཀྲུང་ལུགས་སྨན་རྩྭའི་འདེབས་འཛུགས་ལས་རིགས་ཤུགས་ཆེན་པོས་བསྐྲུན་ཏེ། ས་ཞིང་སྤོ་སྒྱུར་དང་། ངལ་ལས་ཡོང་འཕར། མཉམ་ལས་མཉམ་ཁེ་བཅས་ཀྱི་ཕྱུག་འགྱུར་ལམ་བུ་ཞིག་གཏོད་བཞིན་ཡོད།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
|